ཨེ་མ་ཧོ།
ཨི་ལྡན་དབྱངས་གསལ་མཛེས་པའི་སྙིང་གཏམ་གྱི་ཚིལ་ལུ།།
ཨུ་དུམ་ཝ་རའི་མགུལ་རྒྱན་ཡིད་སྤྲུལ་གྱི་དམ་རྫས།།
ཨེ་མ་རྒྱལ་སྲས་དགྱེས་པའི་མཆོད་སྤྲིན་དུ་སྨིན་ནས།།
ཨོ་རྒྱན་རིག་འཛིན་བརྒྱུད་པར་ལེགས་སྐྱེས་སུ་འབུལ་ལོ།།
ཀ་ར་བུ་རམ་ལ་སོགས་སྦྲང་དཀར་གྱི་རྩམ་པ།།
ཁ་བའི་ལྗོངས་སུ་གྲགས་པའི་དཀར་ཟས་ཀྱི་འཚོ་བ།།
ག་ས་གང་ལ་བསམ་ཡང་དམར་ཟས་ལས་འཕགས་པ།།
ང་རྒྱལ་མཁན་པོས་བཤད་པ་གནས་ལུགས་ཤིག་མེད་དམ།།
ཅ་ནེ་ཤིང་ཕུར་ཙམ་ལས་འདོད་ཆུང་གི་ཚོགས་དང་།།
ཆ་ལུགས་ཅི་དགར་སྤྱོད་པའི་འདོད་ལྡན་རིགས་ལ།།
ཇ་ཆང་ཁྱད་པར་མེད་པའི་གཏམ་རྒྱུད་གཅིག་མེད་ན།།
ཉ་ཤ་གོ་རེ་རྩོད་པའི་ངལ་བ་འདིས་ཅི་བྱ།།
ཏཱ་ཐ་ག་ཏས་གནང་བའི་རྣམ་དག་གི་ཤི་ཤ།
ཐ་དག་རྒྱ་ལུགས་འབྲེལ་བའི་གསོན་ཤ་དང་སྒོག་ཙང་།།
ད་ལྟའི་དུས་སུ་ཁྱད་པར་མ་ཤེས་ཙམ་ཡིན་ཕྱིར།།
ན་གཞོན་ཁྱད་མེད་མགོ་བོ་རྨོངས་པ་གཟིགས་ཤིག།
པ་སངས་ལྟ་དཀར་དྲི་མེད་ལྷག་བསམ་ཁྱོད་བསམ་ཚེ།།
ཕ་མེས་རིག་གཞུང་འཛིན་སྐྱོང་སྤེལ་བ་ཞིག་ཡིན་ཕྱིར།།
བ་ཞོ་འོ་མ་སྤོངས་བའི་ལྷས་སྦྱིན་གྱི་རྟུལ་ཞུགས།།
མ་ལུས་བདེན་ཁ་སྟེར་བ་ངོ་ཚ་ཞིག་མིན་ནམ།།
ཙཱ་རི་གནས་ཆེན་བཞུགས་ནས་འབི་སྲིན་གྱི་ཁ་ཟས།།
ཚ་ལུ་ཤིང་ཏོག་གསོལ་བའི་སྤྲེལ་རིགས་ཀྱི་ཞིམ་ཟས།།
ཛ་ཡའི་བསྟན་པའི་ངོ་ལ་ཁྱད་པར་ཞིག་མེད་ཀྱང་།།
ཝ་ལེར་མངོན་རྗེས་ཚད་མས་འཇལ་བ་ལ་དཔྱད་འཚལ།།
ཞྭ་གོས་ཐོབ་ཐང་རྩོད་པ་བོད་དོན་ལ་སྦྱར་བ།།
ཟྭ་ཚོད་དཀར་ཟས་བསྔགས་པ་གཞན་དོན་ལ་སེམས་པ།།
འ་ཅག་སྤྱི་དོན་སྒྲུབ་པའི་རྒྱལ་བསྟན་ལ་ཕན་ཕྱིར།།
ཡ་རབ་ཀུན་བཟང་སྤྱོད་པའི་རང་རྒྱུད་འདི་ཐུལ་ཅིག།
རྭ་ལོའི་ཤ་ཆང་སྤྱོད་པ་གསང་སྔགས་ཀྱི་དམ་ཚིག།
ལ་རྒྱའི་དམར་ཟས་སྤོང་བ་རྒྱ་ཆོས་ཀྱི་སྡོམ་པ།།
ཤ་ཟ་ཁྲག་འཐུང་མཛད་པ་སྤྱི་མཐུན་ལ་མི་མཛའ།།
ས་ཐོབ་སེམས་དཔའ་ཕལ་ཆེར་ཞི་དུལ་ལ་གནས་སོ།།
ཧ་ཅང་ལྷག་བསམ་དྲི་མེད་མཁྱེན་བརྩེ་ཡི་མངའ་བདག།
ཨ་ལགས་གློ་བ་དཀར་པོའི་ཀ་རྩོམ་དེ་མཐོང་ནས།།
ཧ་ཤང་བཙུན་པ་རྒན་པོའི་ཀླད་པ་ལ་ཕོག་ནས།།
ཨ་ལ་ཀུ་རེ་མིན་པར་བདེན་གཏམ་ཉིད་ཐལ་ལོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྨིན་ཟླའི་ཟླ་ཚེས་དགེ་བར་བདག་གིས་ཀ་རྩོམ་དེའི་སྔ་རྒོལ་ལྟ་བུ་ཞིག་སྙིང་ནས་དུང་བའི་ལྷག་བསམ་དྲི་མེད་དམ་མཁྱེན་རབ་མཁའ་ལྟར་ཡངས་ཞིང་བྱམས་བརྩེ་དུང་ལྟར་དཀར་བའི་ཆོས་མཆེད་དེ་ལ་བདེན་གཏམ་དང་དྲང་སྲོང་གི་རིགས་ལ་བཅོས་མིན་གྱི་དགའ་ཞེན་ཅན་རིག་འཛིན་རྒྱལ་བའི་གྲལ་མཐའ་བ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དབྱིན་ཡུལ་རི་བོ་གངས་ལྡན་གྱི་མགུལ་ནས་གླུ་རུ་བླངས་པར་དགེའོ།། །།
དྲི་མེད་ལྷག་བསམ་ལ་བྲིས་པའི། །
དྲུང་ཡིག་མེད་པའི་ཨེ་མ་ཧོས། །
དེ་རིང་འདི་རུ་མཐོང་དུས་ངས། །
དོན་མེད་དབྱངས་ད་བྲིས་ཐལ་ཤོར། །
དྲི་མེད་ལྷག་བསམ་འདི་མིང་དོན་མཚུངས་པའི་མཁས་པ་དགའ་ས་ཞིག་རེད། ཨེ་མ་ཧོས་བསྟོད་པ་དེ་དོན་ལ་གནས་པ་ཞིག་འདུག །
དྲི་མེད་ལྷག་བསམ་ཕྱུག་པའི་མཁས་དབང་ལ།།
དྲུ་གུ་སྒྲིལ་འདྲར་དུང་བའི་སྤྲིངས་ཡིག་ཅིག།
དྲེ་བོ་དྲེགས་པའི་རྗེས་སུ་མ་རྒྱུགས་པར།།
དྲོ་འཇམ་སྙན་ངག་དབྱངས་གསལ་ཡི་ག་འོང་།།
ཀརྡོ་གཉེར་ཕྱག་པ་དེ་ཀར་ནག་དྲི།།
གཞན་སྨད་སྡང་ཞུགས་ཁྭ་ཏས་འཁོན་ཚིག་དྲུ།།
ཨེ་མ་ཧོ་ལར་འགྲན་པའི་མིག་སེར་དྲེ།།
མགོ་རུལ་སྣ་ཡིས་མ་ཚོར་དྲི་ངན་དྲོ།།
༄། །དགྱེས་པ་རྡོ་རྗེ་ལ་ཕུལ་བའི་ཀ་ཕྲེང་ཨ་ཝ་དྷུ་ཏིའི་ཆིག་ལབ། །
ཀི་སྒྲས་གནམ་ས་འགེང་བའི་རྨི་ལམ་གྱི་དབང་ཕྱུག །
ཁུ་ཚུར་མཐའ་ལ་ཕྱར་བའི་འཇིགས་བསྐུལ་ཙམ་མིན་པར། །
གུ་གུལ་བདུག་པར་མཚུངས་པའི་གེགས་སེལ་གྱི་ཞལ་གདམས། །
ངུ་མ་དགོད་ཀྱིས་སོར་བཅུའི་སྙིམ་པ་ལ་འཛིན་ནོ། །
ཅི་ཡང་རུང་བའི་མི་ཚེ་སྐད་ཅིག་མའི་ནང་དུ། །
ཆུ་བུར་ལྟ་བུའི་རྣམ་རྟོག་གློ་བུར་དུ་རྡོལ་བ། །
ཇི་སྙེད་འཕྱར་ལ་དགའ་བ་བློ་ཆུང་གི་ངང་ཚུལ། །
ཉུང་ཟད་དྲ་བར་སྤེལ་བ་ཆོས་དབྱིངས་སུ་རོལ་ཅིག །
ཏིང་འཛིན་སྦྱོར་སྒྲོལ་རྒྱལ་བཀའ་ཚད་མ་རུ་བཞག་ན། །
ཐི་བྱ་ཚང་དུ་འཇུག་བཞིན་རེ་དོག་རང་མེད་མོད། །
དུ་ཁས་གཟིར་བའི་སྐྱེ་འགྲོའི་བདེ་ཐབས་སུ་བཞེད་ན། །
ནུ་བོས་དཀར་ཟས་འགོག་པའི་ལུང་རིགས་རྣམས་སྐྱུང་ཆོག །
པི་ཝང་ལྷ་མོ་དཀར་ཟས་ཕུལ་པ་ལ་སྤྲོ་མོད། །
ཕུར་བའི་ལྷ་ཚོགས་དམར་མཆོད་བཞེས་པ་ལ་མཉེས་པས། །
བུ་ངས་རྩ་གསུམ་དགྱེས་པའི་མཆོད་སྤྲིན་ཞིག་མ་རྙེད། །
མུ་མཐའ་མེད་པའི་ཀློང་ཆེན་ཡངས་པ་ལ་དགའ་འོ། །
ཙི་ཙིའི་རྐུ་སེམས་བྱི་ལའི་གསོད་སེམས་གྱི་ཕུག་འདུན། །
ཚུར་མཐོང་འགྲོ་བའི་ལྷན་སྐྱེས་ལས་སྣང་དུ་བཞེད་དེ། །
འཛུལ་ས་འཛུག་ས་འཚོལ་བའི་ཁེ་ཕན་གྱི་ལྟ་གྲུབ། །
ཝུ་བའི་གྲོང་གི་བྱིས་པའི་གཏན་སྲིད་དེ་མིན་ནམ། །
ཞི་བ་ཆེན་པོའི་མདོ་སྔགས་ཟུང་འཇུག་གི་གསུང་རབ། །
ཟུར་དུ་བཞག་ནས་རང་འདོད་ལྟ་གྲུབ་ཞིག་སྤེལ་དུས། །
འུ་ཐུག་ཐབས་ཟད་བདེན་པའི་ངུ་སྐད་ཅིག་ཤོར་བ། །
ཡུལ་གྱལ་དྭ་ཕྲུག་འཆི་ཁའི་སྐད་འབོད་དུ་འགྱུར་ཉེ། །
རི་བོ་གང་བའི་རི་དྭགས་སྙིང་དབུས་ན་རྩིས་ཆེ། །
ལུང་པ་ཁྱབ་པའི་རྟ་ཕྱུག་གཅེས་ཕྲུག་དང་ཁྱད་མེད། །
ཤུལ་ལུས་རྩ་ཆེའི་སྐྱེ་དངོས་སྲུང་བ་ལ་དགའ་མོད། །
སུ་དག་རྒྱལ་གསུང་དགོངས་པ་ལོག་འགྲེལ་དེས་སུན་བྱུང་། །
ཧི་མ་ལ་ཡི་མཁས་གྲུབ་ཐམས་ཅད་ལ་གུས་ཤིང་། །
ཨིན་ཇིའི་ཡུལ་གྱི་རྨི་ལམ་དབང་ཕྱུག་ལ་དུང་པས། །
ཨེ་མ་ད་ནི་བསམ་མི་ཁྱབ་པ་ལ་དམིགས་དེ། །
ཧུ་སྒྲ་འདོན་པའི་ཞིབ་བཤད་ཆུ་ཀླུང་དུ་སྐྱེལ་ལོ། །ཅེས་པའང་དཔལ་དགྱེས་པ་རྡོ་རྗེའི་ཕན་པ་ལྷུར་ལེན་པའི་གླུ་དབྱངས་མཐོང་བའི་མོད་དཀར་ཟས་ལ་དགའ་ཞིང་།དཀར་ཟས་ལ་རོལ་བའི་རྒྱལ་ཁམས་པ་དྲི་མེད་མིང་གིས་ཤར་མར་བྲིས་ཏེ་ཕུལ། །
#3 པདྨ ་ལགས་ཀྱིས་སྤེལ་དོན།:
November 29th, 2015 at 4:14 pm
དྲི་མེད་ལྷག་བསམ་ཕྱུག་པའི་མཁས་དབང་ལ།།
དྲུ་གུ་སྒྲིལ་འདྲར་དུང་བའི་སྤྲིངས་ཡིག་ཅིག།
དྲེ་བོ་དྲེགས་པའི་རྗེས་སུ་མ་རྒྱུགས་པར།།
དྲོ་འཇམ་སྙན་ངག་དབྱངས་གསལ་ཡི་ག་འོང་།།
ཀརྡོ་གཉེར་ཕྱག་པ་དེ་ཀར་ནག་དྲི།།
གཞན་སྨད་སྡང་ཞུགས་ཁྭ་ཏས་འཁོན་ཚིག་དྲུ།།
ཨེ་མ་ཧོ་ལར་འགྲན་པའི་མིག་སེར་དྲེ།།
མགོ་རུལ་སྣ་ཡིས་མ་ཚོར་དྲི་ངན་དྲོ།། ་་་་་་་་་་་་་་ ཟེར།
ཧཧཧཧཧཧཧ། ཧོཧོཧོ།། །།