རེབ་ཐོག་མདའ།
གཙང་བོའི་བཞུར་རྒྱུན་ལ་འདྲེས་པའི་ཆུ་ཐིགས་ཏེ།།
ཆར་ཆའི་ངོ་གདོང་ལ་བཞད་པའི་མེ་ཏོག་སྟེ།།
སེམས་པ་རྨས་མ་འདིར་བཞག་པའི་རྨ་ཁ་ཡིན།།
རི་བོ་ཕ་རོལ་གྱི་རྨི་ལམ་རབ་རིབ་ཡིན།།
ལྗང་མདོག་སྤང་ཁུགས་ན་སྙན་པའི་རྫི་གླུ་དེ།།
རྫ་མཐོ་ཉག་ཁ་ན་མཆེད་པའི་བྲག་ཆ་དེ།།
ཁེར་རྐྱང་སེམས་པ་འདི་སྒུལ་བའི་སྙིང་གཏམ་ཡིན།།
ལས་དབང་སྐྱ་བོ་དེས་བྲིས་པའི་གཏམ་རྒྱུད་ཡིན།།
ཟླ་བའི་འོད་སྣང་ལ་བཏེགས་པའི་གསང་བ་སྟེ།།
སྐར་མའི་མིག་ཟུང་ནས་བོར་བའི་སྣང་བརྙན་ཏེ།།
ཞབས་རྗེས་རི་གྲོང་ནས་བརྡོལ་བའི་དྲན་གདུང་ཡིན།།
གྱེས་བྲལ་ལོ་ཟླ་འདིས་འཁུར་བའི་སྐྱོ་གདུང་ཡིན།།
སྲོད་ཁའི་རླུང་བུ་ཡི་ལག་ཟུང་འཇམ་པོ་སྟེ།།
མཚན་མོའི་ལྷང་འཇགས་ཀྱི་མུན་པ་སྟུག་པོ་སྟེ།།
ཁྱོད་དང་ངེད་གཉིས་ལ་དབང་བའི་ལས་དབང་ཡིན།།
ཁྱོད་རང་ཁོ་ན་ཡིས་བསྐྲུན་པའི་འཇིག་རྟེན་ཡིན།།
སྐྱ་རེངས་བུ་མོ་ལ་བཅོལ་བའི་སྙིང་གཏམ་སྟེ།།
ཞོགས་པའི་ཉི་འོད་ལ་འཐུམ་པའི་ཞབས་རྗེས་ཏེ།།
རི་བོའི་ཕ་རོལ་ལ་བསྲིངས་པའི་མཁྲེང་ཞེན་ཡིན།།
གཙང་བོའི་ཚུར་རོལ་ནས་དྲན་པའི་གདུང་བ་ཡིན།།
ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༡ ་ཉིན་རྡ་སའི་ཇ་ཁང་ཞིག་ནས་བྲིས།