མི་ཞུན། ཝར་ཎ་མཐོ་སློབ།
ས་ཆེན་རྒྱལ་བོའི་རྒྱལ་བོ་དང་ནི་འདི་ཕྱིའི་གོང་མའི་གོང་མ་ཉིད།།
འགྲོ་བ་ཀུན་གྱི་མགོན་པོ་དང་ནི་སྡུག་བསྔལ་ཞི་བའི་ཞི་བ་ཉིད།།
ཐར་དང་བདེ་བའི་ལམ་ཆེན་དང་ནི་སྟོན་པའི་ཕྱོགས་སྟོན་འཁོར་ལོ་ཉིད།།
ཚད་མེད་སྙིང་རྗེའི་གོང་བུ་དང་ནི་ཆེན་པོའི་ཆེན་པོ་ཁྱོད་ལ་འདུད།།
ས་ལཱའི་སྨན་ལྗོངས་ཆེན་མོ་དང་ནི་ཀེ་ལ་ཤ་ཡི་རྒྱལ་བོའི་གནས།།
ས་བཅུད་དགེ་བའི་གཏེར་མཛོད་དང་ནི་སྣོད་ཁམས་ཆེན་མོའི་རྩེ་མོ་ཉིད།།
ས་སྟེང་མཁས་པའི་ཡང་རྩེ་དང་ནི་བདེ་འདྲེན་འཁོར་ལོའི་བྱེད་པོའི་ཁྱུ།།
ས་ལ་གྲགས་པའི་ཆུ་འཛིན་དཀར་པོ་གཡུ་ཐོག་ལ་སོགས་ཀུན་ལ་འདུད།།
དཀའ་བ་སྟོང་གི་སྡུག་པ་དང་ནི་འཁུར་ཆེན་བཟོད་པའི་བརྟུན་པོ་གང་།།
ཤེས་བྱ་འཁྱིལ་བའི་རྒྱ་མཚོ་དང་ནི་སྐོམ་འཐུང་ཧམ་པའི་རི་བོ་ཅན།།
རིག་བཅུའི་མཁྱེན་དཔྱོད་རྫོགས་པ་དང་ནི་སྐད་སྣ་ཚོམ་བུའི་བདག་པོ་ཁྱེད།།
ཚེ་འཛིན་གསོ་བའི་སྲོག་རྩ་དང་ནི་མི་ཆུང་ང་འདྲའི་མགོན་པོ་ཉིད།།
ཀླད་མའི་སྐད་ཆ།
དྲི་ཆུ་ཟེར་བ་ནི་གསོ་རིག་གཞུང་ལུགས་ཀྱི་ཐ་སྙད་ཅིག་རེད། ཕལ་སྐད་དུ་དེ་ལ་གཅིན་པ་ཟེར་གྱི་ཡོད། གཅིན་པ་ནི་མི་ཡིན་པ་ཐམས་ཅད་ཙམ་དུ་མ་ཟད་འབུ་སྲིན་གྲོག་མ་ཡན་ཆད་ལ་ཡང་ཡོད་ངེས་པའི་ལུས་ཟུངས་ཀྱི་སྙིགས་མ་(བོད་ཀྱི་གསོ་རིག་གཞུང་ལུགས་སུ་ལུས་ཟུངས་ཀྱི་སྙིགས་མར་འདོད་ཀྱི་ཡོད)ཞིག་ཡིན། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ལས་དྲི་ཆུ་ནི་ཁ་ཟས་སླ་བའི་སྙིགས་མ་གཅིན་གྱི་མིང་ཞེས་བཀོད་འདུག་པ་དང་ཝཱེ་ཁེ་ཚིག་མཛོད་ནང་དུ་གཅིན་པ་ནི་རྩ་བའི་ཆ་ནས་ཆུ་ཡིན། དེའི་ནང་དུ་ད་དུང་ལུས་ཟུངས་ཀྱི་བཅུད་རྫས་སྤྲི་དཀར་དང་རྨེན་བུའི་སྐུལ་རྒྱུ་ལ་སོགས་ཚུད་པའི་སྐྱེ་མེད་ཚྭ་དང་སྐྱེ་ལྡན་འདུས་རྫས་སྣ་འཛོམས་ཅན་ཞིག་ཀྱང་ཚུད་ཡོད་ཅེས་གསུངས་འདུག གང་ལྟར་ན་ཡང་། གཅིན་པ་ནི་མི་ཚང་མའི་སྣང་ངོ་ལ་ལུས་ཟུངས་ཀྱི་སྙིགས་མ་ཡིན་ཕྱིར་དེ་ནི་རང་བཞིན་གྱིས་བཙོག་པ་དང་རྫོབ་རོ་དྲི་མ་ཅན་ཞིག་ལ་ལྟ་ཡི་ཡོད་པ་དང་ཕན་མེད་དགོས་མེད་ཀྱི་སྙིགས་རོ་ལྷག་མ་ཞིག་ཀྱང་ཡིན་པར་འདོད་ཀྱི་ཡོད། དོན་དངོས་གནས་དྲི་ཆུ་ལ་ང་ཚོའི་བསམ་ཡུལ་ལས་འདས་པའི་ན་ཚ་གསོ་བཅོས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་ནི་མང་པོ་ཞིག་གིས་ཤེས་མེད། ལར་ནས། འཇིག་རྟེན་གྱི་བྱ་དངོས་ཕྲ་མོ་རེ་རེ་ལ་ཡང་རང་རང་གི་ཚད་དང་ཚོད་ལ་དཔག་པའི་ནུས་པ་དང་ངོ་བོ་མ་འདྲ་བ་རེ་ཡོད་ངེས་པ་ནི་གཞི་གྲུབ་པས། སྨན་གྱི་བླ་མ་གཉིས་པ་འཚོ་བྱེད་གཞོན་ནུས་ཀྱང་། ས་སྟེང་འདི་ན་སྨན་མིན་གང་ཡང་མེད། ཅེས་གསུངས་པ་བཞིན་དྲི་ཆུ་ནི་གདོད་མའི་དུས་རབས་ནས་བཟུང་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་མི་རྣམས་ཀྱིས་ལོ་རབས་ནས་ལོ་རབས་དང་མི་རབས་ནས་མི་རབས་བར་ན་ཚ་གསོ་བཅོས་དང་ནད་མེད་བདེ་ཐང་གི་ཕྱིར་དུ་སྤྱད་ནས་ཡོང་བའི་རང་ལུས་ཀྱི་སྨན་མཆོག་ཁྱད་པར་བ་ཞིག་རེད། དེ་ནི་འཛམ་གླིང་སྤྱིའི་འགྲོ་བ་མི་རྣམས་ཀྱིས་རང་ལུས་སྲུང་སྐྱོབ་དང་རང་ཕུང་བདེ་ཐང་། ན་ཚ་སྔོན་འགོག་དང་ནད་གཞི་རྩ་གཏོར་སོགས་ཀྱི་དོན་དུ་བཀོལ་སྤྱོད་ཤུགས་ཆེན་བྱས་པའི་སྨན་ཆུ་ནུས་པ་ཅན་ཞིག་ཀྱང་རེད་འདུག། དཔེ་བཞག་ན། རོ་མ་རྒྱལ་ཁབ་ཀྱི་སྐབས་སུ་མི་རྣམས་ཀྱིས་དྲི་ཆུ་སྤྱད་དེ་སོ་དཀར་པོ་གཏོང་ལུགས་ཀྱི་སྲོལ་རྒྱུན་ཞིག་ཡོད་པ་དང་། རྒྱ་ནག་གི་མི་དམངས་ས་ཡ་གཅིག་ཙམ་ཀྱིས་གཟུགས་པོ་བདེ་ཐང་དང་ནད་མེད་རྒས་མེད་ཀྱི་ཕྱིར་དུ་རང་གི་དྲི་ཆུ་ཁོག་ལ་འཐུང་བ་དང་ཕྱི་ལ་བསྐུ་བ་སོགས་ཀྱི་བྱེད་ཐབས་སྤྱོད་ཀྱི་ཡོད། ལྷག་པར་དུ་བྱིས་པའི་ངོ་གདོང་བཀྲུ་བ་ལ་བྱིས་པའི་དྲི་ཆུ་བེད་སྤྱོད་གཏོང་ཤུགས་ཧ་ཅང་ཆེན་པོ་མཆིས། ཁོང་ཚོས་དྲི་ཆུ་ནི་ཤིན་ཏུ་ནུས་པ་ཐོན་ཤོས་ཅན་གྱི་སྨན་ཆུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཧྥ་རིན་སའི་ནང་དུ་རྩི་ཤིང་གི་གཞུང་རྟ་དྲི་ཆུའི་ནང་ལ་སྦངས་ཏེ་གྲེ་བའི་ན་ཚ་གསོ་ཕྱིར་སྐེ་ལ་སྒྲིལ་བའི་སྤྱི་སྲོལ་ཞིག་འདུག དུས་རབས་བཅུ་བདུན་པའི་ནང་དུ་ཧྥ་རིན་སའི་བུད་མེད་རྣམས་ཀྱིས་རང་གི་ལུས་ཀྱི་པགས་མདོག་སྙིང་རྗེ་བོ་ཆགས་པའི་ཕྱིར་དུ་དྲི་ཆུའི་ནང་ལ་འཁྲུས་བརྒྱག་གི་ཡོད་རབས་བཤད། ཐེ་ཝན་རྒྱལ་ཁབ་ཀྱི་ནང་དུ་མི་དམངས་སྟོང་ཕྲག་ཉིས་བརྒྱ་༢༠༠༠༠༠་ཡིས་དྲི་ཆུ་སྤྱོད་ཀྱི་ཡོད། ད་དུང་རྒྱ་གར་ནང་དུ་ཡང་དྲི་ཆུའི་གསོ་ཐབས་སྤྱོད་མཁན་གྱི་མི་གྲངས་ཧ་ཅང་མང་ཤོས་ཤིག་ཆགས་ཡོད། དྲི་ཆུ་ནི་གནའ་བོའི་རྒྱལ་ཁབ་གྷི་རི་ཁུ་དང་རོམ། འཇར་མེན། ཧྥ་རིན་སི། ཉི་ཧོང་། ཀོ་རི་ཡ། ཐེ་ཝན། རྒྱ་ནག རྒྱ་གར། བོད། གཞན་ཡང་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་གནའ་ནས་ད་བར་དུ་རྒྱུན་མ་ཆད་པར་བཞུར་ནས་ཡོང་བའི་དམངས་ཁྲོད་རིག་གནས་སམ་ཡང་ན་སྲོལ་རྒྱུན་རིག་གནས་ཀྱི་ཡ་གྱལ་བ་ཞིག་སྟེ་ན་ཚ་གསོ་བཅོས་ཀྱི་རིག་པ་དཔེ་མེད་ཅིག་ཡིན་པ་རེད།
ཆོས་ལུགས་ཀྱི་ཐད་ནས་བཤད་ནའང་ཡེ་ཤེས་ཆོས་ལུགས་ཀྱི་བསྟན་བཅོས་གཙོ་བོ་བྷ་བྷེལ་ནང་དུ་”Drink waters from thy own cistern.རང་གི་ཆུ་མཛོད་ཀྱི་གཙང་ཆབ་འཐུང་ཞེས་གསུངས་ཡོད་པ་དང་། ཧིན་དྷིའི་ཆོས་ལུགས་ཀྱི་ནང་དུ་ཡང་ཚེ་ཡི་རིག་བྱེད་ཀྱི་མ་མ་རུ་འབོད་པའི་ནག་པོའི་བསྟན་བཅོས་ Shivambu Shastra ཞེས་པ་ལས་རང་ཉིད་ཀྱི་དྲི་ཆུ་ནི་ལྷ་ཆེན་པོའི་བདུད་རྩི་waters of shivaཡིན་པར་གསུངས་ཡོད། དེ་བས་དྲི་ཆུ་ནི་འཛམ་བུ་གླིང་འདིའི་འགྲོ་བ་མི་སྤྱི་མཐུན་གྱིས་གདོད་མའི་དུས་སྐབས་ནས་བཟུང་ལག་ལེན་ལ་དངོས་སུ་བསྟར་ཏེ་རང་ཉིད་ཀྱི་མྱོང་བ་རྗེན་པ་དང་གདམས་ངག་ཟབ་མོ་བརྒྱུད་སྤེལ་གྱིས་རྒྱུན་མ་ཆད་པར་དར་བའི་ནད་མེད་རྒས་མེད་ཀྱི་གསོ་ཐབས་ནུས་ཅན་ཞིག་ཏུ་གྱུར་མཆིས་པའི་རྒྱུ་མཚན་གྱིས་ད་ལྟའི་དུས་ལ་ཡང་མི་དམངས་ས་ཡ་དུང་ཕྱུར་མང་པོས་རང་ཉིད་ཀྱི་དྲི་ཆུ་རང་ཉིད་ཀྱི་ན་ཚ་གསོ་བཅོས་དང་ནད་མེད་བདེ་ཐང་གི་ཕྱིར་དུ་ཡིད་ཆེས་དང་དད་པའི་སྒོ་ནས་སྤྱོད་ཀྱི་ཡོད་པའི་རིགས་གཅིག་དང་བརྟག་པ་དང་དཔྱད་པ་དཔྱིས་ཕྱིན་པའི་སྒོ་ནས་དྲི་ཆུའི་ཕན་ནུས་རྟོགས་ཏེ་སྤྱོད་ཀྱི་ཡོད་པའི་རིགས་གཅིག་ཡོད།
གསོ་རིག་གཞུང་ལུགས་མང་པོའི་ཐད་ནས་བཤད་ནའང་རྒྱ་གར་གྱི་ཚེ་ཡི་རིག་བྱེད་དང་། ཧི་མོ་པེ་ཐེ། བོད་ཀྱི་གསོ་བ་རིག་པ། རྒྱ་ནག་གི་ཀྲུང་དབྱི་སོགས་ཀྱི་ནང་དུ་ཡང་དྲི་ཆུའི་གསོ་ཐབས་ཀྱི་སྐོར་ལ་མང་པོ་གསུངས་ཡོད། དྲི་ཆུ་སྤྱད་དེ་ན་ཚ་གསོ་བཅོས་དང་ལུས་པོ་བདེ་ཐང་དུ་གཏོང་བའི་རིག་པ་འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ཐབས་བྱུས་ཤིག་སྟེ་འདི་ལ་རྨ་མེད་པའི་དགེ་མཚན་བླ་ལྷག་ཏུ་མཆིས་པ་དང་དྲི་མེད་པའི་ནུས་པ་ངོ་མཚར་ལྡན་པ་ཞིག་གདའ་བ་ནི་གནའ་བོའི་འཚོ་བྱེད་པ་དང་ཆོས་བཤད་པ། མཁས་པ་དང་བླ་མ་སོགས་ཀྱི་རྟོགས་རིག་གི་ཡིད་ཤེས་ལས་འཁྲུངས་པའི་བསྟན་བཅོས་གཤའ་མ་དག་གིས་ར་སྤྲོད་པ་མ་ཟད་དེང་གི་ཚན་རྩལ་རིག་གནས་ཀྱིས་གསར་གཏོད་མཛད་པའི་ཕྲ་མཐོང་ཤེལ་མིག་ལས་ཀྱང་ཁུངས་བདེན་དག་སེལ་བྱེད་ཀྱི་ཡོད་པ་ཡིན། ང་རང་སྒེར་ལ་མཚོན་ནས་བཤད་ནའང་ཆུང་དུས་ནས་ཆམས་པ་བྱུང་བ་དང་མིད་པ་སྐྲངས་པ། རྨ་བཟོས་པ་ལ་སོགས་པའི་དུས་སུ་ཕ་མས་རྒྱུན་དུ་རང་གི་དྲི་ཆུ་འཐུང་གི་འཇུག་པ་དང་རྨ་ལ་བསྐུ་བ་སོགས་བྱེད་ཀྱི་ཡོད་པས། དུས་དེ་ནས་བཟུང་སྟེ། དྲི་ཆུ་ནི་ནུས་ཅན་དང་སྟོབས་ཅན་གྱི་སྨན་ཆུ་ངོ་མཚར་བ་ཞིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་མངའ་བ་དེའི་དབང་དུ་བྱས་བའམ་ཡང་ན་ཚོར་སྣང་དེ་ལྟ་བུ་ཞིག་གི་བརྒྱུད་སྐུལ་ལ་བརྟེན་ནས་དེ་རིང་གི་བརྗོད་གཞི་འདིའི་སྒང་ལ་རྩོམ་ཡིག་ཅིག་འབྲི་འདོད་ཆེན་པོ་སྐྱེས་པ་ཡིན། ཞོར་དུ་ཡིག་ཆའི་དེབ་དང་དྲ་རྒྱ་མང་པོ་ཞིག་གི་རྒྱབ་འདེགས་ཀྱི་ཀ་བ་ལ་ཁེན་ནས་དང་པོ་དྲི་ཆུའི་གྲུབ་ཚུལ་གྱི་སྐོར་དང་གཉིས་པ་དྲི་ཆུའི་ཕན་ཡོན་གྱི་སྐོར་ལ་རང་ལུགས་དང་ཕྱི་ལུགས་གཉིས་ཐད་ནས་རིག་པ་སྐོར་འདོན་གྱིས་རང་གི་ཤེས་བྱའི་འཇོན་ཚད་ལ་དཔག་ནས་ཅུང་བྲི་བར་བྱའོ།།
དང་པོ། དྲི་ཆུ་གྲུབ་ཚུལ་སྐོར་ལ་བཤད་པ།
གསོ་བ་རིག་པའི་རྣམ་བཞག་ལ་སྦྱངས་པ་མ་ཐོན་པའི་མི་ཞིག་ཡིན་ན་ཕལ་ཆེར་རང་ལུས་ཀྱི་དྲི་ཆུ་གྲུབ་ཚུལ་གྱི་སྐོར་ལ་སྐད་ཆ་བཤད་རྒྱུའི་ལྕེ་ཤེད་དེ་ཙམ་མངའ་བར་མི་འདོད། རྒྱུ་མཚན་གསོ་བ་རིག་པའི་གཞུང་ལུགས་དང་འབྲེལ་བ་གཏན་ནས་མེད་པའི་མི་ཞིག་གིས་དེའི་སྐོར་ལ་དོ་སྣང་བྱེད་སྲིད་པ་ཁག་པོ་རེད། དེ་བས། མང་པོ་ཞིག་གིས་གཅིན་པ་ནི་རྒྱུ་གང་ཞིག་གིས་གྲུབ་པ་དང་། ཇི་ལྟར་གྲུབ་པ། ཅིའི་ཕྱིར་གྲུབ་པ་སོགས་ཀྱི་སྐོར་ལ་ཤེས་འདོད་ཆེར་རྐྱེན་གུས་ཀྱིས་འདིར་རང་གི་ཀླད་པས་འཁྱོག་ཚོད་ཅིག་དང་ཤེས་བྱས་ལྕོགས་ཚོད་ཅིག་ཀུན་གྱི་སྤྱན་ངར་བཏེགས་པར་མགུ་བ་ལ།
དང་པོ་རང་ལུགས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞིའི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པའི་ནང་དུ། འགྱུར་ཚུལ་ཞུ་རྗེས་དྭངས་སྙིགས་བྱེ་བ་ལས།། སྙིགས་མ་རྒྱུ་མར་སྐ་སླ་གཉིས་སུ་བྱེ།། སྐ་བ་བཤང་འགྱུར་སླ་བ་གཅིན་དུ་འགྱུར།། ཞེས་གསུངས་ཡོད་པ་དང་། འདི་ལ་དྲང་སྲོང་ཞལ་ལུང་ལས། ཟས་སྐོམ་གང་ཟོས་པ་མཐའ་དག་བད་ཀན་མྱག་བྱེད་ཀྱིས་མྱགས། མཁྲིས་པ་འཇུ་བྱེད་ཀྱིས་བཞུས། ཞུ་བའི་རྗེས་སུ་མེ་མཉམ་རླུང་གིས་དྭངས་སྙིགས་གཉིས་སུ་ཕྱེས་པ་ལས་སྙིགས་མ་རྣམས་ཀྱང་རྒྱུ་མའི་སྨད་དུ་རིམ་བཞིན་སྐ་སླ་གཉིས་སུ་བྱེ་ནས། སྐ་བ་རྣམས་ལོང་དུ་སོང་སྟེ་བཤང་བར་འགྱུར་བ་དང་། རིམ་བཞིན་འཕོངས་སྒོ་ནས་ཕྱིར་འབྱིན་པར་བྱེད་པ་དང་། སླ་བ་རྣམས་རྒྱུ་གྲོགས་སམ་རྒྱུ་མའི་ལྡེབས་ཀྱི་རྩ་ལམ་མང་པོ་བརྒྱུད་དེ་མཐར་མཁལ་མར་སོང་ནས་གཅིན་དུ་འགྱུར་བ་དང་། རིམ་བཞིན་ལྒང་པར་གསོག་ཅིང་གཅིན་ལམ་བརྒྱུད་ལུས་ཀྱི་ཕྱིར་འབྱིན་པར་བྱེད་པའོ།། ཞེས་གསལ་བར་གསུངས་ཡོད།
གཞན་ཡང་། ཕྱི་མ་རྒྱུད་ཀྱི་ལེའུ་གཉིས་པའི་ནང་དུ་ གྱུར་ཚུལ་ཟས་སྐོམ་ཕོ་བར་དྭངས་སྙིགས་ཕྱེ།། སྙིགས་མ་རྒྱུ་མའི་ནང་ཚུད་སྐ་སླ་ཕྱེ།། སླ་བ་རྒྱུ་གྲོག་རྩ་ནས་ལྒང་པར་འདྲིལ།། ཞེས་གསུངས་པ་འདི་ལ་ཡང་དྲང་སྲོང་ཞལ་ལུང་ལས་ཟས་སྐོམ་གང་དང་གང་ཟོས་ཤིང་འཐུང་བ་རྣམས་ཕོ་བར་སླེབས་པའི་ཚེ་ཕོ་བར་བད་ཀན་མྱག་བྱེད་ཀྱིས་མྱགས་པ་དང་། མཁྲིས་པ་འཇུ་བྱེད་ཀྱིས་བཞུས། རླུང་མེ་མཉམ་གྱིས་དྭངས་སྙིགས་ཕྱེ་བ་ལས་སྙིགས་མ་རྣམས་རྒྱུ་མའི་ནང་དུ་ཚུད་ནས་སླར་ཡང་སྐ་བའི་ཆ་དང་སླ་བའི་ཆ་གཉིས་སུ་ཕྱེ་བའི་སླ་བ་ནི་རྒྱུ་གྲོག་ཅེས་རྒྱུ་མའི་སྡེབས་སུ་དྲྭ་བ་ལྟར་འབྲེལ་བའི་རྩ་སྦུབས་ཕྲ་མོ་རྣམས་ནས་རིམ་པར་རྒྱུ་ཞིང་འཁོར་བ་འཁོར་ཏེ་མཐར་ལྒང་པར་འདྲིལ་བ་སྟེ་འབབ་ནས་གཅིན་དུ་གྱུར་པ་ཡིན་ནོ།། ཞེས་གསུངས་འདུག
མདོར་དྲིལ་ནས་བཤད་ན་བཟའ་བཏུང་གི་ཟས་སྐོམ་གང་ཡིན་རུང་ཐོག་མར་ཁ་དང་ལྕེ། མིད་པ་དང་གྲེ་བ་བརྒྱུད་དེ་ལྟོ་བར་འགྲོ་བ་དང་ལྟོ་བ་ནས་མེ་དྲོད་རྣམ་པ་གསུམ་གྱིས་མྱག་ཞུ་དྭངས་སྙིགས་ཕྱེས་པས་སྙིགས་མ་རྣམས་རྒྱུ་མར་འགྲོ་བ་དང་རྒྱུ་མ་ནས་སླར་ཡང་སྐ་སླ་གཉིས་སུ་ཕྱེས་ཏེ་སྐ་བ་རྣམས་རྒྱུ་མ་ནས་ལོང་བ་བརྒྱུད་བཤང་བར་འགྱུར་བ་དང་། སླ་བ་རྣམས་རྒྱུ་མ་དང་ལོང་ཀའི་ལྡེབས་ངོས་སུ་མངའ་བའི་རྩ་ཕྲན་དག་བརྒྱུད་དེ་མཁལ་མའི་རོགས་པ་ལ་བརྟེན་ནས་ལྒང་པར་འདྲེས་ཀྱི་ཡོད་པར་གསུངས་ཡོད།
ཕྱི་ལུགས་ཀྱིས་མིའི་རིགས་ཀྱི་མཁལ་མ་ནི་རིམ་པ་གསུམ་ལ་བགོས་ཡོད། དེ་ནི་མཁལ་མའི་ཕྱི་ཤུན་ཀོ་ཏེ་ཀི་སི་ cortex དང་མེ་ཏྲོ་ལ་ medulla གཞན་ཡང་ pelvis བཅས་ཡིན་པར་གསུངས། མཁལ་མའི་འཕར་རྩ་བརྒྱུད་དེ་ཁྲག་རྣམས་རྐང་ལ་རྒྱུ་བ་དང་དེ་ནས་ཀོ་ཏེ་ཀི་ཟི་ལ་རྒྱུ་བར་བྱེད། མཁལ་མའི་འཕར་རྩའི་ཡན་ལག་རྣམས་ནི་འཕར་རྩ་ཕྲ་མོར་རྒྱས་ཤིང་འཕེལ་བ་དང་། འཕར་རྩ་ཕྲ་མོ་རེ་རེ་ནི་ཁྲག་དྭངས་སྙིགས་འབྱེད་བྱེད་ཀྱི་ནེ་ཧྥུ་རོན་ཟེར་བ་དེ་རུ་རྒྱུ་མཚམས་འཇོག བདེ་ཐང་གི་མཁལ་མ་ཞིག་གི་ནང་དུ་ནེ་ཧྥུ་རོན་ཁྲི་གཉིས་ལྷག་ཡོད་པར་བཤད་ཀྱི་འདུག དེ་ཡིས་ཉི་མ་རེ་ལ་ཁྲག་ལེ་ཁྲར་190བཙག་གི་ཡོད། སྤྱིའི་ཆ་ནས་གཅིན་པ་ནི་བརྒྱ་ཆའི་གོ་ལྔ་95% ཆུ་ཡིན་པར་བཤད་པ་དང་། * 2.5% urea(དམུ་རྫིང་)་ཡིན། གཞན་པ2.5%ནི་སྤྲི་དཀར་དང་རྨེན་བུའི་སྐུལ་རྒྱུ། འཇུ་བྱེད་གཤེར་ཁུ། ཚྭ། གཏེར་རྫས་ལ་སོགས་འདྲེས་མ་ཞིག་ཡིན་པར་གསུངས་འདུག
མདོར་དྲིལ་ནས་བཤད་ན་ཕྱོགས་གཉིས་ཀའི་བཤད་ལུགས་དང་བཤད་ཚུལ་ལ་ཞིབ་ཚགས་མིན་དང་གྲ་རྒྱས་མིན་ཅིག་གི་ཁྱད་པར་ལས་གཞན་དྲི་ཆུ་ནི་བཟའ་བཏུང་གི་རིགས་གང་ཡང་མྱགས་ཞུ་དྭངས་སྙིགས་ཕྱེས་རྗེས་སྐ་སླ་གཉིས་སུ་ཕྱེས་པའི་སླ་བ་རྣམས་མཁལ་མ་བརྒྱུད་ནས་ལྒང་པར་གསོག་གི་ཡོད་པའི་དགོངས་ཚུལ་ནི་ངས་བལྟས་ན་གཅིག་པ་གཅིག་མཚུངས་རེད་དོ།།
གཉིས་པ། དྲི་ཆུའི་ཕན་ཡོན་སྐོར་ལ་བཤད་པ།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སུ་དྲི་ཆུའི་ཕན་ཡོན་སྐོར་ལ་རྒྱས་ཤིང་རྒྱས་པ་དང་ཕྲ་ཞིང་ཕྲ་བ་ཞིག་གསུངས་པ་མི་མངོན་ན་ཡང་བཤད་རྒྱུད་ལེའུ་ཉི་ཤུ་སྨན་གྱི་ཕན་ནུས་བཤད་པའི་སྐབས་ལ། མི་ཆུས་གཉན་སྲིན་སེལ་རིམས་སྲུང་།། ཞེས་དྲི་ཆུ་ཡིས་རྨ་གང་ལ་ཡང་གཉན་ཁ་རྒྱས་པར་མི་འཇུག་པ་དང་སྲིན་གསོད་པ། གཞན་ཡང་རིམས་ཆམས་སོགས་འགོག་པར་བྱེད་པ་ཡིན། མདོར་ན་གཉན་དང་སྲིན། རིམས་ཆམས་སོགས་ལ་ཤིན་ཏུ་ཕན་པར་གསུངས་ཡོད། ལག་ལེན་གཅེས་བཏུས་ལས། ཉིན་རེར་ཁམ་རེར་བསྟེན་ན་ཚེ་འཕེལ་ཞིང་།། ས་བདག་ཀླུ་གཉན་ནད་གདོན་སྲིན་ནད་སེལ།། ཞེས་གསུངས་ཡོད། ཉིན་རེར་ཞོགས་པའི་དྲི་ཆུ་བར་མ་ཁམ་གང་རེ་བཏུང་བཏུབ་པ་ཡིན་ན་ཚེ་རིང་དུ་མཆི་བ་ཙམ་དུ་མ་ཟད་ལུས་ཀྱི་ཤ་མདངས་དཀར་ལ་བཀྲག་མདངས་རྒྱས་ཏེ་གཞོན་ཉམས་དོད་པོ་ཡོང་བ་བཅས་ཀྱི་དགེ་ཕན་ཆེ། གཞན་ཡང་ས་བདག་ཀླུ་གདོན་ལ་སོགས་པའི་གནོད་པ་སེལ་པར་བྱེད་ཅིང་གཉན་དང་སྲིན་ལ་སོགས་པ་ཡང་འགོག་པར་བྱེད་པ་སོགས་གསུངས་ཡོད། ཤེལ་ཕྲེང་ལས་ཀྱང་། ཨེཀྲོ་རྟ་(དྲི་ཆུ་ཡི་མིང་།)་ཡིས་གཉན་རིམས་དུག་ཚད་གདོན།། ནད་རྙིང་རུས་ཞེན་དབུགས་མི་བདེ་བ་སེལ།། མི་ཡི་དྲི་ཆུ་དྲོན་མོས་ཁ་ནད་སེལ།། དྲི་ཆུ་གྲང་མོས་མིག་ནད་སེལ་བར་བྱེད།། དྲི་ཆུ་བར་པས་དུག་དང་གཉན་སྲིན་སེལ།། རིམས་སོགས་འགོ་བའི་ནད་སྲུང་རྨ་གསར་འདུལ།། ཞེས་གསུངས་ཡོད་པས། འདི་ལས་ཀྱང་ང་ཚོས་དྲི་ཆུའི་ཕན་ཡོན་མང་པོ་ཞིག་རྟོགས་བཏུབ་པ་འདུག་སྟེ་མདོར་ན་གཉན་དང་རིམས་ཆམས། དུག་ཚད་སོགས་ལ་ཕན་ཞིང་ནད་རྙིང་རུས་ལ་ཞེན་པ་དང་དབུགས་མི་བདེ་བ་སོགས་ལ་ཡང་ཕན་པ་ཡོད། ལྷག་པར་དུ་རང་གི་དྲི་ཆུ་ཁ་གང་ཉར་ནས་བཀྲུས་པ་ཡིན་ན་སོ་རྩ་བརྟན་ཞིང་ཁ་དྲི་ཞིམ་པ་དང་མིད་པའི་གཉན་ཚད། སོ་འབམ། སོ་རྙིལ་སྐྲངས་སྦོས་སོགས་ཁ་ནད་ཀུན་ལ་ཕན་པ་ཡོད། མིག་དང་རྣ་བ་ལ་གཏིག་པས་དབང་པོའི་ནུས་པ་བསྐྱེད་པར་བྱེད་པ་བཅས་ཀྱི་ཕན་ནུས་ཆེ། རིམས་སོགས་འགོས་ནད་སྲུང་བ་དང་རྨ་གསར་པ་སོགས་ཀྱི་སྒང་ལ་བྱུག་ན་ཕན་པ་ཡོད། མན་ངག་རྒྱུད་ཀྱི་ལེའུ་དྲུག་ཅུ་རེ་གཉིས་ཕྲན་བུའི་ནད་གསོ་བའི་སྐབས་སུ་ཡང་། སྣེའུ་ལྷགས་ན་རང་གི་དྲི་ཆུ་བྱུག། ཅེས་གསུངས་ཡོད་པས་སྣེ་ས་བཞི་ཡི་རྨེན་བུ་སྐྲངས་པ་ཡིན་ན་རང་གི་དྲི་ཆུ་བྱུག་པས་ཕན་པར་བཤད་ཀྱི་ཡོད་པ་བཅས་སོ།།
ཕྱི་ལུགས་ཀྱིས་དྲི་ཆུ་ནི་ཁོག་ལ་བཏུང་བ་དང་ལུས་ལ་བྱུག་པ། མིག་ལ་གཏིག་པ་དང་རྣ་ལ་བླུགས་པ། མགོ་ལ་བསྐུ་བ་དང་སྣ་ལ་རྔུབས་པ་སོགས་གང་ཡང་བྱེད་རུང་ལ་ཅི་ཡང་བྱས་ཆོག་པའི་སྨན་ཆུ་ཁྱད་པར་བ་ཞིག་ཡིན་པར་གསུངས་ཡོད། ཁོག་ལ་བཏུང་ན་འཆི་མེད་རྒས་མེད་དུ་འགྱུར་བ་དང་། ལུས་ལ་བྱུག་ན་པགས་མདོག་སྙིང་རྗེ་བོ་ཆགས་པ། མིག་ལ་གཏིག་ན་མིག་ནད་སེལ་བ་དང་རྣ་ལ་བླུགས་ན་རྣ་ནད་སེལ་བ། མགོ་ལ་བསྐུས་ན་སྐྲ་བྱི་འགོག་པ་སོགས་ཀྱི་དགེ་ཕན་ལྡན་པར་གསུངས་ཡོད།
མདོར་ན། དྲི་ཆུས་ན་ཟུག་གཅོག་པ་དང་གྲུམ་བུའི་ན་ཚ་སེལ་བ། གཞན་ཡང་། མཆིན་ནད་དུག་ཐབས་དང་གཅིན་སྙི། འབྲུམ་ཐོར། ཟ་འཕྲུག་ཅན་གྱི་པགས་ནད། ཟ་རྐོང་། ཤུ་བ། མཁལ་མའི་མཁྲིས་པ། གཅོང་ནད། གློ་གཅོང་གི་ནད། འབྲས་ནད། གྲུམ་བུ། དབུགས་གསག་གི་ནད། མིག་དང་རྣ་བའི་འགོས་ནད། འཚིག་སྐྱོན་རྨ། སྨུག་ཐིག འཛེར་ནད། པགས་པའི་འགོས་ནད། ཕོ་ནད། རིམས་ཆམ། གློ་ཡུའི་གཉན་ཚད། དུག་སྦྲུལ་གྱིས་སོ་བརྒྱབ་པ་དང་སྦྲང་མའི་མདུང་ཟུག་པ། སོགས་ན་ཚ་མང་པོ་ཞིག་ལ་ཕན་པའི་དགེ་བ་དུ་མ་ཡོད་པར་གསུངས་ཡོད།
འཇར་མན་གྱི་ཤེས་བྱ་ཀུན་འདུས་ཆེན་མོ་མང་ཆེ་བ་ཞིག་གི་ནང་དུ་རྙེད་ཐུབ་པའི་དཔེ་མཚོན་ཡག་ཤོས་ཤིག་ནི་(Johann Heinrich Zedler’s Grossen Vollständigen Universallexikon, 1747) ཟེར་བ་དེའི་ནང་དུ་རྩོམ་པ་པོས་དྲི་ཆུ་སྨན་བཞིན་སྤྱོད་ཐབས་ཀྱི་རིག་པ་འགའ་གསུངས་ཡོད།
ཉུང་མ་དང་མུ་ཟི་ཕྱེ་མ་བཟོས་ཏེ་དྲི་ཆུ་རྙིང་པ་དང་ལྷན་དུ་བརྫིས་ཤིང་བསྲེས་ཏེ་སྦྱོར་བ་བསྡེབས་པས་སྐྲ་བྱི་བ་ལ་ཕན།
བྱིས་པའི་དྲི་ཆུ་བསྐོལ་བའི་ནང་དུ་སྦྲང་རྩི་བླུགས་ཏེ་མིག་ལ་བསྐུས་པ་ཡིན་ན་མིག་ལ་རྨས་སྐྱོན་ཕོག་པའི་རིགས་ཐམས་ཅད་སེལ་ནུས། སྨན་འདིས་རྒྱུན་ལྡན་ནས་གང་ཐུབ་ཀྱིས་མིག་བཀྲུ་དགོས།
གྲེ་བ་གཤལ་བ་དང་དྲི་ཆུའི་སྒང་ལ་ཁ་ཆེའི་ཀུར་གུམ་ཅུང་ཙམ་བསྣན་པ་ཡིན་ན་གྲེ་བའི་གཉན་ཚད་ཀྱི་རིགས་ཐམས་ཅད་ལ་ཕན་པ་ཡིན།
ལག་པ་དང་པུས་མོ་ལ་རྩ་འདར་བརྒྱག་པ་དང་གཡོ་བ་སོགས་བྱེད་ན་རང་ཉིད་ཀྱི་དྲི་ཆུ་དྲོན་མོ་པགས་པའི་སྟེང་ལ་ཐད་ཀར་དུ་བྱུག་བསྐུ་མཉེ་གསུམ་བྱས་ན་ཕན་ཐོགས་ཆེན་པོ་ཡོད།
སྐྱ་རྦབ་དང་དམུ་ཆུའི་ན་ཚ་མགོ་འཛུག་སྐབས་སུ་རང་ཉིད་ཀྱི་ཞོགས་པའི་དྲི་ཆུ་དུས་ཚོད་གང་འཚམས་ཤིག་ལ་ལྟོ་སྟོང་དུ་འཐུང་བ་ཡིན་ན་ཕན་ཐོགས་ཆེ་བ་ཡོད། འདིས་གཞན་ཡང་མཁྲིས་ནད་ལ་ཡང་ཕན་ཐོགས་ཆེ།
དྲི་ཆུ་སྤྱད་མྱོང་བའི་འཛམ་བུ་གླིང་གི་མི་སྣ་ཆེན་པོ་འགའ་ཡི་སྐོར།
རྒྱ་གར་གྱི་སྔོན་མའི་སྲིད་བློན་མོ་རཱ་ཇེ་དྷེ་ས་ Morarji Desai མཆོག་ནི་དྲི་ཆུ་རྒྱུན་རིང་སྤྱོད་མཁན་གྱི་མི་སྣ་ཞིག་ཡིན་པ་དང་། ༡༩༧༨ལོར་ཁོང་གིས་དྷན་ར་ངྷིར་ Dan Rather མཆོག་ལ་སྐར་མ་དྲུག་ཅུའི་རིང་དྲི་ཆུའི་གསོ་ཐབས་ཀྱི་སྐོར་ལ་སྐད་ཆ་བཤད་མྱོང་ཡོད། ཁོང་གིས་དྲི་ཆུའི་གསོ་ཐབས་ནི་སྨན་བཅོས་བྱེད་བཏུབ་ཀྱི་མེད་པའི་རྒྱ་གར་གྱི་མི་དམངས་དུང་ཕྱུར་མང་པོའི་ཆེད་དུ་ཡང་དག་པའི་སྨན་རྫས་ཤིག་ཡིན་པར་གསུངས་ཡོད།
དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་མ་་ས་ར་མེལ་ Sarah Miles ཡིས་འགོས་ནད་སྔོན་འགོག་དང་འཕྲོད་བསྟེན་བདེ་ཐང་གི་ཕྱིར་དུ་མི་ལོ་སུམ་ཅུའི་རིང་རང་གི་དྲི་ཆུ་འཐུང་བ་རེད་འདུག
མ་དྷོ་ན་ Madonna ཡིས་མོ་རང་གི་ལུས་རྩལ་གྱི་རྐང་པའི་དཀའ་ངལ་སེལ་བའི་ཕྱིར་དུ་རང་གི་དྲི་ཆུ་རྐང་པའི་སྒང་ལ་བྱུག་པར་འགྲེལ་བརྗོད་བྱས་ཡོད།
དྲག་པོའི་སྒྱུ་རྩལ་བསྲེས་མ་འཛིང་མཁན་གྱི་ལོ་ཏྲོ་མ་ཆེས་དྷ་ Lyoto Machida ཡིས་བཅར་འདྲི་ཞིག་གི་སྐབས་སུ་ཁོང་གིས་ཁོ་རང་གི་དྲི་ཆུ་འཐུང་གི་ཡོད་པའི་སྐོར་གྱི་གསང་བ་དེ་གསལ་སྟོན་བྱས་ཡོད། ལོ་གསུམ་གྱི་ཡར་སྔོན་དུ་ཁོང་གི་ཆམས་པ་ལ་དྲག་སྐྱེད་མ་བྱུང་བའི་རྗེས་སུ་ཁོང་གི་ཨ་པས་ཁོང་ལ་དྲི་ཆུ་འཐུང་དུ་བཅུག་འདུག
མཇུག་གཏམ་ཐུང་ཐུང་།
མཚམས་འདི་ནས་གུས་ཀྱིས་དྲི་ཆུའི་གྲུབ་ཚུལ་དང་དྲི་ཆུའི་ཕན་ཡོན་གཉིས་ཐད་ནས་གང་འཇོན་འཇོན་དང་ཅི་ཤེས་ཤེས་ཀྱིས་བྲིས་བྲིས་པ་ཚང་མ་ཡང་དག་པ་དང་མ་ནོར་བ་ཡིན་པའི་ངེས་པ་གང་ལ་ཡོད་དེ་ཅི་ནས་ཀྱང་མེད་པ་བདག་གི་བློ་ལ་ནམ་མཁའི་ཉི་མ་བཞིན་གསལ་པས་ཀློག་མཁན་དག་གིས་ཀྱང་རང་རང་གི་རིག་པའི་རྣོ་ཕྱུང་སྟེ་བཀླག་ཅིང་དཔྱད་པ་བྱེད་རྒྱུ་ནི་ཆེས་འགག་ཆེན་དུ་བསམས་ནས་ཡོད། ལྷག་པར་དུ་དྲི་ཆུའི་གྲུབ་ཚུལ་གྱི་སྐོར་ལ་རང་ལུགས་ཀྱི་ཕྱོགས་ནས་གང་འཇོན་ཅི་འཇོན་བྱས་ཡོད་ཀྱང་། ཕྱི་ལུགས་ཀྱི་འདོད་ཚུལ་དེ་དབྱིན་ཡིག་གི་མ་རྩའི་ཤེས་ཚད་ཞན་པ་དང་སྐྱོ་བའི་དབང་གིས་དེ་ཙམ་ཞིག་ཇི་བཞིན་པ་དང་ཇི་ལྟ་བ་བཞིན་བསྒྱུར་བཏུབ་པ་མ་བྱུང་བས་ཡག་པོ་དང་དག་པོ་ཞིག་འཁྱོངས་མེད་ཚོད་དུ་སྣང་། སྣོན་མ་ཅུང་ཙམ་དགོས་ངེས་ཤིག་རེད་ཀྱང་། གནས་སྐབས་རིང་རང་གི་ཤེས་ཚད་ཀྱི་འཁོས་ཀ་ལ་དཔག་ནས་ཅུང་ལྷོད་པར་མི་བྱ་ཐབས་མེད་བྱུང་། དྲི་ཆུ་རྩ་ཆེན་པོའི་སྨན་ཆུ་ཞིག་ཡིན་པའི་སྐོར་ལ་ནི་གོང་ནས་ཀྱང་མང་དག་ཅིག་བཤད་ཡོད་པ་དེ་བཞིན་དུ་བསྐྱར་བཟློས་བྱེད་མ་གལ་བར་བསམས་ནས་ཡོད། ཀློག་པོ་དག་ལ་ཆེན་པོ་ཆེན་པོ་ཞིག་གིས་རྔོ་ཐོགས་མིན་ཡེ་ནས་མི་ཤེས་མོད། མདོ་དོན་སྙིང་དུ་དྲིལ་ནས་བཤད་པ་ཡིན་ན། ཐེངས་འདིའི་རྩོམ་ཡིག་གི་བརྗོད་གཞིའི་སྒང་ལ་དུས་ཚོད་གང་འཚམས་ཀྱིས་བསམ་གཞིགས་དང་དཔེ་ཀློག་གི་ཀློང་དུ་འགྲིམས་ཏེ་ཤེས་ཤིང་ཐོབ་པའི་སྐད་ཆ་ཞིག་ནི་རང་ལུགས་དང་ཕྱི་ལུགས་གཉིས་ཐད་ནས་བལྟས་ཤིང་དཔྱད་དེ་བསམ་པ་ཡིན་ན་ཡང་དྲི་ཆུ་ནི་ཤིན་ཏུ་ཕན་ནུས་ཅན་དང་དགེ་མཚན་ཅན་གྱི་སྨན་ཆུ་ཡེ་ནས་དག་པ་ཞིག་ཡིན་པ་ནི་གདོན་མི་ཟ་བ་ཞིག་རེད་ལ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཉིན་རེར་ཐེངས་རེར་སྣང་མེད་དང་ཕངས་མེད་ཀྱི་སྒོ་ནས་ཕྱི་ལ་འཕོ་ཞིང་གཡུགས་པ་འདི་ཡང་ད་ལྟ་བསམས་ན་དངོས་གནས་ཡེ་མི་བྲ་བ་ཞིག་རེད་ཨང་བསམས་ནས་བསྡད་ཡོད་དོ།།
གཏིང་ཟབས་རྒྱ་མཚོའི་ཆུ་ལ་འཛུལ་བའི་རྐྱལ་རྩལ་ཕུལ་བྱུང་ང་ལ་མེད།།
ཁྲོ་འཇིག་གཏུམ་པའི་གཡུལ་སར་ཆས་ལ་ཞུམ་མེད་སེམས་ཀྱང་བྲལ་བ་སྟེ།།
ཕུན་ཚོགས་དཔལ་གྱི་དོན་སྙིང་ལྡན་པའི་གསོ་རིག་གཞུང་ལུགས་མང་པོ་ལ།།
འཇུག་དང་བལྟ་བའི་བརྟུན་པའི་ཡི་ག་ང་ཡི་ཀླད་པར་ཤིན་ཏུ་འཆུས།།
ཁྱ་གེ་ཁྱོག་གེའི་རྩོམ་ཐུང་ཞིག་ཀྱང་འབྲི་བར་འདི་འདྲའི་དཀའ་བ་སྟེ།།
གཏིང་མཐའ་བྲལ་བའི་གཞུང་ལུགས་སློབ་ལ་ཉིན་ཞག་ཁྲི་སྟོང་ཡིན་ད་ཡིན།།
བསླབས་པའི་རྗེས་ལ་ཚང་མ་སེམས་སུ་ངེས་པ་ཡོད་ན་བཟང་གི་མོད།།
བརྗེད་པའི་རྐུན་པོ་དྲན་ཤེས་ལས་ཀྱང་མཐུ་བར་བསམས་ན་ཨ་ཙ་མ།།
འབྱམས་ཀླས་ཡངས་པའི་ལྷ་ལམ་ཁྱོན་ཆེན་ཉི་ཟླ་སྐར་མའི་རྟེན་གཞི་དང་།།
སྲ་བརྟན་སྒེག་པའི་ནོར་འཛིན་ཕྱུག་མོ་སེམས་ལྡན་ཀུན་གྱི་གཞིས་ཁྱིམ་ཡིན།།
གཏིང་མཐའ་བྲལ་བའི་ཟླ་བའི་མ་མ་སྲིན་འབུ་ཀུན་གྱི་གྲོང་ཁྱེར་དང་།།
དཔལ་ལྡན་རྒྱུད་བཞིའི་གླེགས་བམ་འདི་ཡང་འཚོ་བྱེད་སྤྱི་བོའི་རྒྱགས་ཕྱེ་ཨང་།།
བཀླགས་པ་ཡིན།
དུས་ཚོད་བཏང་ཏེ་འབད་བརྩོན་བྱས་པ་འདི་ཆེད་ལས་པ་ཞིག་གི་ཁྱད་ཆོས་སུ་མཐོང་སོང་། བཀའ་དྲིན་ཆེ།
ཁ་བརྡ་འདི་འདིའི་ནང་དུ་མི་ཐོས་དགུ་ཐོས་རེད། ད་ཡིན་ན་གཅིན་འཐུང་དགོས་ཟེར་མཁན་ཞིག་ཀྱང་སླེབས་སོང་། གཅིན་འཐུང་ནས་ཅིག་ཕན་ན་ང་ཚོ་བོད་ཀྱི་མི་ཚོས་བླ་ཆེན་རྣམ་པའི་གཅིན་འཐུང་བསྡད་ཡོད་སྟབས་ན་ན་ཚ་ཚ་ཟེར་བ་ཞིག་ཡོད་རྒྱུ་མ་རེད། རྩེད་མོ་ཡིན། ཤེས་བྱ་གལ་ཆེན་ཞིག་ངོ་སྤྲོད་བྱེད་ཐུབ་འདུག ཐུགས་རྗེ་ཆེ། ཡིན་ན་ཡང་སྐད་ཆ་བཤད་སྟངས་ཁ་ཤས་རེ་རྣ་བར་འགྲོ་མ་སོང་། དཔེར་ན། ཐེ་ཝན་རྒྱལ་ཁབ་ཀྱི་ནང་དུ་མི་དམངས་སྟོང་ཕྲག་ཉིས་བརྒྱ་༢༠༠༠༠༠་ཡིས་དྲི་ཆུ་སྤྱོད་ཀྱི་ཡོད། ཚིག་གྲུབ་འདིའི་ནང་དུ་སྐྱོན་ཁ་ཤས་འདུག མི་དམངས་སྟོང་ཕྲག་ཉིས་བརྒྱ་ཟེར་ནས་ཡི་གེར་བྲིས་གྲུབ་རྗེས་ཡང་བསྐྱར་གྲངས་ཀ་ཀླད་ཀོར་མང་པོ་དེ་ཚོ་དགོས་པ་མི་འདུག ལྷག་པར་སྟོང་ཕྲག་ཉིས་བརྒྱ་ཟེར་བ་ཞིག་བོད་སྐད་རང་ལ་བརྗོད་སྲོལ་མེད་པ་རེད། ཁྲི་དང་འབུམ་དང་ས་ཡ་བྱེ་བ་སོགས་ཀྱི་ཐ་སྙད་ཡོད་བཞིན་དུ་སྟོང་ཕྲག་བརྒྱ་ཉིས་བརྒྱ་ཟེར་བ་ལྟ་བུ་མ་འབྲི་རོགས།
ག་ལེར་ཀློག་གི་ཡིན། ཡེ་ཤུ་ལ་ཡེ་ཤེས་མ་བྲིས་རོགས། གོ་རྒྱུ་མེད་པ་ཞིག་ཨུ་ཚུགས་ཀྱིས་གོ་རྒྱུ་ཅན་བཟོ་ནས་ཅི་བྱེད།
རྒྱལ་པོ་ལ་རྒྱལ་བོ་མ་བྲིས་རོགས།
དཔྱད་རྩོམ་ངོ་མ་ཡག་པོ་ཞིག་བྲིས་འདུག ཡིན་ཡང་བོད་ཀྱི་གསོ་བ་རིག་པའི་ནང་ནད་པར་སྨན་སྤྲོད་སྐབས་ཐོག་མར་ནད་པའི་ལུས་ཀྱི་ཁམས་དང་འདུ་བ་གཉིས་ཀྱི་རང་བཞིན་ལ་བརྟགས་ནས་དེ་དང་མི་མཐུན་པའི་ཡོན་ཏན་དང་ལྡན་པའི་སྨན་སྤྲོད་དགོས་པར་གསུངས། ཡིན་ནའང་། འདིར་དྲི་ཆུའི་ངོ་བོ་དང་རོ་དང་ནུས་པ་མ་གླེང་བར་ལུས་ཁམས་ཀྱི་རང་བཞིན་ཀུན་ལ་ཕན་པར་སྣང་བས་དྲི་ཆུ་འདི་ཨ་རི་རྣམ་རྒྱལ་དང་མཚུངས་པར་རོ་དྲུག་དང་ལྡན་པ། ཞུ་རྗེས་གསུམ་དང་ལྡན་པ། ནུས་པ་བརྒྱད་དང་ལྡན་པ། ཡོན་ཏན་བཅུ་བདུན་རྫོགས་པ་ཞིག་ཡིན་ན་སྙམ་པའི་དོགས་འདྲི་ཞིག་སྐྱེས་སོང་། ཡིན་ན་ཡང་འདིར་ཨ་རི་རྣམ་རྒྱལ་དང་མི་འདྲ་ས་གཅིག་ཡོད་པ་ནི་དྲི་ཆུས་ན་བྱེ་བྲག་པ་འགའ་ལ་ཕན་པ་ལས་ན་ཀུན་ལ་ཕན་པའི་ནུས་པ་མེད་པར་སྣང་།
དྲི་ཆུའི་སྐོར་ལ་འགྲེལ་བཤད་ཡག་པོ་རྒྱབ་པའི་རེ་བ་ཡོད།
རྩོམ་རིང་དྲགས་ནས་ཀློག་རྒྱུའི་དུས་ཚོད་མ་བྱུང།
གང་ལྟར་དྲི་ཆུ་ནི་རང་ཆས་ཀྱི་སྨན་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པར་རྩོམ་པ་པོས་བཤད་པ་ལྟར་རེད། འོན་ཀྱང་རྩོམ་པ་པོ་དྲི་ཆུ་གང་ཞིག་ཡིན་མིན་དང། མཆན་འདེབས་པ་པོས་ཀྱང་དྲི་ཆུས་ཕན་པ་ཡོད་ན་བོད་མི་རྣམས་ལ་ན་ན་ཚ་ཚ་མེད་དགོས་རབས་སོགས་ཀྱིས་འགོག་རྐྱེན་དེ་བྱུང་བ་རེད་འདུག་སྙམ།
དྲི་ཆུ་སྨན་ཡིན་ཞེས་པ་དེ་རང་གི་དྲི་ཆུ་རང་གིས་འཐུང་ན་ཕན་ཡོན་ཡོད་པ་དང་སྨན་དུ་འགྲོ་བ་ལས་སོགས་ཀྱི་ཡོན་ཏན་རྒྱས་པར་མཐོང་བ་དང། ཕ་མ་ལས་སོགས་རྒན་རབས་པ་རྣམས་ཀྱི་ངག་ལམ་ནས་ཀྱང་གོ་ཐོས་བྱུང་ཞིང་རང་གིས་ཀྱང་དེ་ལྟར་ཐེང་ཁ་ཤས་བེད་སྤྱོད་བཏང་མྱོངས། རྒན་རབས་པས། རང་ཆུ་དེ་སྨན་ཡིན། མི་ཆུ་དེ་དུག་ཡིན། ཅེས་ཁྱད་པར་སོ་སོ་ནས་བཤད་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་སྙམ། དེ་མིན་མི་གཞན་གྱི་གཅིན་པ་འཐུང་ན་གཞན་གྱི་ན་ཚ་འགོས་པའི་ཉེན་ཚབ་ཤིན་ཏུ་ནས་ཆེ།
དྲི་ཆུ་ལའང་དབྱེ་བ་མང་པོ་ཕྱེས་ཡོད། དྲི་ཆུ་ཡིན་ཚེ་འཐུང་ན་ཕན་ཡོན་ཇི་ལྟར་ཡོད་མེད་བཤད་ཚོད་མ་ཐིགས། གཞུང་ལུགས་ནང་ནས་དྲི་ཆུ་བར་པ་འཐུང་དགོས་རབས་དང་དེ་ཡིས་ཕན་ཐོགས་རྒྱ་ཆེན་ཡོད་རབས་ལས་སོགས་བཤད་འདུག དྲི་ཆུ་བར་པ་ཞེས་ལག་ལེན་བྱེད་མྱོང་མཁན་དང། དྲི་ཆུ་བར་པ་ཞེས་མཁྱེན་མཁན་འདིར་ཡོད་དམ། མེད་ན་ངས་རྗེས་སུ་ངོ་སྤྲོད་བྱེད་ཡོང།
དྲི་ཆུ་བར་པ་ཟེར་བ་དེ་ཞོགས་པའི་གཅིན་པ་དང་པོ་དེ་ལས་ཐོག་མའི་གཅིན་ཅུང་བཏང་རྗེས་ཀྱི་གཅིན་ལ་ངོས་བཟུང་དགོས། དེ་འཐུང་བའམ་བྱུགས་པའམ་བསྙོབ་ས་ཡོད་ན་རྨ་སོགས་སུ་ཐད་གཏོང་བྱེད་པ་སོགས་སྨན་གྱི་ཚུལ་དུ་ལོངས་སུ་སྤྱོད་ཆོག བུད་མེད་ཡིན་ན་གཅིན་ཐད་ཀར་གཏོང་དཀའ་བས་ཁྱད་ཆོས་གཅིག་ཆད། དེ་འདྲ་མིན་ནམ།
རྒྱུད་བཞིའི་མཇུག་དོན་ལེའུའི་རིམས་ནད་རྫས་ཀྱིས་སྲུང་བའི་སྐབས་སུ། དུས་ཐུག་བདུད་རྩི་གཉིས་ཀྱིས་སྒོ་དགུ་བསྡམ།། ཞེས་པ་ལྟར་ལྔ་བརྒྱ་དུས་ཀྱི་ཐ་མར་སྟེང་འོག་བར་གསུམ་གྱི་གདོན་རྣམས་ཁྲོས་ནས་རིམས་ནད་རིགས་འདྲ་མིན་སྣ་ཚོགས་ཤིག་མི་ཡུལ་དུ་འགོས་ཁྱབ་འབྱུང་བའི་སྐབས་སུ་ཡང་། རང་གི་བཤང་གཅི་གཉིས་ཀྱིས་སྒོ་དགུ་བསྡམ་ན་རིམས་ནད་སྔོན་འགོག་ཐུབ་པའི་ཚུལ་རྗེ་བཙུན་གཡུ་ཐོག་པ་ཆེན་པོས་གལ་གནད་སྡོམ་ཚིག་ཏུ་བཀོད་ནས་གསུངས་ཡོད།
ངའི་ཕ་ཡུལ་ནི་འབྲོག་ས་ཞིག་ཡིན་ཞིང་མི་ཤི་ན་རོ་ལས་བྱེད་མཁན་དམིགས་བསལ་བ་མེད་པར་རང་གི་ཉེ་འབྲེལ་དང་སྡེ་བ་གཅིག་པའི་མི་རྣམས་རོ་ལས་བྱེད་པར་འགྲོ་བ་རེད། ངའི་ཕུ་བོ་ནི་ཆུང་དུས་ནས་དེ་འདྲར་འགྲོ་མྱོང་བ་ཞིག་ཡིན། ཁོང་གིས་བཤད་ན། རོ་ལས་བྱས་ཚར་རྗེས་ལག་པ་གཅིན་གྱིས་བཀྲུ་དགོས་པ་རེད། དེ་ནས་ཆུ་ནག་དང་། མཐའ་མཇུག་ཆུ་དཀར་དེ་འོ་མ་བསྲེས་པའི་ཆུས་བཀྲུ་དགོས་པར་བཤད། དེ་ནས་ཚུར་ངའི་སེམས་སུ་གཅིན་པ་དེ་ལ་ན་ཚ་སོགས་འགོས་ཁྱབ་འགོག་པའི་ནུས་པ་ཞིག་ཡོད་པ་ཡིན་རྒྱུ་རེད་བསམ། ག་རེ་རེད་ཟེར་ན། གོམས་སྲོལ་འདི་ནི་གནའ་སྔ་མོ་ཞིག་ནས་མི་རབས་ནས་མི་རབས་བརྒྱུད་ཡོང་བ་ཞིག་ཡིན་པས་འདི་ལ་བདེན་པའི་གཞི་འཛིན་ས་ཞིག་ཡོད་པར་སྙམ། དེ་མིན་ངའི་ཨ་ཞང་ཆུང་དུས་ནས་ཡང་ཡང་ས་ཆ་གཞན་དུ་ཇག་རྐུན་ལ་འགྲོ་མཁན་ཞིག་ཡོད། ཁོས་བཤད་ན། ཇག་རྒྱག་གི་ས་ཆ་ཐག་རིང་ལ་ཕྱིན། ས་ཆ་ཆུ་མེད་ལུང་སྟོང་དེ་འདྲར་རང་དང་རོགས་པ་སུ་རུང་ལ་རྨས་སྐྱོན་ཕོག་ནས་ཁྲག་མར་པོ་བཞུར་ན་ལམ་སང་ཤི་རྒྱུའི་ཉེན་ཁ་ཡོད་པ་རེད། དེའི་སྐབས་སུ་ཆུ་མེད་ན་གཅིན་ལྡུད་དགོས་པ་རེད་ཟེར་ནས་བཤད་མྱོང་།
གཅིན་ལ་ཕན་ཡོན་ཡང་ཡོད་ན་ཐང་། དེའི་སྐོར་བཤད་པ་ཡག་པོ་བྱུང་། ཡིན་ནའང་། ངེས་པར་འཛེམས་དགོས་པའི་གཅིན་ཡང་མེད་དམ་སྙམ་པས་དེ་ཡང་བཤད་ཐུབ་ན་རྩོམ་ཅུང་ཆ་ཚང་བོ་རེད། དེ་མིན་ཉེན་ཁ་ཞིག་ཀྱང་མེད་དམ། མི་གཟུགས་ཐང་དང་ནད་པ། སྨན་འདྲ་མིན་བསྟེན་མཁན་སོགས་ཇི་རིགས་ཤིག་ཡོད་པས་དེ་དག་གི་གཅིན་ལའང་ཁྱེད་པར་ཆེན་པོ་ཡོད་རྒྱུ་མ་རེད་དམ།
བོད་སྨན་མིང་མ་ངེས་པ་ཞིག་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུས་རྟ་བྱས་ཏེ་འཐུང་དགོས་ཀྱི་འདུག ང་ལོ་བརྒྱད་ཡིན་དུས་ཀྱི་ཉིན་ཞིག་ངའི་ཨ་མ་དང་མ་ནེ་གཉིས་ཀྱིས་བོད་སྨན་ཞིག་ངའི་གཅིན་པ་དང་མཉམ་དུ་བཏུངས་པ་དེ་ད་དུང་དྲན་གྱི་འདུག
ལ་སྟོད་བུ་ལགས། དྲི་ཆུ་བར་པའི་ངོ་སྤྲོད་དང་ལག་ལེན་གསུངས་རོགས། དྲི་ཆུ་འཐུང་དུས་མང་ཉཱུང་ཇི་ཙམ་འཐུང་དགོས་མིན་ཡང་མཁྱེན་མཁན་ཚོས་གསུངས་རོགས། དེ་བཞིན་ལྟོ་སྟོང་ལ་འཐུང་དགོས་པའམ་ལྟོ་འགྲངས་ཀྱི་ཚེ་འཐུང་དགོས་པ། དྲི་ཆུ་བསྟེན་པའི་རྗེས་དེ་གར་ཞོགས་ཟས་ལ་སྤྱོད་རུང་མིན། ཉིན་གུང་དང་དགོང་དྲོའི་དྲི་ཆུ་བསྟེན་རུང་མིན་སོགས་ཀྱང་མཁྱེན་མཁན་ཚོས་གསལ་པོ་གསུངས་རོགས།
དྲི་ཆུ་མིག་ལ་གཏིག་དགོས་སྐོར་གསུངས་འདུག དྲི་ཆུ་ཚ་པོ་གཏིག་དགོས་པ་ཡིན་ནམ་གྲང་མོ་གཏིག་དགོས་པ་ཡིན། མང་ཉུང་ཇི་ཙམ་གཏིག་དགོས་མིན་སོགས་ཀྱང་གསུངས་རོགས།
རྩོམ་ཡིག་རིན་ཐང་ཅན་ཞིག་སྤེལ་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
མེ་ཏོག་དཀར་པོ་ལགས།
ངས་དྲི་ཆུ་བར་པ་ཟེར་བ་དེ་གཅིན་པ་གཏོང་ཐེངས་གཅིག་ཆ་ཚང་སྨྱུག་མདོང་ལྟ་བུའི་སྣོད་ནང་ཞག་གསུམ་བཞག་ནས། དེའི་ཁར་ཆགས་པའི་ཞག་དང་། འོག་གི་སྙིགས་མ་གཉིས་ཕྱིར་དོར་བའི་བར་གྱི་ཆ་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཉིད་ཀྱིས་འགྲེལ་སྟངས་དེའི་ཁུངས་དང་རྒྱུ་མཚན་གསུང་རོགས་གནང་། ང་ལ་དགོས་མཁོ་ཞིག་འདུག
ལས་རླུང་ལགས། དེ་ལ་ཁུངས་དང་རྒྱུ་མཚན་དེ་འདྲ་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་ངའི་རྒན་ལགས་དེས་རང་གཅིན་སྨན་དང་གཞན་གཅིན་དུག་རེད་གསུངས་སྟེ་རང་ཉིད་ཆུང་དུས་མིག་ནད་ཀྱིས་མནར་བ་དང་། རྐང་པར་ལྕགས་གཟེར་ཟུག་སྟེ་རྨ་འཐོན་པའི་སྐབས་རྒན་ལགས་དེས་ཞོགས་གཅིན་ནས་ཏོག་ཙམ་བཏང་རྗེས་བྱུགས་པ་དང་འཐུང་བ་སོགས་བྱེད་དགོས་ཚུལ་གསུགས་གི་ཡོད་སྟབས་དྲི་ཆུ་བར་པ་ཟེར་བ་དེ་ལ་ངོས་བཟུང་དགོས་སྙམ་པ་ཞིག་བྱུང་བ་ཙམ་ལགས།
ད་ག་ལྟ་དུས་གཅིན་འཐུང་མ་མྱོན་མཁན་སུ་ཡང་མེད་པའི་བཟོ་ཞིག་འདུག ཐུགས་རྗེས་གཟིགས་རྒྱུ་ཞིག་ལ་དྲི་ཆེན་གྱི་ཕན་ཡོན་བཤད་མ་འོངས་མ་གཏོགས་མཆན་བུ་ཚོ་ང་ངར་ཁོ་ངར་གྱིས་ཏོག་ཏོག་ཙམ་བཟས་མྱོང་རབས་བཤད་ཡོངས་གོ
གོང་གི་དེ་སྐྱར་བཅོས།
ད་ལྟ་དུས་གཅིན་འཐུང་མ་མྱོན་མཁན་སུ་ཡང་མེད་པའི་བཟོ་ཞིག་འདུག ཐུགས་རྗེས་གཟིགས་རྒྱུ་ཞིག་ལ་དྲི་ཆེན་གྱི་ཕན་ཡོན་བཤད་མ་འོངས་མ་གཏོགས་མཆན་བུ་བ་ཚོ་ང་ངར་ཁོ་ངར་གྱིས་དྲི་ཆེན་༼སྐྱག་པ་༽་ཡང་ཏོག་ཙམ་ཏོག་ཙམ་བཟའ་བ་དང་བྱུགས་པ་སོགས་མྱོང་རབས་མི་བཤད་པའི་ངེས་པ་མིན་འདུག
ཁོ་བོ་གསོ་བ་རིག་པའི་སྐོར་སོགས་ལ་ཆ་རྒྱུས་གང་ཡང་མེད་ཀྱང་། ངས་མཐོང་བའི་འཕྲོད་བརྟེན་སྐོར་གྱི་དེབ་ཞིག་ནང་། གཅིན་པ་ལ་བརྟེན་པའི་གནའ་བོའི་ནད་བཅོས་ཐབས་ནི་ནོར་འཁྲུལ་ཅན་ཡིན་པ་བཤད་འདུག མ་ཟད་གཅིན་པའི་ནང་ནད་འབུ་ཕྲ་མོ་མང་པོ་ཡོད་པས་འཐུང་བ་དང་རྨ་ལ་བྱུག་པ་ནི་ཉེན་ཚབས་ཅན་ཡིན་པ་བྲིས་འདུག དེས་ན་ལྷན་རྒྱས་རྣམ་པས་སྨན་པ་ལ་དྲིས་ནས་དཔྱད་དགོས་པ་ལས་རྩོམ་ཞིག་གི་ཁ་ལ་མཉན་ནས་གཅིན་གྱིས་ནད་གསོ་ཐབས་མ་བྱེད་ན་ལེགས་སྙམ།
གོང་དུ་མདའ་ཚན་པའི་མིང་ཅན་དང་འཇིགས་མེད་བློ་གྲོས་མིང་ཅན་ཟུང་གིས་དོགས་འདྲི། དེའི་སྟེང་བོད་ལ་ཞེན་མཁན་འདིས་བསམ་འཆར་སོགས་ལ་བསོ་བ་རིག་པ་བ་འདྲ་ཡོད་ན་ལན་ཞིག་གནང་རོགས།
གོང་གི་རྩོམ་ལ་ཧར་ཏོག་ཙམ་འདུག ང་རང་ད་ལྟ་ཐེ་ཝན་ལ་བསྡད་ཡོད། ཐེ་ཝན་མི་ཚོ་ན་ན་སྨན་པར་བརྟེན་པ་མ་གཏོགས གཅིན་འཐུང་བ་མཐོང་ཐོས་གང་ཡང་མ་བྱུང་། མི་འབུམ་གཉིས་ཀྱིས་གཅིན་འཐུང་གི་ཡོད་ན་མ་མཐོང་ན་ཡང་ཐོས་ངེས་པ་ཞིག་རེད།
མེ་ཏོག་དཀར་པོ་ལགས།
འོ་ན། དྲི་ཆུ་བར་པ་ཟེར་བ་དེ་ངས་བཤད་པ་ལྟར་ཡིན་དགོས་པ་འདྲ། གསོ་རིག་ཚིག་མཛོད་སོགས་སུའང་དེ་ལྟར་འགྲེལ་འདུག
ལྷན་རྒྱས་ནས་གསུང་གི་ཡོད་པ་དེ། ཆུ་མདོའི་ནང་ནད་རྟོག་བྱེད་ལ།
ནམ་ཕྱེད་ཕན་ཆད་ཟས་ཀྱི་ཆུ་ཕོ་ལ།།
ནམ་སྨད་ནད་ཆུ་བསགས་ཏེ་བལྟ་བར་བྱ།། ཞེས་པ་དང་འཁྲུལ་གྱི་ཡོད་པ་འདྲ་ཞིག་མཐོང་སོང་།
དེ་ལས་རླུང་ཁྱེད་བདེན་སྲིད། ང་ལ་རྒྱབ་རྟེན་རྒན་ལགས་ཀྱིས་གསུངས་པའི་ཕྱིར་ཞེས་པ་ལས་གཞན་གང་ཡང་མེད།
གཅིན་ལ་འབུ་ཡོད་ན་འདྲ་མེད་ནའང་འདྲ། བུ་མོ་ན་ཚོད་སྨིན་བཞིན་པ་སྐྱེས་པ་དང་འཕྲད་པའི་གོ་སྐབས་མེད་མཁན་ཁག་གཅིག་ཕོ་བའི་ནང་གཟེར་དྲག་པོས་འགྲིལ་ལ་ཁད་བྱེད་མཁན་རིགས་གཅིག་འདུག་པ་དེ་ཚོར་སྐྱེས་དར་མའི་གཅིན་ཆུ་ལྟ་བུའི་ནང་ངམ་ཁྲུས་ཆུ་སོགས་སུ་བསྙད་ནས་ཐུར་མ་གང་ཙམ་བཏང་ཐུབ་ན་ཟུག་གཟེར་དེ་མ་ཐག་འཇོམས།
ང་ཚོའི་ཕ་ཡུལ་ནས་གྲྭ་ཚང་གི་ཆབ་གསང་སྨན་དུ་རྩི་གྲུམ་བུ་དང་་སྨ་ཁ་སོགས་ལ་བྱུག་སྲོལ་ཡོད་་འཐུང་མཁན་ཡང་ཡོད།
རྣམ་དག་སེམས་ཀྱི་བསྐྲུན་པའིསྨན་མཆོག་ཉིད།།
གང་དུ་རབ་ཏུ་འཁྱིལ་བའི་དྲའི་ཆུའི་རྒྱུན།།
སྨན་དུ་མཆོད་པའི་སྐྱེས་བུ་གང་ཉིད་ཀྱི།།
རབ་ཏུ་གདུང་པའི་ནད་གཞོམ་པར་ཤོག།
མིག་ཁ་བས་ཕྱིད་པ་ལ།རང་གི་དྲི་ཆུས་བྱུགས་ན་ཕན།
ད་དུང་མཛེར་པ་ལའང་རང་གི་དྲི་ཆུས་བྱུགས་ན་ཕན་པ་སོགས་དྲི་ཆེན་དང་
དྲི་ཆུ་ལ་ཕན་ནུས་བསམ་གྱི་མི་ཁྱབ་ཡོད་དོ།
མེ་ཏོག་དཀར་པོ་ལགས་ནས་དྲི་ཆུ་བར་པའི་སྐོར་ཅིག་བཤད་སོང།
ཡིན་ནའང་ངས་མཐོང་བ་དང་ཐོས་པ་དང་ལག་ཏུ་བླངས་པ་ལྟར་ན།
དྲི་ཆུ་བར་པ་ཞེས་པ་ནི། ཞོགས་པ་སྔ་མོར་ལངས་ཏེ་གཅིན་པ་དང་པོ་གཏོང་དུས་སུ། གཅིན་པ་དེ་ཉིད་རྒྱ་གླིང་གི་བར་ཤིང་བཟོ་འདྲའི་སྙུག་སྦུབས་ཁོག་སྟོང་ཞིག་ལ། ཁུང་བུ་གཉིས་བྱས་ཏེ། ཁུང་བུ་རྣམས་རས་དང་སྲིན་བལ་ལམ་ཤིང་ལས་སོགས་ཀྱིས་ལེགས་པར་བཀག་རྗེས། དེ་ཡི་ནང་དུ་གཅིན་པ་གཏོང་དགོས། དེ་ན་ཅུང་ཞིག་གི་རྗེས་ནས། སྙུག་སྦུབ་ཀྱི་ཁུང་བུ་དང་པོ་དེ་ཕྱིར་འཐེན་རྗེས་གཅིན་པའི་རིམ་པ་དང་པོ་དེ་ཕྱིར་འདོན་དགོས། དེ་ན་ཁུང་བུ་གཉིས་པ་དེ་ཡི་ཤིང་ལས་སོགས་ཁུང་བུ་འགོག་བྱེད་དེ་ཕྱིར་དབྱུངས་ནས། གཅིན་པ་དེ་ཉིད་རང་གི་འཐུང་དགོས། དེ་ལ་དྲི་ཆུ་བར་པ་ཟེར། དྲི་ཆུ་འོག་མ་དང་ཐོག་མ་གཉིས་ཕྱིར་དབྱུངས་དགོས་པའི་རྒྱུ་མཚན་ནི། དྲི་ཆུ་དང་པོ་ནི་གཅིན་པའི་སྦུ་བ་ལས་སོགས་ནད་ཡོད་པ་དང། ཐ་མ་ནི་གཅིན་གྱི་སྙིགས་རོ་སྟེ། ཟས་ཀྱི་སྙིགས་རོ་ཡིན་པས་དེ་ཡི་ལུས་ཁམས་ལ་གནོད་པ་ལས་ཕན་པ་མེད་རབས་བཤད། དྲི་ཆུ་བར་པའི་ངོ་འཕྲོད་ཐུབ་པའི་རེ་བ་ཡོད།
དྲི་ཆུ་འཐུང་ཆོག་་པ་བཞིན། དྲི་ཆེན་ཀྱང་བཟའ་ལོས་ཆོག མ་གཞི་ནས། འདི་དག་གསང་སྔགས་ཀྱི་གཞུང་ནས་ཤིན་ཏུ་གསང་བའི་རྫས་ཡིན་པས་ཁ་གསལ་བྱེད་ཆོག་མིན་མི་ཤེས།
གསང་སྔགས་ནང་རྒྱུད་ཀྱི་གཞུང་ནས། དམ་རྫས་རྩ་བ་ལྔ་ཡི་གནད་དོན་ཤེས་ན། དྲི་ཆེན་དང་དྲི་ཆུའི་ཕན་ཡོན་སོགས་ལེགས་པར་ཤེས་ཐུབ།
ལ་སྟོད་བུས་ཡག་པོ་གསུངས་སོང་། སྨྱུག་དོང་དེ་སྦོམ་པོ་འདྲ་མེད་ན་བུ་མོ་ཚོའི་གཅིན་བཟེད་རྒྱུ་དཀའ་ལས་ཡོད་ཀྱི་རེད། ང་ནི་ནམ་ཡིན་ནའང་བུད་མེད་ཚོའི་བདེ་སྡུག་ལ་དོ་ཁུར་ཆེན་པོ་ཡོད་མཁན་ཞིག་ཡིན། ཧ་ཧ་ཧ།
ལོ་བརྒྱད་དྲི་ཆུ་སྨན་ལ་སྤྱོད་པ་ལས་གང་བྱུང་པ་མི་ཡོང་
ན་ཚ་འགོད་ཁྱབ་ཡོང་གི་ཡོད་ རང་གི་དྲི་ཆུ་རང་གི་སྤྱོད་པ་ལ་ཉེས་པ་མེད་ཚུལ་བཤད་
ལ་སྟོད་ལགས།
ཡོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ལྟར་ན་ཞག་གསུམ་ཉར་དགོས་པ་སོགས་ངས་གོང་དུ་མཆན་བུར་བཀོད་པ་ལྟར་འདུག་པས། དེ་ལ་གསལ་བཤད་ཅིག་གམ། ཡང་ན་རང་ལུགས་དེའི་ཁུངས་དང་རྒྱུ་མཚན་གསུང་རོགས་གནང་།
བོད་ལུགས་་་ཞེས་བྲི་སར་་་ཡོད་ལུགས་ཞེས་བྲིས་ནོར་ཤོར་འདུག་པས་དེ་ལྟར་ནོར་བཅོས་བྱས་པ་ཡིན།
ཧཧཧ་མེ་ཏོག་དཀར་པོ་ལགས།
ཐུགས་ཁྲེལ་གནང་མི་དགོས།
དེང་སང་ཚན་རིག་ཡར་རྒྱས་ཆེན་པོ་ཡིན་དུས། རང་གི་ཕ་མ་གཉིས་མ་གཏོགས་ཕལ་ཆེར་འཇིག་རྟེན་འདིར་ཐོབ་སྲིད་པ་རེད། སྙུག་མ་ཆེན་པོ་བྱེད་མི་དགོས་པར། བུ་མོ་ཚོའི་གསང་གནས་ལ་འགེབ་རྒྱུའི་མགྱིག་ཤོག་ཅིག་གྲྭ་སྒྲིག་བྱེད་དགོས། ཡང་ན། ང་རང་ཚོས་མགྱིག་སྣོད་ཁ་ཆུང་ཆུང་ནང་དུ་ས་སྣུམ་དང་སྣུམ་ལས་སོགས་བླུག་པར་བེད་སྤྱོད་པའི་མགྱིག་གི་ཁ་སྟོད་ཆེ་ལ་ཞབས་སྨད་ཆུང་ཆུང་དུང་ཆེན་གྱི་ཁ་ཞབས་ལྟ་བུ་སྙུག་སྦུབས་ལ་ཤོང་བ་ཞིག་གྲྭ་སྒྲིག་བྱེད་ཐུབ་ན་དེ་ལས་ལས་སླ་བོ་ཞིག་མེད་ཀི།
གལ་ཏེ་ད་དུང་དཀའ་ངལ་འཕྲད་ཚེ་ང་ལ་འབྲེལ་བ་གྱིས་དང། ངས་ལམ་སྟོན་རིན་མེད་ཀྱིས་ཞབས་ཞུ་བྱེད་ཆོག
འོན་ཀྱང་མཛེས་མ་འདྲ་་་་་་་ཧཧཧཧཧཧཧ་ཡང་ཁྱེད་ལ་ཐུགས་ཁྲལ་ཅིག་ཟོས་མི་ཡོང་ངམ།
ལས་རླུང་ལགས།
ངས་མཐོབ་བའི་བོན་གྱི་དཔེ་གཞུང་མང་པོའི་ནང་དུ་འདུག་མོད། དེ་ལ་མོས་མཐུན་ཡོད་མེད་མི་ཤེས།
དེ་དང་མཐུན་པར་རིན་གཏེར་མཛོད་ཀྱི་ནང་དུ་གཟིགས་དང། དེར་དྲི་ཆུ་བར་པའི་ལག་ལེན་བོན་ལུགས་ཀྱི་ལག་ལེན་ཆ་ཚང་བ་ཞིག་འདུག་ཅིང། མ་ཟད་ལྷ་ལ་བོན་གྱི་མཁའ་འགྲོའི་ནང་གི་གཙོ་བོ་ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་སྒོམ་ཚུལ་དང། བོན་གྱི་བླ་མ་ཆེན་པོ་དྲན་པ་ནམ་མཁའ་ལས་སོགས་སྒོམ་ཚུལ་རྒྱས་པར་གསལ་འདུག་པས་དེ་ཡིས་ཁྱེད་ཀྱི་ཐུགས་ཕན་གསོ་ངེས།
ལས་རླུང་ལགས།
ངས་མཐོང་བའི་བོན་གྱི་དཔེ་གཞུང་མང་པོའི་ནང་དུ་འདུག་མོད། དེ་ལ་མོས་མཐུན་ཡོད་མེད་མི་ཤེས།
དེ་དང་མཐུན་པར་རིན་ཆེན་གཏེར་མཛོད་ཀྱི་ནང་དུ་གཟིགས་དང། དེར་དྲི་ཆུ་བར་པའི་ལག་ལེན་བོན་ལུགས་ཀྱི་ལག་ལེན་ཆ་ཚང་བ་ཞིག་འདུག་ཅིང། མ་ཟད་ལྷ་ལ་བོན་གྱི་མཁའ་འགྲོའི་ནང་གི་གཙོ་བོ་ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་སྒོམ་ཚུལ་དང། བོན་གྱི་བླ་མ་ཆེན་པོ་དྲན་པ་ནམ་མཁའ་ལས་སོགས་སྒོམ་ཚུལ་རྒྱས་པར་གསལ་འདུག་པས་དེ་ཡིས་ཁྱེད་ཀྱི་ཐུགས་ཕན་གསོ་ངེས།
རང་གི་དྲི་ཆུ་བར་པ་དེ་འཐུང་བ་དང་འབྱུག་པ་སོགས་གང་གནང་ནའང་་དེ་ནད་མེད་ཐ་མལ་བ་ཞིག་ཡིན་དགོས་སྙམ། ནད་མེད་ཐ་མལ་གྱི་དྲི་ཆུའི་མཚན་ཉིད་ནི། རྒྱུད་ལས། ཐ་མལ་ནད་མེད་གནས་པའི་ཆུ་བསྟན་པ།། ཁ་དོག་འབྲི་མར་བཞུས་འདྲ་སྦྲེ་དྲི་མནམ།། རླངས་པ་ཆེ་ཆུང་ཡུན་རན་མེ་ཏོག་སྙོམས།། ཀུ་ཡ་སྙོམས་ཁྱབ་སྤྲིས་མ་ཀུ་ཆུ་ཙམ།། ལོག་རྗེས་དཀར་སེར་དྭངས་པ་ནད་མེད་ཡིན།། ཞེས་གསུངས་པ་ལྟར་རོ། སྐབས་བབ་ཀྱི་མེ་ཏོག་ནི་དྲི་ཆུ་དཀྲུག་དུས་དྲི་ཆུའི་ཁར་ཡོང་བའི་་ལྦུ་བ་ལ་གོ་དགོས། ཀུ་ཡ་ནི་ནད་ཅན་དང་ནད་མེད་གཉིས་ཀའི་དྲི་ཆུའི་ནང་ཡོང་བའི་རྫས་སྐྱ་སིབ་སིབ་ཏུ་མངོན་པ་དེའི་མིང་ཡིན།
གང་ལྟར་ཡང་གོང་ལ་ལྡོག་པའི་ནད་ཆུ་རྣམས་ནི་འཐུང་འབྱུག་སོགས་བྱ་ན་ཕན་རླབས་ཆེ་བ་ལས་གནོད་ཚབས་མི་ཆེའམ་སྙམ་པའི་བློ་དོགས་ཞིག་ངམ་ངམ་ཤུགས་ཀྱི་འཆར་ཡོང་གི་འདུག ། བློ་ལྡན་དག་གིས་དཔྱོད་རོགས།
ལ་སྟོད་པ་ལགས།
ཐུགས་རྗེ་ཆེ། མོས་མཐུན་ལོས་ཡོད། མ་ཟད་ཕྱག་དཔེ་དེ་དག་དངོས་སུ་མཇལ་འདོད་ཡོད་ཀྱང་། ཡུལ་མཐའ་འཁོབ་ཅིག་ཏུ་ཡོད་པའི་ལས་དམན་ང་ལ་གནས་སྐབས་རིང་མཇལ་རྒྱུའི་གོ་སྐབས་མི་འདུག དེས་ན། ཕྱག་དཔེ་དེ་དག་དྲ་ཐོག་སོགས་སྟབས་བདེའི་འཚོལ་ཐབས་ཤིག་ཡོད་མིན་ལམ་སྟོན་ཞིག་གནང་རོགས་གྱིས།
ཡ་ཡ་ཡ། མ་མཐུང་ཟེར་ན་ཉན་གྱི་མི་འདུག འོ་ན་ཉིན་ལྟར་གཅིན་པ་མང་ཙམ་འཐུང་ཨ། བྱུང་ན་ད་དུང་་་་་་་་་་་་་
ཧ་ཧ་ གྲོགས་པོ་འཇིགས་བློ་ལགས།
དྲི་ཆུ་ཞོགས་ཟས་དང་དགུང་ཟས་དགོང་ཟས་མཉམ་དུ་བཏུང་ན་འགྲིགས་པ་རེད། ད་དུང་ཁ་སྐོམ་ན་ཡང་བཏུང་ན་མ་འགྲིགས་པ་གང་ཡང་མེད་པ་རེད། གཅིག་བྱས་ན་ཁྱོད་ཀྱི་ལྐོགས་གྱུར་གྱི་ན་ཚ་ལ་ཡང་ཕན་སྲིད་པ་རེད། ཧ་ཧ་ཧ་ཧ།
ནད་པས་རང་གི་དྲི་ཆུ་འཐུང་ན་སྨན་དུ་འགྲོ་ཞེས་གསུངས་པས་ཐ་མལ་ནད་མེད་ཀྱི་དྲི་ཆུ་འཐུང་དགོས་ཟེར་ན་འགལ་ཟླ་མེད་དམ། རྒྱུ་མཚན་རྒྱུད་ལས། དེ་ལྟར་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ།། ཉེས་པ་འཁྲུགས་པས་ལུས་ཟུངས་ཉེན་བྱས་ཏེ།། གཉིས་ཀས་དྲི་མ་ལ་ནི་གནོད་པར་བྱེད།། ཅེས་གསུངས་བ་ལྟར་ན་ནད་པའི་དྲི་ཆུ་ནི་ཉེས་གསུམ་གྱི་སྐྱོན་དང་ལྡན་པ་ཞིག་པས་ཡིན།
དྲ་གྲོགས་རྣམ་པ། ང་ལ་དྲི་ཆུའི་ངོ་བོ་ཡང་སྙིང་ཅི་ཞིག་ཡིན་མིན་གསུངས་རོགས
དྲི་ཆུར་དབྱེ་བ་མང་བས་གང་བྱུང་བེད་སྤྱོད་གཏང་མི་ཉན་ལ་མདོ་དོན་ནི་གཉིས་ཡོད། དེ་ནད་པའི་དྲི་ཆུ་དང་། ནད་མེད་ཀྱིས་དྲི་ཆུ་ཡིན། ནད་ཅན་དྲི་ཆུ་ནི་གཞན་ལ་སྤྲད་རྒྱུ་ཕར་བཞག་རང་ཉིད་ཡང་ཐུང་མི་ཉན། ནད་མེད་དྲི་ཆུ་ནི་རང་གཞན་གཉིས་ཐུང་སྤྱོད་བྱས་ན་ཡང་འགྲིག དེ་ཚོའི་སྐོར་ཤེས་དོད་ཡོན་འདྲི་བ་དགོས།