རེབ་ཐོག་མདའ།
ནམ་ཟླ་དབྱར་ཁ་ཚེས་པའི་དུས་ཚིགས་ཤིག་ལ།།
ལས་མཐུན་བུ་མོ་སེམས་ཀྱི་ཟབ་སར་འཁྲུངས་སོང་།།
ཚོར་སྣང་ངག་ནས་གློད་པའི་ཉིན་ནུབ་ཁྲོད་ནས།།
དྲན་གདུང་རི་མོ་སྐད་འཕྲིན་གདོང་ལ་བབས་ཐལ།།
ཉི་མ་མཛུབ་རྩེར་བགྲང་ནས་ཁྱོད་རང་གླེང་ཡིན།།
ཟླ་བ་མལ་དུ་བཟུང་ནས་ཁྱོད་ལ་བསྒུགས་ཡིན།།
རྒྱང་རིང་གངས་རིའི་གྲོང་གི་སྙིང་སྡུག་བུ་མོ།།
ལས་ཀྱི་མདུད་པའི་སྣེ་མོ་བསྡམས་ན་བསམ་ཡོད།།
སྨོན་ལམ་ལྷ་ལ་བཏབ་ནས་ཚིག་གསུམ་ཞུས་ཡོད།།
དམ་བཅའ་སྙིང་ལ་བརྐོས་ནས་མནའ་ཆེན་བསྐྱལ་ཡོད།།
མི་ཚེའི་སྐྱིད་སྡུག་སྔོན་ནས་བརྐོས་པ་བདེན་ཡང་།།
ཁྱོད་ནི་བདག་གི་འཚོ་བའི་ཁ་དོག་ཡིན་སོང་།།
སྒེག་དང་ཉམས་ཀྱིས་ཕྱུག་པའི་ཡིད་འགུག་མེད་ཀྱང་།།
སེམས་དང་སེམས་པ་འདྲེས་པའི་ལོ་ཟླའི་ཁྲོད་ནས།།
མཚམས་རེར་ངུ་ལ་ལན་རེར་འཛུམ་གྱིས་བཞད་པས།།
གཤིས་བཟང་ཕ་ཡུལ་བུ་མོ་ལྷག་ཏུ་དྲན་སོང་།།
བུ་མོ་སྣ་འཛོམས་འདུ་བའི་རྡ་སའི་རི་ན།།
ཤར་ནུབ་ཡུལ་གྲུའི་མཛེས་ལྡན་ལྷ་མོ་མང་ཡང་།།
ལྷད་མེད་བརྩེ་བའི་ནང་སེམས་གཏིང་ནས་འཕྲོག་པས།
ལྷ་ལྡན་ཞིང་དུ་བཞུགས་པའི་ཁོ་མོ་དྲན་འོངས།།
དུས་ཀྱི་འཁོར་ལོ་རྒྱང་ནས་རྒྱང་ལ་བཞུད་སོང་།།
དྲན་གདུང་སེམས་ལ་རྨ་མེད་གཟེར་ཞིག་བརྒྱབ་ཐལ།།
ཁེར་རྐྱང་འཚོ་བའི་ཁྲོད་ཀྱི་བསམ་གཞིགས་ལྗི་མོ།།
སྙིང་སྡུག་བུ་མོའི་ཕྱོགས་ལ་འཚང་ནས་ཤོར་ཐལ།།
གྱེས་བྲལ་བར་ཐག་རི་དང་གཙང་པོས་བཅད་ཀྱང་།
བུ་མོས་མིག་ཆུ་མ་ལྷོད་བདག་སེམས་སྐྱོ་འགྲོ །
སྔོན་བསགས་ལས་ཀྱིས་བཏབ་པའི་འབྲས་བུ་ཡོད་ན།།
མཇལ་འཛོམས་སྣེ་མོ་འཛུམ་དང་སྤྲོ་དགས་བསུ་ཆོག །
བོད་ཀྱི་དཔེ་མཛོད་ཁང་ནས་བྲིས།