མདའ་ཆབ་བྲག་པས།
གོ་ལ་ཟླུམ་པོ་གནས་ཚང་བསམ་ན་ཡུན་རིང་གསོན་པའི་རེ་ཐག་ཆད་ཀྱང་།།
རྩེད་གྲོགས་བུ་མོའི་བྱམས་བརྩེ་དྲན་ན་ཡུན་རིང་འཚོ་བའི་འདུན་པ་འཁོར་ཡོང་།།
ད་ནངས་ཞོགས་པ་ཤར་བའི་ཉི་མ་ད་ལྟ་ནུབ་རིའི་ཕག་ཏུ་ཡལ་པས།།
བྱ་ཚོགས་རྣམས་ཀྱིས་གཤོག་ཟུང་རྡེབ་བཞིན་སོ་སོའི་གནས་སའི་ཚང་ལ་འཕུར་ན།།
ཟམ་པ་རིང་པོ་ཞིག་གི་སྟེང་ན་གྲོགས་མེད་ཁེར་རྐྱང་ཉབ་བེ་ཉོབ་བེས།།
ལྟེ་ཁྲག་འཕོ་སའི་ཕྱོགས་སུ་ཅེར་པའི་མིག་མཐའ་མཆིལ་མས་བརླན་པར་འདུག་གོ།
སྐད་ཅིག་སྐད་ཅིག་གཉེན་གྲོགས་འདས་ཚེ་སེམས་པའི་འཕར་ལྡིང་འཇོག་མཚམས་མི་འདུག།
མ་མཇལ་ཨ་ཁུ་ཞིང་ལ་གཤེགས་པས་སྙིང་གི་རུས་པ་དུམ་བུར་ཆག་སོང་།།
མ་ལོ་དུངས་པས་མིག་ཆུས་བརླན་པ་སེམས་པའི་ཁོད་ལས་ལྡོག་ཐབས་མི་འདུག།
ཕ་ལོས་བུ་ལ་བསྒུག་པའི་དུངས་པ་དྲན་ཐེངས་རེ་ལ་ལུས་པོ་སྦྲིད་འགྲོ།།
བཙན་གྱིས་བཀག་ཅིང་ས་མཐའ་ཞིག་ན་གཉེན་ཚན་དྲན་པ་སེམས་ཀྱི་ཁུར་བོ།།
ཐུག་འདོད་དྲན་གདུང་བྲག་ལ་བཤད་ན་བྲག་དམར་མགོ་བོ་གཡོ་གཟུར་བརྗེ་གི།།
ག་ཆད་གདུང་པས་ཅི་ཙམ་ངུས་ཀྱང་སུ་དང་གང་གིས་མགོན་སྐྱབས་མ་མཛད།།
མི་ལོ་ཉི་ཤུའི་ལྟེབས་ཁུག་ཅིག་ཏུ་མེ་ཏོག་ལང་ཚོ་དལ་གྱིས་ཡལ་ཏེ།།
བྱམས་བརྩེ་འཛུམ་འདངས་ཨ་མའི་ཞལ་རས་མི་མངོན་ནམ་མཁའི་དབྱིངས་ལ་ཕེབས་དུས།།
གློ་སྙིང་ཁོག་ནས་ཐང་ལ་ལྷུང་འདྲའི་ལུས་ཟུངས་ཤ་ཁྲག་གཟུངས་ཐག་ཆད་ཐལ།།
མཐོང་བའི་མིག་ལམ་དམར་སང་སང་གིས་བགྲོད་བྱེད་རྐང་པའི་འདེགས་འཇོག་མ་འཆག།
ཁ་སྦུབ་མལ་གདན་འཇམ་པོའི་མཐིལ་དུ་མིག་ཟུང་ལག་པའི་དམ་གྱིས་འཕུར་བཞིན།།
སྐྱོ་གདུང་སྡུག་བསྔལ་མིག་ཆུར་བརྗེས་ཀྱང་ལུས་ཀྱི་བྲང་ཁོག་ལྗིད་ཀྱིས་མནན་ལགས།།
གཡོ་འགུལ་རྒོད་པའི་ཚོར་སྣང་ཞིག་ལ་ཡོད་ཚད་སྟོང་པའི་དབྱིངས་ལ་ཡལ་ཞིང་།།
སྣ་ཚོགས་འཛོམས་པའི་གྲོང་ཁྱེར་ཆེན་མོ་དབེན་ཐང་ཐང་གི་རི་ཁྲོད་འདྲ་བྱུང་།།
མི་རྐྱང་འཁྱམ་པོའི་འཚོ་བ་སྐྱུར་མོ་ས་མཐའི་ཡུལ་དུ་ཡུན་རིང་བསྲིངས་པས།།
ཆུང་འདྲིས་སེམས་མཐུན་མཛེས་མའི་གདོང་ལ་ད་ལྟ་མི་འདོད་སྙེར་མས་ཁེངས་འདུག།
ཡིད་འོང་ནག་སྣུམ་སྐྲ་ལོའི་མདངས་ལ་རྒས་རྟགས་དཀར་པོས་སེ་ཐིག་ལྷུང་ཚེ།།
མི་འགོར་གཤིན་རྗེ་རྒྱལ་པོས་འབོད་པ་ན་ཟླ་འུ་ཅག་སྟེང་དུ་བསླེབ་ལ།།
བདེ་ཞིང་སྐྱིད་པའི་རང་དབང་མང་གཙོ་འཇིག་རྟེན་འདི་ན་ཡོད་སྐད་གྲགས་ཀྱང་།།
དམར་ཕྱོགས་བཙན་པོའི་གྲུ་ཁ་ཞིག་ནས་བདེ་བ་དབུགས་ཙམ་རྙེད་པ་མ་བྱུང་།།
སྐྱིད་སྡུག་རེས་མོས་འཇིག་རྟེན་འདི་ནས་ཡུན་རིང་འདུག་པའི་རེ་བ་ཟད་པའི།།
སྐྱིད་ལ་རེ་བའི་ནོར་རྫས་ཁམ་གང་སྡུག་ལ་བསྐྱུར་པའི་འགོང་པོ་གྱུར་སོང་།།
མེས་བོས་བུ་ལ་བཞག་པའི་རྒྱུ་ནོར་གངས་ལྗོངས་ཡུལ་གྱི་རྩྭ་ཐང་ཆེན་མོར།།
རུས་ཀྲང་ས་ལ་མ་འཐོར་གོང་དུ་རྐང་པའི་ཤུལ་རྗེས་ཐེངས་གཅིག་འཇོག་པ།།
ཕྱི་གླིང་རྒྱ་མཚོའི་ཕ་རོལ་ཞིག་ནས་བསྒུག་པའི་རེ་འདོད་ཉག་ཅིག་ཡིན་པས།།
ཉིན་ཞག་འཁོར་འགྲོས་ལོ་ཟླ་ཁྲོད་དུ་རེ་བའི་འདུན་པ་ལྷ་ལ་བཅོལ་བཞིན།།
སོར་མོ་སྙིམ་པ་སྙིང་ཁར་གཏད་ནས་བསླུ་མེད་མཆོག་ལ་དད་པས་བཏེགས་ཡོད།།
སེམས་ཁྲལ་མ་བྱེད། ཡུལ་ལ་འགྲོ་ཐུབ་ནི་རེད།
སྙན་རྩོམ་འདི་ཡིས་ཕ་མར་དགའ་བའི་བུ་ཕྲུག་ཡོངས་ལ་སྐྱོ་སྣང་བྱིན་སོང་། །དུས་རབས་གསར་པའི་འགྱུར་འགྲུས་འཁྲོད་ནས་འདི་འདྲ་འབྱུང་པར་དཀའ་བ་གདའ་ལགས།
ཨ་དགའ་ཆབ་བྲག།
དཀར་རོའི་དགེ་བ། སྙན་རྩོམ་འདི་སྙན་གི་ཟེར་རྒྱོ་ཅིག་དཀའ་འི་རེད། མི་སྙན་གི་ཟེར་རྒྱོ་ཡང་དཀའ་འི། ད་ཆི་ཟིག་འདྲ་ཟིག་བཤད་དགོས་མི་ཤེས་འི་རེད། ཁྱོ་རྗེས་མ་ཡུལ་ལ་འགྱོ་ཞོར་ལ་ངའི་ས་ཕྱོགས་ཡུལ་ཕྱོགས་གི་མྱི་དེ་ཚོ་ལ་སྙན་ཚིག་འདི་ཚར་གཅིག་ཀློག་རོགས་ཞུ།
དྲ་གྲོགས་ཁྱེད་ཀྱི་ཚིག་དོན་གཉིས་ཀ་ངའི་སེམས་ཀྱི་ལྡེབས་རིའི་ངོས་སུ་མཛེས་དཔྱོད་ཀྱི་ཚོར་སྣང་ཟབ་མོ་ཞིག་གི་ཚུལ་དུ་བཀོད་ཡོད་པས་བཀའ་དྲིན་ཆེ།
རྩོམ་ཡིག་འདི་ཀློག་པ་པོ་དང་མཆན་འབྲི་བ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།