དཔྱིད་འགོའི་མེ་ཏོག
ཞོགས་པའི་མཚམས་སྤྲིན་གྱི་ལང་ཚོ།།
གཙང་བོའི་རླབས་ངོགས་སུ་འཕྱོ་དུས།།
རྒྱང་རིང་ཡིད་རྟེན་གྱི་གྲོགས་པོ།།
སེམས་ཀྱི་དྲོད་ཐིགས་ལ་འཐིམ་སོང་།།
ཡུན་ཐུང་མཇལ་འཛོམས་ཀྱི་ཕྱི་མིག།
སེམས་ཀྱི་ཟབ་སུ་རུ་བརྐོས་དེ།།
སླར་མཇལ་རེ་སྒུག་གི་སྤྲོ་བ།།
ཡིད་ཀྱི་ཐེམ་བྱང་ལ་བསྟར་ཡོད།།
ལྷགས་རླུང་ཤུར་ཤུར་དུ་ལྡིང་ཞིང་།།
སྡོང་ལོ་ཤུག་ཤུག་ཏུ་གཡོ་བས།།
རྐང་དྲུག་བུང་བ་ཡི་ལྡིང་སྐོར།།
སྔོན་གྱི་ལས་བསྐལ་དེ་དྲན་གི།།
དབྱར་གཞུང་རྩྭ་ཐང་གི་དྲི་མ།།
ངེས་མེད་ཡུལ་ཕྱོགས་ལ་ཁྱབ་པས།།
ངང་བའི་ཁྱུ་ཚོགས་ཀྱི་སྐད་བརྡ།།
སེམས་ལ་གཟན་པ་དེ་ཡིན་འདུག།
ནོར་ནག་རི་ལུང་བར་ཁྱབ་ཀྱང་།།
རང་བྱུང་མེ་ཏོག་གི་སྲོག་རྩ།།
ནག་རིལ་དེ་དག་གི་སུག་པས།།
སྐད་ཅིག་དེ་ཉིད་ལ་བཏུས་སོང་།།
ཀྱེ་མ་རྐང་དྲུག་ངའི་ལས་དབང་།།
ཟིལ་མངར་བདུད་རྩི་དེ་འདོད་ཀྱང་།།
དངན་འཐེན་ཆོས་ཉིད་ཀྱི་བཀའ་བརྡ།།
སུ་ཞིག་གཡོལ་བ་ཡང་སྟོངས་བསམ།།
དལ་མེད་སེམས་ངལ་གྱི་འགྲམ་ལྕགས།།
རུལ་མེད་གནའ་རྫས་ཀྱི་རྔོམ་བརྗིད།།
བབ་ཅོལ་སྨྲ་མཁས་ཀྱི་སྐྱེ་བོས།།
ཡིད་ཀྱི་བརྩེ་བ་དག་གཞོམ་སོང་།།
༼ང་བཅད་གསར་སྙན་ངག་འབྲི་རྒྱུར་དགའ་མོས་བྱུང་སོང་། དེ་སྔ་བཅད་གསར་སྙན་ངག་ལ་རྒྱུས་ལོན་ཏོག་ཙམ་བྱས་མྱོང་། དེའི་སྐོར་གྱི་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་བཀླགས་མྱོང་། ལྷག་ཏུ་རྒན་སེང་རྡོར་གྱི་ཉག་ག་ཕ་གིིས་ཕྲན་ལ་བཅད་གསར་སྙན་ངག་གི་སྙིང་སྟོབས་བསྩལ་སོང་པས་ད་ལྟ་ང་བཅད་གསར་ལ་དུང་བ་སྐྱེ་འགོ་བརྩམས་སོང་། འོན་ཀྱང་དེ་རིང་གི་རྩོམ་འདི་བཅད་གསར་སྙན་ངག་གི་འགྲོས་དང་ཡོངས་སུ་མཐུན་པ་ཞིག་མིན་ཡང་བཅད་གསར་གྱི་བྲོ་བ་མང་ཙམ་བསྲེས་ཡོད་བསམ། དེ་ནི་སྒེར་གྱི་ལྟ་ཚུལ་ཙམ་ཡིན། གཞན་ཡང་ང་རྩོམ་ལ་དུང་བ་ཟབ་ཀྱང་རྩོམ་འབྲི་རྒྱུར་དགའ་མོས་ཆེ་ཡིན་ཡང་རྩོམ་ཡིག་རེ་འགའ་ལས་དྲྭ་ཐོག་ཏུ་བཀོད་མྱོང་མེད། དེ་ནི་རང་ལ་ཡིད་རྟོན་མེད་པས་ཡིན། ཉ་ཉོག་གི་རྩོམ་མང་པོ་ཞིག་དྲྭ་ཐོག་ཏུ་བླུགས་ན་ཆུ་ཚོད་ལ་དམ་འཛིན་ཆེ་བའི་ཀློག་པ་པོ་དག་གི་ཆུ་ཚོད་བེད་མེད་ཡིན་པས་ལྟ་རིན་དེ་ཙམ་ཡོད་པར་མ་མཐོང་། ཞོར་ལ་བཤད་རྒྱུར་སྙན་ངག་བྲིས་ནས་ཡུན་རིང་འགོར་མེད་པས་རྩོམ་ལ་མཁས་པའི་ཀློག་པ་པོ་དག་གིས་ཕྲན་ལ་ལམ་སྟོན་བྱེད་རྒྱུ་མ་བརྗེད།༽ 2012/9/23 ཞོགས་པ་བྲིས།