དཔལ་དགྱེས་རྡོ་རྗེ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་མད་སུམ་ཅུའི་སྲོག་རྩ་མི་གཅོད་ཞིང་།།
ཁ་ཁོག་མཉམ་པས་སྤྱི་དོན་ལས་རིགས་ཀུན།།
ག་ལེར་དཔྱོད་ནས་གངས་ཅན་བསྟན་སྲིད་ཕྱིར།།
ང་ཚོས་སོ་སོས་ངོས་ནས་སྒྲུབ་པར་དགོས།།
ཅ་ཅོའི་འུར་སྒྲོག་དབང་དུ་མ་སོང་བར།།
ཆ་ཡོད་རྒྱུ་མཚན་རྣམ་དག་ལེགས་ཤེས་ནས།།
ཇ་ཆང་ངོ་དགའི་གཏམ་དུ་མ་འགྲོ་ཞིང་།།
ཉ་གང་ཟླ་བཞིན་དཔལ་ཡོན་ལྡན་པར་དགོས།།
ཏ་ཐྰ་ག་ཏའི་བསྟན་པའི་རྩ་བ་བཟུང་།།
ཐ་སྙད་ཤེས་བྱ་རིག་པའི་གནད་ལ་བསླབ།།
ད་དུང་ཚན་རྩལ་གནའ་དེང་ཟུང་འབྲེལ་གྱིས།།
ན་ཚོད་ཁྱད་མེད་ཐབས་ཤེས་འཛོམས་པར་དགོས།།
པ་ཊའི་རྟེན་འབྲེལ་ལྟ་བུས་མཐུན་སྒྲིལ་དང་།།
ཕ་མེས་རྒྱུད་སྲོལ་འཛིན་པའི་ལུགས་གཉིས་དཔལ།།
བ་གླང་ཕྱུག་གིས་རྗེས་སུ་མི་འགྲོ་བར།།
མ་ལུས་བསྟན་སྲིད་སྤེལ་བའི་སྙིང་སྟོབས་དགོས།།
ཙ་ར་གཅོད་པའི་གཟུར་གནས་བློ་གྲོས་དང་།།
ཚ་གྲང་བཟོད་པའི་དཀའ་སྤྱད་བརྩོན་འགྲུས་ཀྱིས།།
ཛ་ཡའི་བསྟན་པའི་སྙིང་ནོར་རིག་གཞུང་ཀུན།།
ཝ་ལེར་ངེས་པའི་མཁྱེན་རབ་ཡངས་པར་དགོས།།
ཞ་ཉེ་གསེར་དངུལ་རྡོ་རྗེ་ཕ་ལམ་སོགས།།
ཟ་མ་ཏོག་གི་གཏེར་མཛོད་གཏམས་བཞིན་པའི།།
འ་ཅག་གངས་ཅན་སྣོད་ཀྱི་འཇིག་རྟེན་འདིར།།
ཡ་རབས་འཁོར་ཡུག་སྲུང་སྐྱོབ་ངེས་པར་དགོས།།
ར་བ་གངས་རི་དཀར་པའི་ཞིང་ཁམས་སུ།།
ལ་ལུང་དགེ་བཅུས་ཕྱུག་པའི་ཆོས་པ་རྣམས།།
ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་ཕྱིར།།
ས་ཐོབ་སེམས་དཔའི་ཕ་ས་ཟིན་པར་དགོས།།
ཧ་ཅང་ལྷག་བསམ་དཀར་པོའི་ཀུན་སློང་གིས།།
ཨ་མ་བུ་བཟང་ཡོངས་ལ་གྲོས་སུ་འདེབས།།
དཔལ་དགྱེས་རྡོ་རྗེས་བག་ཡོད་དྲན་སྐུལ་འབུལ།།
གངས་ལྗོངས་སྣོད་བཅུད་མཛེས་པའི་རྒྱན་ཏུ་ཤོག།