མི་ཉག་ཀུན་དགའ་བཀྲ་ཤིས།
ཡ་གིའི་རི་བོ་མཐོན་པོ།།
ཉིལ་ནས་ལེབ་མོར་གྱུར་ཀྱང་།།
སེམས་ཀྱི་མུ་ཁྱུད་ཅན་འདི།།
སྔར་བཞིན་བརྗིད་ནས་གནས་ཡོད།།
ཕ་གིའི་ཡངས་པའི་རྒྱ་མཚོ།།
བསྐམ་ནས་སྟོང་པར་གྱུར་ཀྱང་།།
མུ་མེད་སེམས་ཀྱི་ཆུ་གཏེར།།
མ་དཀྲུག་འཁྱིལ་ནས་གནས་ཡོད།།
སྒང་གི་གནམ་མཁའ་སྔོན་མོ།།
ནག་བའི་སྨུག་པས་བསྒྲིབས་ཀྱང་།།
འགྱུར་མེད་ཡིད་ཀྱི་ཀུན་ཁྱབ།།
མུན་པས་དག་ནས་གནས་ཡོད།།
འོག་གི་སྐྱ་མདོག་ས་གཞི།།
འགུལ་ནས་ཕྱོཊ་བཞིར་འཐོར་ཡང་།།
རྟག་བརྟན་སེམས་ཀྱི་ནོར་འཛིན།།
གཡོ་བ་མེད་པར་གནས་ཡོད།།
འགྲམ་གྱི་གཙང་པོ་རིང་པོ།།
འགོག་མེད་གྱེན་དུ་བཟློག་ཀྱང་།།
དལ་འབབ་སེམས་ཀྱི་ངོགས་ལྡན།།
ལུགས་དང་མཐུན་པར་གནས་ཡོད།།
རྒྱབ་ཀྱི་བྲག་རི་གཟར་པོས།།
ཁྱར་ཁྱོར་ག་ཚོད་བྱས་ཀྱང་།།
ཏན་ཏིག་སེམས་ཀྱི་རྡོ་བརྩིགས།།
ཀྲོང་ངེར་ལངས་ནས་གནས་ཡོད།།
གོང་གི་སྡོང་རྒས་ལོ་ལོན།།
ཐང་ཉལ་ཁོག་པ་རུལ་ཡང་།།
ན་གཞོན་སེམས་ཀྱི་རྐང་འཐུང་།།
ཡར་ལ་རྒྱས་བཞིན་གནས་ཡོད།།
མདུན་གྱི་སྤང་ལྗོངས་སྔོ་ལྗང་།།
འཚིགས་ནས་སྐྱ་ཐལ་སོང་ཡང་།།
བསིལ་བའི་སེམས་ཀྱི་རྩྭ་ཐང་།།
བཀྲག་མདངས་རྒྱས་ནས་གནས་ཡོད།།
ཉེ་བའི་རི་བོ་གངས་དཀར།།
ཁྲོས་ནས་གངས་རུད་བརྒྱབ་ཀྱང་།།
མ་ཁྲོ་སེམས་ཀྱི་མཆོད་བྱ།།
དཀར་པོ་དུང་བཞིན་གནས་ཡོད།།
ཐག་རིང་ཉི་མ་སེར་པོར།།
ཚ་དྲོད་འཕོ་འགྱུར་མང་ཡང་།།
གཅིག་འདྲེས་སེམས་ཀྱི་མཁའ་ནོར།།
སྤྱི་སྙོམས་འཕྲོ་ནས་གནས་ཡོད།།
རྒྱང་རིང་སྤྲིན་རྒྱབ་ཟླ་བ།།
ནམ་འཆར་ངེས་མེད་ཡིན་ཡང་།།
བྲལ་མེད་སེམས་ཀྱི་བསིལ་བྱེད།།
ཉིན་མཚན་མེད་པར་གནས་ཡོད།།
སྟེང་གི་སྐར་མ་ཁྲ་ཆིལ།།
འགྲོ་འོངས་རྣམ་དུས་མང་ཡང་།།
འོད་ཆིམ་སེམས་ཀྱི་འགྲོ་བྱེད།།
ལམ་མེར་འབར་ནས་གནས་ཡོད།།
མདོར་ན་ཡོད་པ་ཐམས་ཅད།།
གཏོར་ནས་མེད་པ་ཆགས་ཀྱང་།།
རང་ལ་ཡོད་པའི་སེམས་པ།།
རང་གིས་བཅུན་ནས་གནས་ཡོད།།
སྤྱི་ལོ་༢༠༡༨ ཟླ་བ་༠༨ ཚེས་༠༧ ལ་བྲིས།།
ཤར་ཕྱོགས་འབྲུག་རྒན་ཁྲོས་ཀྱང་། །
ནུབ་ཕྱོགས་སེང་རལ་ངོམས་ཡོད། །
ཛམ་གླིང་ཞི་བདེས་ཕོངས་ཀྱང་། །
རང་ཅག་ཞི་བདེར་གནས་ཡོད། །