བཀྲ་ཤིས་དོན་འགྲུབ།
ཁུ་སིམ་སིམ་གྱི་མཚན་མོར
ཐག་རིང་ཐག་རིང་ནས་ཉེ་འགྲམ་དུ་མཆེད་པའི
འཁྱམ་ཁྱིའི་ངུ་ཟུག
ཉེ་འགྲམ་ཉེ་འགྲམ་ནས་ཐག་རིང་དུ་ཡལ་གྱིན་པའི
རྐང་གླིང་གི་ཤུར་སྒྲ་དང་འདྲེས་དུས
སྒེའུ་ཁུང་ལས་འཛུལ་བའི
བསིལ་རླུང་འཇམ་པོ་ཞིག་གིས
སྲིན་བལ་ལྟར་ཡང་བའི་དྲན་ཤེས་ཟ་ཟི
རྨི་ལམ་ལྟ་བུའི་འདས་དོན་གྱི་ཀློང་དུ་བསྐྱལ་བ
བགྲང་གིས་མི་ལང་ཨང
ཆུ་སྣོད་ལྟ་བུའི་དྲན་གདུང་གི་ཁྲོད་ན
ཟླ་གཟུགས་ལྟ་བུའི་འདས་དོན་མང་པོ
འཆར་ཙམ་ཡལ་ཙམ
འཆར་ཙམ་ཡལ་ཙམ་བྱེད་པས
དགོད་དགོས་པ་མང་པོ་ཞིག་དང
ངུ་དགོས་པ་ཡོད་ཚད་ཚང་མ
འདས་དོན་ཞིག་གི་ཆེད་དུ་ཡིན་ནམ
ཡང་ན དྲན་གདུང་ཞིག་གི་ཆེད་དུ་ཡིན
མུན་པ་ཇི་ལྟར་གནག་རུང
དར་ལྕེ་གཡུག་པའི་ཕེག་སྒྲ
གཏན་ནས་འཇགས་ཐབས་མི་འདུག
ཐ་ན རལ་ཧྲུལ་དུ་སོང་ཡང
རལ་ཧྲུལ་གྱི་སྐྱོ་སྡུག་ཁུར་བའི
“རླུང་གིས་ཟད་པའི་ལྷམ་ཆུང”
སོང་ནས་སླེབས་དུས་མེད་པའི་འགྲུལ་པ་ཞིག་དང་འདྲ་བས
གཏན་ནས་སྡོད་མི་སྲིད་ལ་སྡོད་ཐབས་མི་འདུག
ཐ་ན རལ་ཧྲུལ་དུ་སོང་ཡང
ནམ་མཁའ་སྤྲིན་གྱིས་བསྒྲིབས་འདུག
སྤྲིན་པ་ཆར་ཆུར་འགྱུར་སོང
ཆར་ཆུ་མིག་ཆུར་བཞུར་བྱུང
འདི་ལྟར འཚོ་བ་ནི་དྲན་གདུང་གི་མིག་ཆུ་ཡིན་ནམ
མི་ཚེ་ནི་མུན་ཁྲོད་ཀྱི་དར་ལྕེ་རལ་པོ་དེ་ཡིན་ནམ
ཡང་ན ཡོད་ཚད་ནི་“རླུང་གིས་ཟད་པའི་ལྷམ་ཆུང་”དེ་ཡིན … …
ཁྱེད་ཀྱི་སྙན་ངག་འདིའི་ཚིག་གྲུབ་འདྲ་མཚུངས་ཀྱི་སྡེབ་སྦྱོར་ནི་ཡིད་དུ་འོང་ཞིང་བློ་ལ་འབབ་པ་ཞིག་འདུག་པ་དཔེར་ན་་་་་་་་་་
ཐག་རིང་ཐག་རིང་ནས་ཉེ་འགྲམ་དུ་མཆེད་པའི
འཁྱམ་ཁྱིའི་ངུ་ཟུག
ཉེ་འགྲམ་ཉེ་འགྲམ་ནས་ཐག་རིང་དུ་ཡལ་གྱིན་པའི
རྐང་གླིང་གི་ཤུར་སྒྲ་དང་འདྲེས་དུས ་་་་་་་་་་་་་་
ད་དུང་་་་་་་་་
ཆུ་སྣོད་ལྟ་བུའི་དྲན་གདུང་གི་ཁྲོད་ན
ཟླ་གཟུགས་ལྟ་བུའི་འདས་དོན་མང་པོ
འཆར་ཙམ་ཡལ་ཙམ
འཆར་ཙམ་ཡལ་ཙམ་བྱེད་པས
དགོད་དགོས་པ་མང་པོ་ཞིག་དང
ངུ་དགོས་པ་ཡོད་ཚད་ཚང་མ
འདས་དོན་ཞིག་གི་ཆེད་དུ་ཡིན་ནམ
ཡང་ན དྲན་གདུང་ཞིག་གི་ཆེད་དུ་ཡིན
ཁྱེད་ཀྱི་སྙན་ངག་འདི་ཀློག་དུས་རང་ཉིད་འདས་དོན་ཟབ་མོ་ཞིག་གི་ནང་ལ་ངང་གིས་ལྷུང་འགྲོ་ཞིང་གློག་བརྙན་ལྟ་བུའི་གཟུགས་རིས་མི་འདྲ་་མང་བོ་ཞིག་ཀྱང་ག་ལེར་སེམས་ངོར་འཚང་ཡོང་གིན་འདུག
ངོ་མ་ཡག་གི་ཡ་་་་
ངའི་སྙན་ངག་ཡིན་ཁུལ་གྱི་ཚིག་རྐང་ཆག་མ་འདི་ཚོས། ཁྱེད་ལ་དེ་འདྲའི་ཚོར་སྣང་ཞིག་སྦྱིན་ཐུབ་པར་ང་རང་དགའ་པོ་བྱུང་། ཐུགས་རྗེ་ཆེ།