རྨ་རྒྱལ་སྦོམ་ར།
པོ་ཏ་ལ་ཡི་མདུན་ནས་ཕྱིར་མིག་སྤྱན་ཆབ་ཉིལ་ལེ།།
སྤོབས་པའི་རྒྱལ་དར་ཁུར་ནས་གྱེས་ཕྱག་མི་ཞུ་ག་མེད།།
བོད་པ་ཚང་གི་བདེ་སྡུག་བརྩེ་བའི་རུམ་ལ་བཅུག་སོང་།།
ཡར་ལུང་གཙང་པོ་བརྒྱུད་ནས་ཧི་མ་ལ་ཡ་བརྒལ་སོང་།།
ལྷབ་ལྷུབ་བསྐྱོད་པའི་གཟན་ཤམ་རླུང་གིས་ཟད་ནས་སོང་ཡང་།།
རྟ་དྲེལ་རྨིག་རྗེས་གོར་མོ་ཧིན་ངྷི་རྒྱ་མཚོར་དཔར་ཡོད།།
འཚེ་མེད་ཞི་བའི་ལྟ་གྲུབ་འཛམ་གླིང་ཁྱོན་ལ་ཞུས་ཡོད།།
ཞི་བདེའི་གསེར་ཀྱི་གཟེངས་རྟགས་སྟོན་པ་ཁྱེད་ལ་ཐོབ་སོང་།།
མི་ལོ་ང་དགུའི་རིང་ལ་ཕ་ཡུལ་ཐུགས་ནས་དྲན་བཞིན།།
ས་ཡ་དྲུག་གི་དོན་དུ་ས་མཐའི་ཡུལ་གྱི་མགྲོན་པོ།།
ཡིད་ལ་ཡང་ཡང་དྲན་བཞིན་དད་པའི་གསོལ་འདེབས་ཞུས་ཏེ།།
པོ་ཏ་ལ་རུ་ཕེབས་པར་རེ་བའི་ཐལ་མོ་སྦྱར་ཡོད།།
གཟི་མདངས་ཉི་མ་སེར་པོ་བོད་ཡུལ་ཁམས་ནས་ཤར་ན།།
ཉ་གང་ཟླ་བ་དཀར་པོས་སྤྲིན་ནག་ཡོལ་བ་ཕྱེད་ཐུབ།།
དད་ལྡན་སྐར་ཚོགས་ཕྲ་མོས་ཉི་ཟླ་གཉིས་ཀ་བསྐོར་ན།།
བརྗིད་ལྡན་གངས་རི་དཀར་པོ་དབུ་འཕང་སྔར་ལས་ལོས་མཐོ།།
ད་ལོ་དགུང་གྲངས་གྱ་གཉིས་ཡིན་ལ་དྲན་ན་སྐྲག་ཀི།
ཆོས་སྲིད་བསྟན་པའི་དོན་དུ་སྐུ་ལ་ངལ་བ་ཆེ་ཀི།
བླ་མའི་བཀའ་ཆོས་ཟབ་མོ་འཛམ་བུ་གླིང་ལ་ཁྱབ་ཀྱང་།།
ཕ་གཞིས་བོད་ཡུལ་ཁམས་ནས་དྲན་པའི་མིག་ཆུ་བཞུར་གི།
གཞིས་བྱེས་གྱེས་འཛོམས་བསྐལ་བ་མྱུར་དུ་ཤར་ན་བསམ་བྱུང་།།
སྟོན་པའི་གསེར་ཞལ་གོར་མོ་ཡང་ཡང་མཇལ་ན་བསམ་བྱུང་།།
དཀར་དམར་ཕོ་བྲང་མཐོན་པོ་དྲོད་ཅིག་རྒྱས་ན་བསམ་བྱུང་།།
དྲན་གདུང་མིག་ཆུའི་བཞུར་རྒྱུན་སྐྱིད་ཆུའི་གཞུང་ལ་འདྲེས་སོང་།།
༢༠༡༦/༡༢/༡༦ དགོང་མོར་རྨ་རྒྱལ་སྦོམ་རས། ཆུ་ཚོད་༡:༣༩
༅༅། བོད་ནས་འབྱོར་བའི་དྲན་གདུང་མིག་ཆུ། ཀློག་དུས་རང་དབང་མེད་པར་མིག་ཆུ་།
ས་མཐར་སྡོད་མཁན་བདག་ནས་ཐོན་སོང། མཆོག་གསུམ་ནམ་ཡང་སྐྱོབས་དང་བོད་མི།
གཟིགས་སམ་བོད་གཞིས་གཉིས་ཀྱི་སྐྱིད་སྡུག། སླར་འཛོམས་ཡོང་བའི་ལྕགས་ཀྱུའི་འཛིན་རོགས།