རིགས་འཛིན་བསོད་ནམས།
རིག་གནས་གསར་བརྗེའི་རླང་འཚུབ་དེས། རི་ལུང་ཐང་གསུམ་ནས་མའོ་ཙེ་ཏུང་གི་དཔར་མཐོང་བ་དང༌། ལ་དགུ་ལུང་དགུ་ནས་མའོ་ཙེ་ཏུང་གི་སྐད་ཆ་གོ་བ་ཞིག་བྱས། དེ་ནི་གཞན་གང་ཡང་མ་རེད། རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་ནས་མི་དམངས་ཀྱིས་མའོ་ཙེ་ཏུང་དཔར་རིས་ཀྱི་ངོས་ནས་མཐོང་བ་དེ་རེད།
ལོ་དེར། པེ་ཅིན་གཞུང་གིས་མའོ་ཀྲུའུ་ཞི་ཤི་སོང་བ་དེ་མྱ་ངན་གྱི་དབྱངས་རྟར་དྲངས་ནས་རྒྱལ་ཡོངས་ལ་བསྒྲགས། སྐབས་དེ་འདྲ་ཞིག་ལ། པེ་ཅིན་དང་རྒྱང་ཐག་རིང་བའི་རི་གྲོང་མང་པོ་ནས། ད་ནི་གཞི་ནས་ངལ་གསོ་ཞིག་སླེབས་པའི་ཚོར་སྣང་དང་བཅས་ཏེ། རེ་བ་གཞན་ཞིག་གི་སྣེ་མོར་འཇུས། དེ་ནི། ཆེས་གཞི་རིམ་གྱི་འདོད་འདུན་ཙམ་སྟེ། ཟ་མ་རྒྱགས་ཚད་ཅིག་བཟའ་རྒྱུ་ཡོང་ངེས་སུ་སྙམ་པ་དེ་རེད། ཡིན་ནའང༌། བདེ་སྐྱིད་ཀྱི་འཚོ་བ་དེ་ཐག་ཇེ་རིང་དུ་སོང༌། ལྟོ་བ་འགྲངས་ཙམ་ལས་ལེགས་པ་ཞིག་དོན་ཐོག་ཏུ་སྨིན་མགོ་བརྩམས། རྒྱ་ནག་གཞུང་གིས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཞེས་སྒྲོག་པའང་དོན་ལ་ནི། ལྟོ་གོས་ཀྱི་གནད་དོན་ཙམ་ལ་ཟེར་གྱི་ཡོད་ན་ལས་བོད་མི་ཚོའི་གནམ་ས་བླ་འོག་ནི་མ་བརྗེ་བར་འདུག དཔེར་ན། གནའ་བོའི་གྲོང་ཁྱེར་ལྷ་སའི་ཁ་དོག་ཡོངས་སུ་བརྗེས་ཡོད་པ་འདི་ནི། བོད་མི་ཚོས་རང་ཉིད་ཀྱི་ཁ་དོག་གཞན་གྱིས་བསྒྱུར་གྱིན་པར་ངོས་འཛིན་ཅིང་ཡོད་པ་དང༌། རང་ཉིད་འཆི་ལམ་དུ་བརྫངས་པའི་ལོ་ཟླ་ཞིག་ཏུ་ངོས་འཛིན་པ་ཡིན།
ལོ་དེར། མའོ་ཙེ་ཏུང་ཤི་སོང་བ་རེད་ཟེར། ཨ་ཡེས་ཚེ་མོ་རྒྱལ་ལ་མཚོན་ན། མའོ་ཀྲུའུ་ཞི་ཤི་བ་ལས་མའོ་ཙེ་ཏུང་ཤི་མེད་པ་འདྲ་སྙམ་ནས། མའོ་ཀྲུའུ་ཞི་གཅིག་པུ་ཤི་བས་ག་ལ་འགྲིག མའོ་ཙེ་ཏུང་ཟེར་བ་དེའང་ཤི་ཡོད་རྒྱུ་ན། ངོ་མ་རེ་བ་ཞིག་ཡོད་སྙམ་ནས་འདོད་པ་མ་ཚིམ་པའི་རྣམ་པ་ཞིག་གི་མུ་ནས་མའཽ་ཀྲུའུ་ཞི་ལ་མྱ་ངན་གུས་འདུད་ཀྱི་ཁྲོམ་ཚོགས་ནང་ཞུགས་ཤིང༌། མའོ་ཙེ་ཏུང་ཡང་གང་མགྱོགས་ཤི་བ་ཡིན་ན། མྱ་ངན་གྱི་རྣམ་པ་ནས་དགའ་འབོད་ཅིག་བྱེད་དགོས་སྙམ་ནས་རེ་བ་ཇེ་ཆེར་སོང༌། དོན་ངོ་མར་བཤད་ན། ཨ་ཡེས་ཚེ་མོ་རྒྱལ་གྱིས་མའོ་ཙེ་ཏུང་དང་མའོ་ཀྲུུའུ་ཞི་གཉིས་མི་གཅིག་ཡིན་པ་ཙམ་ཡང་མི་ཤེས།
མའོ་ཙེ་ཏུང་གྲོངས་ནས་ལོ་ངོ་བཅོ་བརྒྱད་ཀྱི་རྗེས་སུ། སྡེ་མི་རྣམ་རྒྱལ་ལགས་རྒྱལ་ས་པེ་ཅིང་དུ་སོང་ནས། མའོ་ཙེ་ཏུང་གི་རོ་ཕུང་ལ་ལྟད་མོ་བལྟས། ཁོས་ནི། མའོ་ཙེ་ཏུང་གི་འཁྲིས་ལ་སླེབས་པ་ན། གཟུགས་པོ་ཆ་ཚང་ལ་འདར་ཟུག་འདྲ་ཞིག་བརྒྱབ་སོང་ཞེས་སྡེ་མི་ཚོར་བཤད། སྡེ་མི་ཚོས་ཡི་མ་རང་ནས་ཀྱང་མུ་མཐུད་ཉན་ནས་བསྡད། མཐའ་མ་དེར། རྒད་པོས་འདི་ལྟར་སྡོམ་ཅིག་བརྒྱབ། འདི་གསོན་པོར་ཡར་ལངས་རྒྱུ་ཞིག་ཡོད་དུས་ཡང་ཚར་སོང་ནི་རེད་བསམ་ནས་ཞེད་སྣང་ཆེན་པོ་སྐྱེས་སོང་ཞེས་ལབ། མ་གཞི་ནས། རོ་ནི་འཇིགས་སུ་རུང་བ་ཞིག་ཡིན་ནའང༌། དོན་ངོ་མར་བཤད་ན། དེ་ལ་སྐྲག་དགོས་པ་ཞིག་གང་ན་ཡོད་དེ། ངོ་མྱིག་གི་མི་རིག་རྒྱུ་དེས་དམངས་ཚོགས་ཀྱི་ལྟོ་དང་སྐེ་བསྒག་པ་དེས། རྒན་རྒོན་ཚོའི་སྣང་ངོར་ནི་མའཽ་ཙེ་ཏུང་དེ་ཧ་ཅང་འཇིགས་སུ་རུང་བ་ཞིག་ཏུ་སྣང༌།
ཕྱི་ལོ་ ༡༩༩༣ ལོར། པེ་ཅིན་གཞུང་གིས་མའོ་ཙེ་ཏུང་སྐྱེས་ནས་རྩིས་ལོ་བརྒྱ་འཁོར་བར་རྗེས་དྲན་གྱི་རྣམ་པ་བསྟན། རིག་གསར་སྐབས་ཀྱི་གཞས་མང་པོ་ཞིག་བསྐྱར་བསྒྲིགས་ཀྱིས་རྒྱལ་ཡོངས་སུ་བཀྲམས། བོད་ཀྱི་ས་ཁུལ་ཁག་ཏུའང་མང་པོ་བཀྲམས། རིན་མེད་དུ་སྤྲད་པའི་རྗེས་དྲན་ཅ་དངོས་འདི་དག་ལོ་གཞོན་ཚོས་ཉིན་བསྟུད་བེད་སྤྱོད་བྱས། རྒད་པོ་རྣམ་རྒྱལ་ལགས་ཀྱི་སེམས་ནང་འཇིགས་སུ་རུང་བའི་ལོ་ཟླ་ཞིག་སླར་ཡང་སླེབས་ཤིང༌། དེས་དངངས་འདར་བརྒྱབ། དེ་ནི་གཞན་མ་རེད། ཁོས་འཇིགས་སུ་རུང་བའི་ལོ་ཟླ་དེ་ཚོ་དང༌། ཕྱིར་དྲན་བྱེད་མི་འདོད་པའི་འཚོ་བའི་བརྒྱུད་རིམ་དེ་དག རིག་གསར་གྱི་སྐབས་ཀྱི་གཞས་དེ་དག་གིས་སེམས་ངོ་ནས་ཇེ་གསལ་དུ་བཏང༌། རྒད་པོས། ཡང་འདི་བ་ཚང་གི་སྲིད་བྱུས་འགྱུར་མགོ་ཚུགས་པ་འདྲ་ཞེས་སྐྲག་སྣང་ཆེན་པོ་བྱས།
སྤྱང་རྒན་ཕྱིན་ཤུལ་ནས། སྤྱང་ཕྲུག་ཚོས་མང་ཚོགས་ཀྱི་ཤ་ཟ་ཞིང༌། ཁྲག་འཇིབ་པར་བྲེལ། མཐའ་མ་དེར།
བོད་མི་དམངས་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་ཆ་ཚང་བརླག་པར་གྱུར། བོད་མགོ་ནག་ཚེར་མགོའི་བྱེའུ་ཆུང་རེད།། དགྲ་ནག་པོ་རྒྱ་ཁྲ་ཧོར་བ་རེད།། བྱེའུ་སྡོང་མགོས་ནམ་འཁྱེར་ཆ་མེད་རེད།། ཅེས་སྐྱོ་དབྱངས་སུ་དྲངས་ནས་ཆོལ་གསུམ་རི་ལུང་ལ་བརྡལ། གཞས་ཚིག་འདི་འདྲ་དག་གིས་བོད་མིའི་སེམས་ཁམས་བསྒུལ། སེམས་ཁམས་གཅིག་ཏུ་བསྡུས།
རྒྱ་ནག་གི་སྤྱི་ཚོགས་ནང་དང༌། རྒྱ་ནག་གུང་ཁྲན་གྱི་སྲོག་ཤིང་དུ་སྒྲོག་པའི་དབུ་ཁྲིད་ཚོའི་ཁྲོད། མའོ་ཙེ་ཏུང་ལ་ལྟ་སྟངས་སྣ་ཚོགས་ཤིག་ཡོད་པ་སྟེ། ཏིན་ཞོ་ཕིན་ལྟར་ན། མའོ་ཙེ་ཏུང་གི་དགོངས་པ་ཟེར་བ་དེར་དབྱེ་བ་གཉིས་ཡོད་ཅིང༌། གཅིག་ནི་མའོ་རང་ཉིད་ཀྱི་བསམ་བློ་དང་གསར་བརྗེ་རྒན་རབས་པ་ཐུབ་མོང་གི་བསམ་བློའི་ཆ་བཅས་གཉིས་སུ་ཡོད་པ་དང༌། མའོ་ཁོ་རང་གི་བསམ་བློའོ་ཆ་དེས་ནོར་འཁྲུལ་མང་པོ་བཟོས་མྱོང་བ་དང༌། རིག་གནས་གསར་བརྗེ་ནི་དེའི་དབང་གིས་བྱུང་བ་ཞིག་ཏུ་ངོས་བཟུང་ཡོད། འདི་ནི་རྒྱ་ནག་གི་དབུ་ཁྲིད་ཚོས་ནོར་འཁྲུལ་ངོས་ལེན་བྱེད་སྟངས་ཤིག་རེད། ཏིན་གྱིས་བཤད་སྟངས་ལྟར་བྱས་པས། ཉེས་པའི་རིགས་ནི་མའོ་ཙེ་ཏུང་སྒེར་གྱི་བསམ་བློ་ལས་བྱུང་བ་དང༌། ལེགས་པའི་རིགས་ནི་གསར་བརྗེ་རྒན་རབས་པ་ཐུན་མོང་གི་བསམ་བློ་ལས་བྱུང་བ་དེ་རེད།
དཔེ་དེ་བཞིན་དུ། ཧུའུ་ཡའོ་པང་གིས་བོད་ཀྱི་གནད་དོན་སེལ་སྟངས་དེ་བོད་མི་མང་གི་མངོན་འདོད་ཆ་ཚང་ལ་དཔག་པས་ཡིན་མིན་གང་ལྟར། བོད་ཀྱི་གནས་སྟངས་ངོ་མར་གཟིགས་ནས་གནད་དོན་ཁག་ཅིག་ཐག་གཅོད་ཀྱི་བསམ་བློ་དེར་ལམ་ལྷོངས་ཀྱི་ལམ་ཁ་མེད་སོང་བ་རེད། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ཀྱི་གནས་སྟངས་ངོ་མ་ཤོད་མཁན་ལ་ཧུའུ་ཡའོ་པང་ལས་མ་བྱུང་འདུག་སྟེ། ཁོས་བོད་ཀྱི་གནད་དོན་ཐག་གཅོད་ཐད་ཀྱི་བསམ་བློ་དེར་གསར་བརྗེ་རྒན་རབས་པ་ལབ་ནའང་འདྲ། གུང་ཁྲན་ཏང་གི་མགོ་བྱེད་ཐུན་མོང་གི་བསམ་ཚུལ་དེ་ལས་འདའ་ཐུབ་མེད་ནའང༌། བོད་ལ་དཀའ་ངལ་ཡོད་པ་ཞིག་ངོས་འཛིན་ཐུབ་ཡོད་པ་རེད། ཡིན་ནའང༌། གུང་ཁྲན་ཏང་གི་ངོས་འཛིན་བྱེད་སྟངས་ལྟར་བྱས་ན། ཧུའུ་ཡའོ་པང་གིས་བོད་ཀྱི་གནད་དོན་ངོ་མ་གསལ་འདོན་བྱས་པ་དེའང༌། ཁོ་པ་སྒེར་གྱི་བསམ་བློའི་ནོར་འཁྲུལ་ཞིག་ཏུ་བལྟས་པ་ཡིན་སྟབས། མཚམས་དེ་ཤེད་ནས་ཁོ་རང་གི་ཡོད་ཚད་ལ་བཀག་རྒྱ་ཐེབས་ནས་ཚར་སོང་བ་རེད།
འདི་འདྲ་དག་ནི་རྒྱ་ནག་གཞུང་འཛིན་གུང་ཁྲན་ཚོགས་པ་ནས་བོད་དོན་ལ་ལྟ་སྟངས་དང་ངོས་འཛིན་བྱེད་སྟངས་རེད། ངོས་འཛིན་འདི་དང་ལྟ་སྟངས་འདིས་བོད་དོན་ཐག་གཅོད་བྱེད་པར་འགོག་རྐྱེན་བཟོས་དང་བཟོ་བཞིན་ཡོད། མདོར་བསྡུས་ནས་བཤད་ན། མའོ་མཐོ་རིས་པོ་ནས་དེ་རིང་ཁ་སང་གི་ཧུའུ་ཅིན་ཐའོ་བར་དུ་རྒྱ་ནག་གི་གཙོ་འཛིན་སུ་གང་གིས་ཀྱང་བོད་དོན་འདི་བོད་མིའི་མངོན་འདོད་བཞིན་ཐག་གཅོད་བྱེད་པ་དང༌། ནར་འགྱངས་ཀྱིས་པས་རང་ཡལ་དུ་འགྲོ་བར་རེ་བ་རྒྱག་པ་གཉིས་ལས་ཕྱི་མ་འདིར་རེ་བ་ཆེ་སེ་བརྒྱབ་ཡོད་པ་དེས། བོད་མི་དམངས་ཀྱི་འཁོན་སེམས་ཇེ་ཆེ་དང༌། རེ་བ་ཇེ་ཆུང་དུ་གཏོང་བཞིན་ཡོད། དོན་འདིས། ང་ཚོས་རྒྱ་ནག་གུང་ཁྲན་གྱི་དཔོན་རིགས་ཚོར་རེ་བ་དང་ཡིད་ཆེས་བྱེད་རྒྱུའི་ཚབ་ཏུ། རྒྱ་ནག་ཕྱི་ནང་གི་དམངས་གཙོ་དོན་གཉེར་བ་ཚོར་མཉམ་འབྲེལ་བྱས་ཏེ། དམངས་གཙོ་ལྡན་པའི་རྒྱ་ནག་གཞུང་ཞིག་ལ་རེ་བ་རྒྱག་པ་དེ་ཡག་ཤོས་སུ་མཐོང༌།
བསམ་ཚུལ་འདི་ནི། རྒྱ་ནག་གུང་ཁྲན་ཏང་གི་གཙོ་འཛོན་དང་པོ་མའོ་ཡི་ལོ་རྒྱུས་དེབ་དེ་དང་དེ་ཕྱིས་ཀྱི་དཔོན་རིགས་ཚོའི་ལོ་རྒྱུས་སྐོར་བཀླགས་པས་བསྐྱེད་པར་བྱས་སོ།།
འདི་རིག་འཛིན་བསོད་ནམས་ཀྱིས་བྲིས་པ་ཡིན་ནམ་རྡོར་དབང་གིས་བྲིས་པ་ཡིན། མགོ་རྔ་གཉིས་ན་མིང་གཉིས་ཡོད་པའི་ཆེད་རྩོམ་འདི་དག་གི་རྩོམ་པ་པོ་སུ་ཡིན་གྱི་་གསལ་བཤད་རེ་དགོས་ཀྱི་འདུག གང་ལྟར་ཡག་པོ་ཞིག་བྲིས་འདུག