འབའ་སྲས།
རི་ཚོགས་སྟོང་གིས་མཐོང་བ་བཅད་པའི་རྒྱང་ཐག་རིང་བའི་ཡུལ་ཞིག་ན།།
གཡོ་མེད་དམ་བཅའ་རྡོ་ལ་བརྐོས་པའི་ཁོ་བོའི་སྙིང་གི་མཛའ་ན་མོ།།
བདག་གི་མིང་གི་འཛིན་པ་མ་དོར་སེམས་ཀྱི་བརྩེ་དྲོད་མ་ཉམས་པར།།
དྲན་གདུང་མིག་གི་སྐྱོ་བའི་མཆི་མས་བྲང་ཁ་བརླན་བཞིན་གནས་བཅོས་ཡོད།།
བརྩེ་བའི་མཛའ་བོ་རྒྱང་ལ་བཞུད་ནས་སེམས་ཀྱི་ཁང་ཆུང་སྟོང་བར་ལྷག །
བརྩེ་བའི་མེ་དྲོད་རུམ་ནས་ཆས་པས་ཡ་ཆུང་བྲང་ཁོག་འཁྱག་པས་བསྡམས།།
ཕན་ཚུན་འཁྱུད་པའི་མེ་ཏོག་སྐམ་པས་ལྗོན་ཤིང་ཧྲེང་བོ་གཅིག་བུ་ལངས།།
སྐལ་བཟང་དབྱར་གྱི་ཆར་ལ་རེ་ནས་སྨོན་པའི་ཆུ་འཛིན་ཁོང་ནས་དཀྲིགས།།
ཁ་པར་རེ་རེ་གཏོང་ཐེངས་རེ་ལ་མིག་གི་མཆི་མ་རེ་རེ་གཏོར།།
དྲན་པའི་སྙིང་གཏམ་བཤད་ཐེངས་རེ་ལ་སྐྱོ་བའི་ངུ་སྐད་ཐེངས་རེ་ཤོར།།
ཁྱོད་ནི་བདག་གི་ཡོད་ཚད་ཡིན་ནོ་ཁྱོད་ནི་མེད་ན་ང་མེད་ཅེས།།
སྐྱེ་བ་མི་མཉམ་འཆི་བ་མཉམ་པའི་སྲོག་གི་དབང་བོ་གཅིག་ཏུ་བྱེད།།
བདག་ཀྱང་དེ་བཞིན་ཁྱོད་དང་འདྲ་བའི་ཁྱོད་དང་གྱེས་པའི་ཉིན་མོ་ནས།།
གདོང་གི་རྒྱས་པའི་འཛུམ་མདངས་བོར་ཞིང་ཁོག་གི་དགའ་བའི་སྤྲོ་བ་ཉམས།།
ཞིམ་པོ་ཟས་ལ་འདོད་པ་མེད་ཅིང་འཇམ་པོ་གོས་ཀྱི་དྲོད་ཁ་ཡལ།།
ཁྱོད་དང་ངེད་གཉིས་ཕན་ཚུན་དྲན་པའི་སེམས་པ་དམར་པོ་གཅིག་ལ་གཅིག །
ཁྱོད་ཀྱིས་ང་རང་དྲན་གི་མ་གསུངས་ངས་ཀྱང་ཁྱེད་རང་ཤིན་ཏུ་དྲན།།
ཁྱོད་ཀྱིས་སྐྱོ་གདུང་བདག་ལ་མ་བརྗོད་བདག་གི་སྡུག་བསྔལ་དེ་ལས་ལྕི།།
ཁྱོད་ཀྱིས་ཉིན་མ་མི་འགྲོ་མ་གསུངས་ངས་ཀྱང་ནམ་མཁའ་ལངས་པར་དཀའ།།
ཁྱོད་ཀྱིས་གཅིག་བུ་མི་སྐྱིད་མ་ཟེར་བདག་ཀྱང་གཅིག་བུ་བསྡོད་པར་དཀའ།།
སྐར་ཆ་རེ་དང་དུས་ཚོད་རེ་ནང་ཁྱོད་ཉིད་ཁོ་ན་སེམས་སུ་དྲན།།
དྲན་པའི་ཉིན་མ་རེ་རེ་འདས་ནས་སྐྱོ་བའི་ཟླ་བ་རེ་རེ་འཁོར།།
སྐྱོ་བའི་ཟླ་བ་ཟླ་བར་བརྩེགས་ནས་དྲན་གདུང་ལོ་ཡི་འཁོར་ལོ་འཁོར།།
དྲན་གདུང་ལོ་དང་ཟླ་བའི་བར་ནས་བདག་གི་ལང་ཚོ་ཉམས་པར་གྱུར།།
ཉམས་པའི་ལང་ཚོ་སྟོབས་ཀྱིས་མ་ལྕོགས་དྲང་བའི་སྐྱེས་གཟུགས་སྒུར་བར་གྱུར།།
དཀར་མདངས་གསལ་བའི་ངོ་གདོང་ལ་ནི་གཉེར་མའི་བང་རིམ་བརྩིགས་ནས་ཡོང་།།
དྲན་ཤེས་གསལ་བའི་བློ་རིག་འདི་ཡང་འཁྲུལ་ཤེས་མུན་པས་བསྒྲིབས་ནས་བསླེབས།།
གང་ལ་བལྟས་ན་ཁྱོད་ཀྱི་གཟུགས་བརྙན་ཁྲ་ཆུང་མིག་ལ་ཕབ་ནས་ཡོང་།།
ད་ནི་རང་སེམས་རང་ལ་མི་དབང་ཧ་ལམ་བདག་ནི་སྨྱོན་པར་གྱུར།།
ནམ་མཁའི་སྤྲིན་པར་ཀི་རིང་བཏབ་ནས་ཁྱོད་ཀྱི་མིང་གི་ཡང་ཡང་བོས།།
མཛེས་པའི་མེ་ཏོག་ཁྱོད་ལ་འཁྲུལ་ནས་འདབ་མ་དག་ཏུ་ལག་པས་བྱིལ།།
མཛེས་པ་གང་ཞིག་གང་ནས་མཐོང་ཡང་ཁྱོད་ལ་འཁྲུལ་བའི་སྣང་བ་སྟེར།།
འཇིག་རྟེན་བརྩེ་བ་འཇིགས་རུང་ཡིན་པ་ད་ནི་བདག་གིས་ཤེས་པར་གྱུར།།
བརྩེ་བ་ཟབ་མོ་ཟད་མཐའ་མེད་པ་དེ་ཡང་བདག་གིས་ཡོངས་སུ་ཤེས།།
ཁྱོད་ནི་བདག་དང་བྲལ་བར་གྱུར་ན་བདག་ལ་བདེ་སྐྱིད་མེད་པ་རྟོགས།།
སྙིང་སྡུག་ཁྱོད་ཀྱི་ལག་པའི་མཐིལ་ན་བདག་གི་མི་ཚེ་ཡོད་པ་ཤེས།།
ཉོན་དང་བྲམ་ཟེ་ནག་མོ་ཁོལ་གྱིས་དགའ་མ་རབ་ཏུ་དྲན་གྱུར་ནས།།
ཤིན་ཏུ་སྤོམ་པའི་དཔུང་བ་སྟོབས་པོ་ཕྲ་ཞིང་ཕྲ་བར་གྱུར་ཅེས་གྲགས།།
དགའ་མ་དེ་ཡང་གདུང་བར་གྱུར་ནས་ཉིན་ཞག་ཕྲེང་བ་མཆི་མས་བགྲངས།།
ཆེན་པོ་རྣམས་ཀྱང་དེ་བཞིན་ཡོད་ན་ཕལ་བ་ངེད་གཉིས་ཅི་ལྟར་མིན།།
བརྩེ་བའི་དབང་གིས་སྡུག་བསྔལ་མྱོང་བ་དོན་ཀྱིས་བཤད་ན་བདེ་བ་སྟེ།།
བདེ་བ་འདི་ཡི་ལོངས་སྤྱོད་འཐོབ་ན་འབྱོར་བའི་དངོས་པོ་མི་དགོས་ཤིང་།།
རཱ་མ་ཎ་ཡིས་རྒྱལ་ས་དོར་ཏེ་སི་ཏ་འཁྲིད་ནས་དབེན་པའི་ནགས།།
ཁྱིམ་དུ་བྱས་ནས་འདོད་པའི་བདེ་བ་ལོངས་སུ་སྤྱད་པའི་ཚུལ་ལ་ལྟོས།།
དེ་ལྟར་ཁྱོད་དང་ངེད་གཉིས་ལ་ཡང་ཟབ་མོ་བརྩེ་བའི་ནོར་ལྡན་ན།།
ཁབ་དང་སྐུད་པའི་འབྱོར་བ་ཙམ་ཡང་འཐོབ་པ་མེད་ཀྱང་བདག་ལ་ཆོག །
ཕྱུག་པོ་དག་གི་སྒོ་འགྲམ་ཉུལ་ནས་སློང་མོ་བ་ཞིག་བྱེད་དགོས་ཀྱང་།།
མཉམ་འགྲོ་མཉམ་འདུག་དུས་ཤིག་ཤར་ན་ངེད་གཉིས་ལ་ནི་དེ་ཡིས་ཆོག
བླ་མའི་དྲུང་གི་མདུན་ཅོག་སྟེང་ན་ངེད་གཉིས་འཕྲད་པའི་སྨོན་ལམ་ཞིག །
ཤོག་བུ་དཀར་པོའི་གསེར་ཡིག་ངོས་ན་ངེད་གཉིས་འགྲོག་པའི་མིང་ཡིག་ཅིག །
ཁྱིམ་གཞི་ཞིག་གི་ཐབ་ཀའི་འགྲམ་ན་ངེད་གཉིས་སྡོད་པའི་ལས་དབང་ཞིག །
ཡོོད་ན་དྲན་པའི་གདུང་བ་མི་རིང་ནམ་ཞིག་ངེད་གཉིས་འཛོམས་པར་འགྱུར།།
ཉིན་མ་དེ་ནི་བཀྲ་ཤིས་ཉིན་མ་ཀུན་འཛོམས་ལྡན་པའི་ཉིན་མོ་སྟེ།།
རྟ་མཆོག་བདུན་གྱིས་འདྲེན་པའི་ཤིང་རྟ་ཉི་མའི་བུ་ཡིས་ཁ་བསྒྱུར་ནས།།
སྙིང་སྡུག་ཁྱོད་ནི་བསུ་བའི་སླད་དུ་འགྲོ་བ་བཞིན་དུ་ནུབ་དུ་བཞུད།།
ཞོགས་པའི་ཉི་མའི་དཀྱིལ་འཁོར་དང་འགྲོགས་ཁྱོད་ནི་བདག་སར་བསྐྱེལ་བར་ངེས།།