རྫ་ཆུའི་ཟླ་བ།
སྤྲིན་ཚོམས་མེ་ཏོག་ཁྱོད་ཀྱི་ཕྱོགས་སུ་བཞད།།
སྦྲང་ཆར་བབས་པས་བདག་སེམས་གྲང་ཞིང་བསིལ།།
འབྲུག་སྒྲའི་ཁྲོད་ནས་ཁྱོད་ཉིད་དྲན་ན་ཡང་།།
ཡིད་སེམས་གསོ་བའི་གྲོགས་ཤིག་འཚོལ་ཐབས་བྲལ།།
བདག་ཉིད་གཅིག་པུར་མེ་ཏོག་གྲུ་ཁར་ཁེན།།
གནས་འདིར་སྔར་བཞིན་རང་བྱུང་ལྷིང་འཇགས་ལྡན།།
གཙང་བོའི་རླབས་སྒྲས་ལྗོན་པའི་ཡལ་གར་དཀྲིགས།།
དམར་མདངས་ཅན་གྱི་སྙིང་ཆུང་ཆུ་ལ་འཐིམ།།
ཕོ་བྲང་ཐོག་ནས་ལྷོ་མཐའི་སྤྲིན་མདངས་མཐོང་།།
གང་ཉིད་དྲན་པའི་སྐྱོ་སྣང་གནམ་མཐར་བཏེགས།།
སེམས་གསོའི་ཆེད་དུ་འབྲས་ཆང་བཏུང་ན་ཡང་།།
དྲན་པའི་སྐོམ་གདུང་ནམ་ཡང་སེལ་བར་དཀའ།།
དཔྱིད་རླུང་ངོགས་སུ་དྲི་ཞིམ་མེ་ཏོག་འཛུམ།།
སྨུག་ཀླུང་ཁྲོད་ནས་ཁུ་ཡུག་སྐད་སྙན་ཚོར།།
ན་ནིང་འུ་གཉིས་འཛོམ་སའི་སྤང་ལྗོངས་དེར།།
བདག་ཉིད་དེ་རིང་མ་ཤིའི་ཚབ་ཏུ་རྒྱུ།།
དྲན་པ་དེས་ནི་སེམས་ལ་མིག་ཆུ་གཏོར།།
སེམས་གསོའི་གླུ་སྒྲའང་སུ་ཡི་ཆེད་དུ་ལེན།།
རིས་སུ་འཐབ་པའི་དགའ་སྐྱོའི་འཚོ་བའི་ཁྲོད།།
བརྗེད་ཐབས་བྲལ་བ་ཁྱེད་ཀྱི་བརྩེ་ཞེན་ཉིད།།
༢༠༡༠/༠༧/༠༩ ལ་བྲིས་པ་ཞིག་སླར་ཡང་བཅོས་ཏེ་སྤེལ།