དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
ཨ་ཝ་དྷུ་ཏིའི་ཆིག་ལབ་རང་བཞིན་གྱི་སྒྲ་དབྱངས།།
ཧ་ཅང་སྙན་པའི་ཀ་ཕྲེང་ཆིག་རྒྱུད་དུ་སྤེལ་བ།།
ཨ་ཏིའི་ཟབ་དོན་མྱོང་བའི་རྣལ་འབྱོར་གྱི་རྒྱལ་པོས།།
ཧ་གོ་དོན་རྟོགས་སོང་བར་སྙིང་དབུས་ནས་དད་དོ།།
ས་སྟེང་གོ་ལར་གནས་པའི་འགྲོ་བ་ཡི་ལྟ་སྤྱོད།།
ཤ་ཟ་ཁྲག་འཐུང་བྱེད་པ་ཉུང་ཉུང་ཞིག་མིན་ཕྱིར།།
ལ་རྒྱའི་དཀར་ཟས་བསྔགས་པ་བདེན་གཏམ་ཞིག་སྲིད་ན།།
རྭ་ལོའི་རྣམ་ཐར་ཚང་མ་དེ་ཉིད་ལ་མ་སྦྱོར།།
ཡ་རབས་བཟང་སྤྱོད་བརྗོད་པའི་ཚོགས་གཏམ་གྱི་གྲལ་ན།།
འ་ཅག་དམར་ཟས་སྨད་པའི་དགེ་འདུན་པའི་བགྲོ་གླེང་།།
ཟ་མ་དཀར་དམར་རྩོད་སའི་རྩེད་མོ་ཙམ་མིན་པར།།
ཞ་ཉེ་དངུལ་ལས་ཞན་ལྟར་བདེན་གཏམ་ཞིག་མིན་ནམ།།
ཝ་ཞྭ་ལྤགས་རིགས་སྤོང་བའི་ལས་འགུལ་ཞིག་སྤེལ་ནས།།
ཛ་ཡའི་བསྟན་པ་སྨན་པའི་ཐབས་མཁས་ཀྱི་བྱ་བཞག།
ཚ་ཤར་སྲེད་པ་དོར་འདྲའི་དྲུག་སྡེ་ཡི་ཚོགས་བཤད།།
ཙ་ཙིའི་རྐུ་གསོད་རྔམས་པའི་དཔེ་བརྗོད་དེ་མཛེས་སམ།།
མ་ལུས་སེམས་ཅན་མགུ་བ་རྒྱལ་ཀུན་ལ་དཀའ་ན།།
བ་ཕྱུགས་མ་བསད་ཙམ་གྱིས་བསྟན་འཛིན་ཞིག་མིན་མོད།།
པ་ར་མི་ཏའི་བྱང་ཆུབ་བསམ་སྤྱོད་ཀྱིས་ཟིན་ན།།
ཕ་མའི་རྒྱུད་སྡེ་འགལ་བ་ཏིལ་འབྲུ་ཙམ་མི་འདུག།
ན་ཚོད་མ་སྨིན་བྱིས་པ་སོར་སྐྱེ་ཡི་ངོ་ན།།
ད་ལྟའི་རྒྱ་ལུགས་འདུལ་གཞུང་ཁྱད་ཆོས་དག་མང་ཕྱིར།།
ཐ་དག་འདྲ་བཟོ་དགའ་བའི་བོད་འབངས་ལ་བསམ་ཚེ།།
ཏ་ཐ་ག་ཏའི་གསུངས་ཀྱི་ཆེ་ཆོས་ཞིག་ལོས་ཡིན།།
ཉ་ཉོག་སྨྱོ་གཏམ་འདྲ་བའི་ཀ་རྩོམ་གྱི་རྟོགས་འབུལ།།
ཇ་འཐུང་ངོ་དགའི་བསྟོད་པའི་ཟོལ་སྦྱོར་དེ་མིན་ཕྱིར།།
ཆ་ལུགས་ཀུན་བཟང་དགྱེས་པའི་ཆོས་མཆེད་ལ་ཕུལ་བ།།
ཅ་ཅོའི་སྨྲ་བར་སོང་ན་མཐོལ་བཤགས་དང་བཟོད་གསོལ།།
ང་རྒྱལ་ལྷ་ཉིད་སྒོམ་པ་མ་ཧྰ་ཡི་རྣལ་འབྱོར།།
གང་བྱུང་ཐོལ་གྱི་ཕྱག་རྒྱ་ཨ་ནུ་ཡི་ཡོ་ག།
ཁ་སྦྱོར་ཀུན་བཟང་དབང་བའི་ཨ་ཏི་ཡི་ཐུགས་དམ།།
ཀ་དག་མཁན་པོས་མཛད་པར་སྙིང་དབུས་ནས་དུང་ཡོད།།
ཀི་བསྭོ་ལྷ་རྒྱལ་འབོད་པ་གངས་ཅན་གྱི་ཆེ་ཆོས།།
ཀུ་རེ་རྩེད་མོ་དགྱེས་པ་ངང་རིང་གི་རྣམ་དཔྱོད།།
ཀེ་ལ་ཤ་ཡི་བུ་རྒྱུད་གདོང་དམར་གྱི་དཔའ་བོར།།
ཀོ་ལྤགས་གནས་མལ་གནང་ན་དམར་ཟས་ལས་གཞན་ཅི།།
གང་ལྟར་ཀུན་རྟོག་རི་མོ་ཟད་མཐའ་དང་བྲལ་ཕྱིར།།
སངས་རྒྱས་ལྷག་གིས་མཁས་པའི་ཁ་བདེ་ཡི་ཚོགས་ལས།།
དྲི་མེད་ལྷག་བསམ་མཆོག་ལ་བདེན་ཁ་ཉིད་སྟེར་ན།།
ཉན་རང་བྱང་སེམས་ལམ་ཡང་དེ་ཀ་རང་ལགས་སོ།།
དྷི་ཏིར་ཡེ་རླུང་རྒྱུ་བ་གཉུག་སེམས་ཀྱི་རྩལ་སྣང་།།
རོ་རྐྱང་མདུད་པ་རང་གྲོལ་ཕ་ཆོས་ཀྱི་བདག་པོ།།
ཡང་གསང་སྦས་པའི་རྣལ་འབྱོར་ངེས་དོན་གྱི་བླ་མ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་སྨོན་ནོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྨྲིན་ཟླའི་དབང་ཕྱོགས་དགའ་བ་དང་པོར་མདོ་སྔགས་རིག་གཞུང་དང་ཆོས་འབྱུང་ལོ་རྒྱུས་རབ་འབྱམས་ལ་རང་བྱན་ཚུད་པའི་མཁས་དབང་དམ་པ་དྲི་མེད་ལྷག་བསམ་ལ་གང་ཤར་དུ་དབྱིན་ཡུལ་རི་བོ་གངས་ལྡན་གྱི་མགུལ་ནས་རྒྱལ་ཁམས་ཀྱི་སྨྱོན་པ་བོད་ཀྱི་བསྟན་སྲིད་ལ་ཡག་དགའ་ཉེས་སྡུག་ཅན་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་བདེན་གཏམ་གླུ་རུ་བླངས་པར་དགེའོ།། དགེའོ།། དགེའོ།།
བདག་གིས་ཤད་རྒྱབ་སྟངས་སྐོར་ལུགས་སྲོལ་གཞན་ཞིག་འཛིན་ཡོད། དེ་ལ་དཔལ་དགྱེས་པ་རྡོ་རྗེ་སོགས་ཀྱིས་རང་ལུགས་དེ་དག་པ་ཡིན། ཤད་གཅིག་རྒྱབ་པ་སོགས་བོད་སྔར་ལུགས་དང་འགལ་བ་ཡིན་དགོངས་ཚོད་ཡོད་ཀྱང་། དང་པོ། ཚིག་རྐང་མུ་མཐུད་ནས་འབྲི་དགོས་པ་ལས་ཉམས་རྒུད་དུ་སོང་བར་མཐོང་། གཉིས་པ། ཤད་གཉིས་པ་དེ་རྐང་པ་ཕྱི་མའི་ཡི་གེ་གང་ཡིན་དང་ཕྲད་པར་བྱས་ཏེ་འབྲི་དགོས་པ་ལ་དེ་ལྟར་མ་བྲིས་པའི་སྐྱོང་དུ་སྣང་། དེ་ཡང་ཕྱི་ལོགས་པ་དག་གིས་བོད་ཀྱི་ཤད་རྒྱབ་སྟངས་ལ་བརྩིས་ཏེ།
་
རང་ཁྱིམ་རྩིག་ཕུག་སྦྲུལ་མཐོང་བཞིན་དུ།
།འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
།སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི།
།ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།། ༡༤༡ དབུ་མ་འཇུག་པ་ལེའུ།
།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།
།རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།
།ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག།
།དོན་ཆེན་ཡི་གེ་དམ་པ་ཡིན།། ༡ [ ལེའུ་༥] འཇམ་དཔལ་མཚན་བརྗོད།
་
འདི་ལྟར་ཤད་རྒྱབ་སྟངས་མཆིས་སོ།
ཁ་བཤད་སླ་བོ་དང་ལག་ལེན་ཡོང་ཡ་ཁག་པོ་རེད། དམར་ཟས་སྤང་ནས་དཀར་ཟས་སྤྱོད་དགོས་ན། བོད་ནང་གི་འབྲོག་པའི་འཚོ་ཐབས་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོག་རེད། གནག་ཕྱུགས་ལ་མ་བརྟེན་པར་འཚོ་ཐབས་ཤིག་སུས་སྟོན་ཐུབ་བམ། ལྟོ་ཡི་གནད་དོན་འདི་ཐག་མ་བཅད་པར་དུ་དཀར་ཟས་དམར་ཟས་གླེང་ནས་རྫོགས་ཀྱི་མ་རེད།
སྐྱོང་དུ་སྣང་། ཞེཨ་པར་སྐྱོན་དུ་སྣང་། ཞེས་བཅོས་སོ།
འབྲོག་པས་ཤ་ཟ་ཁྲག་འཐུང་མ་བྱས་ན། །
གྲུབ་ཆེན་ཤ་ཁྲག་སྤྱོད་ས་ག་ནས་རྙེད། །
་
གསུམ་ལྡན་དགེ་སློང་དམར་ཟས་མ་སྤངས་ན། །
ཐེག་དམན་ཉན་ཐོས་རྣམས་ཀྱིས་འཕྱ་ཉེན་འདུག །
་
བྱེས་འབྱོར་བོད་མིས་དཀར་ཟས་མ་སྤྱོད་ན། །
ཡུལ་བདག་མུ་སྟེགས་རྣམས་ཀྱིས་ཕུད་ཉེན་འདུག །
་
ཛམ་གླིང་ཡོངས་ལ་དཀར་ཟས་མ་སྤེལ་ན། །
སེམས་ཅན་དུད་འགྲོའི་རིགས་བརྒྱུད་ཆད་ཉེན་འདུག །