སྤོ་ཆུང་ཚང་དོན་གྲུབ་ལྷ་དར།
ཁྱེད་འཁྲུངས་དུས་མེ་ཏོག་རྣམ་པར་བཞད་པའི་སོས་ཀའི་དུས་ཚིགས་ཡིན་ཡང་། སྤྲོ་དགའི་དགོད་སྒྲ་དང་། མཛེས་སྡུག་གི་མེ་ཏོག་མེད་པར། སྐྱོ་སྣང་གི་དབུགས་རིང་དང་། གྲང་ངར་གྱི་བུ་ཡུག་འཚུབ་པའི་འཁྲུངས་སྐར་འདི་ལྟར་བསུ་དགོས་པ་ཇི་འདྲའི་ན་ཟུག་དང་མིག་ཆུ་ཞིག
པཎ་ཆེན་ལགས་ཆུང་སྲིད་རིན་པོ་ཆེ། ཁྱེད་ཀྱིས་མི་ལོ་ཉི་ཤུའི་རིང་འཁྲུངས་སྐར་བཙོན་ཁང་ནང་བསྐྱལ་ཞིང་། ང་ཚོས་མི་ལོ་ཉི་ཤུའི་རིང་ཁྱེད་ཀྱི་འཁྲུངས་སྐར་དབུགས་རིང་གིས་བསུས།
སྤྲོ་སྐྱིད་མེད་པའི་འཁྲུངས་སྐར། བོར་བརླག་ཏུ་སོང་བའི་འཁྲུངས་སྐར། གར་ཡོད་མི་ཤེས་པའི་འཁྲུངས་སྐར། བླ་སློབ་དང་མ་བུ་ཁ་བྲལ་དུ་སོང་བའི་འཁྲུངས་སྐར། ཇི་འདྲའི་མིག་ཆུ་དང་ན་ཟུག་མོད་པའི་འཁྲུངས་སྐར་ཞིག
མངོན་ཤེས་དང་བྱིན་རླབས་ཀྱི་བདག་པོ་བླ་མ་རྣམ་པ། མཐུ་སྟོབས་དང་འཕྲིན་ལས་ཀྱི་བདག་པོ་ལྷ་སྲུང་རྣམ་པ། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་དམ། ཁྱེད་རྣམ་པས་མངོན་ཤེས་དང་འཕྲིན་ལས་བསྐྱེད་པའི་དུས་ལ་བབས་ཡོད། ང་ཚོས་པཎ་ཆེན་ཆུང་སྲིད་བོར་ནས་མི་ལོ་ཉི་ཤུ་འཁོར་སོང་། ལོ་ཟླ་མང་ཞིང་། སྡུག་བསྔལ་ལྕི་སོང་། གསན་བྱུང་ངམ། བླ་མ་དང་ལྷ་སྲུང་རྣམ་པ།
ང་ཚོས་འཐབ་རྩོད་དང་བདེན་རྒྱབ་ཡོད་ཚུལ་གྱི་ཁ་ཕོ་ཇི་ལྟར་བསྒྲགས་ཀྱང་དགུངས་གྲངས་ཉེར་དྲུག་གི་འཁྲུངས་སྐར་དེ་ཉིད། བཙོན་ཁང་ནང་དུ་མི་ལོ་ཉི་ཤུ་འཁོར་བའི་དུས་ཚིགས་ཤིག་ཏུ་གནས་པ་ནི། ངེད་གངས་ཅན་པའི་ངོ་ཚའི་ལེའུ་གཞན་ཞིག་ཡིན་པས། ངས་དེ་རིང་བྲང་ཁོག་ཁུ་ཚུར་གྱིས་རྡུང་བཞིན་ཁྱེད་ཀྱི་འཁྲུངས་སྐར་བསུ།
བོད་དང་བོད་མིའི་དོན་དུ་སྐུ་ཕྲེངས་གཉིས་བསྟུད་མར་བཙོན་དུ་ཚུད་པ་འཛམ་གླིང་གི་ཟིན་ཐོ་ཡིན་ངེས་ཀྱང་། བོད་མིའི་སེམས་ནང་ཟིན་ཐོ་དེ་བོར་ཟིན་པ་ལྟར། ང་ཚོས་ཁྱེད་ཀྱི་དོན་དུ་ཅི་ཡང་བསྒྲུབས་མ་ཐུབ་པ་མ་ཟད། དེ་བས་ཀྱང་ཁྱེད་བཙོན་དུ་འཇུག་མཁན་གྱི་དགྲ་བོ་ལ་འཛུམ་མདངས་ཇེ་མང་དང་། ལག་འཇུ་ཇེ་དམ་དུ་འགྲོ་བ་འདི་ང་ཚོ་ཁྲེལ་མེད་ཅིག་ཡིན་པའི་བདེན་དཔང་རེད་དམ། ཡང་ན་ང་ཚོ་ཁོག་རྒྱ་ཡངས་པའི་ར་སྤྲོད་ཆེད་དུ་རེད།
༧ཀུན་གཟིགས་མཆོག ཁྱེད་སྐུ་ཐོག་གཉིས་བསྟུད་མར་འདི་ལྟར་བཙོན་དུ་བཅུག་པ་འདི། ཁྱེད་༧པཎ་ཆེན་ཡིན་པས་རེད་དམ། ཡང་ན་ཁྱེད་ཀྱི་བདག་པོ་བོད་མི་ཡིན་པས་རེད། དྲི་རྟགས་དང་། སྐྱོ་སྣང་མོད་པའི་འཁྲུངས་སྐར།
དགྲ་བོ་རྒྱ་ནག་ཁྱོད་ཀྱིས་རྣ་བ་གཏོད་ནས་ཉོན་ཨ་་་་་། ཡང་སྲིད་ངོ་མ་བཙོན་དུ་བཙུད་ཅིང་། ཡང་སྲིད་རྫུན་མ་གསེར་ཁྲིར་བཀུར་བ་འདི། ཆོས་དད་རང་དབང་གི་དོན་དུ་རེད་དམ། ཡང་ན་བོད་མིར་ཁྱད་གསོད་བྱེད་སྟངས་གཞན་ཞིག་རེད།
བོད་ཡུལ་དེ་ལོ་ན་ཆུང་ཤོས་ཀྱི་ཆབ་སྲིད་བཙོན་པའི་ཡུལ་གྲུ་ཞིག་ཡིན་པ་འདི་ཉིད། བོད་ལ་རང་དབང་ཡོད་པའི་བདེན་དཔང་རེད་དམ། ཡང་ན་རྒྱལ་སྤྱིར་འགན་འཁུར་བྱེད་སྟངས་གཞན་ཞིག་རེད།
མདོར་ན། ལོ་ངོ་དྲུག་ལས་མ་སོན་པའི་བྱིས་པ་ན་ཆུང་ཞིག་མ་བུ་ཁ་བྲལ་གྱིས་བཙོན་དུ་བཅུག་པ་འཛམ་གླིང་གི་ལོ་རྒྱུས་ནང་གསུབ་ཏུ་མེད་པའི་ནག་ཉེས་ཞིག་ཡིན་པས། སྡིག་ཉེས་དེ་ས་ཡི་གོ་ལས་ཐིག་མི་ཐུབ་པའི་ལྗིད་ཚད་ཅིག་ཡིན་ལ། གངས་ཅན་བོད་མིས་བརྗེད་མི་ཐུབ་པའི་ཤ་འཁོན་ཞིག་ཡིན།། །།
སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཨ་རིའི་ཤར་ཕྱོགས་ནིའུ་ཇེར་སི་ནས་ཕྱི་ལོ་༢༠༡༥། ༤། ༢༤ དགོང་མོར་ཕུལ།། །།
སྐྱོ་གདུང་གི་དབུགས་རིང་འབྱིན་བཞིན་འཁྲུངས་སྐར་ཞུ།
འདི་ནི་ཡང་ན་ལས་དབང་ཞིག་མིན་ན་ཅི།
དྲི་རྟགས་དང་། སྐྱོ་སྣང་མོད་པའི་༼ཀྱི་༽འཁྲུངས་སྐར། པའི་ལས་ཀྱི་འདི་འགྲོ་ཆེ།
་དགུངས་༼དགུང་༽གྲངས་ཉེར་དྲུག
སྡིག་ཉེས་དེ་ས་ཡི་གོ་ལས་ཐིག་༼ཐེག་༽མི་ཐུབ་པའི་ལྗིད་ཚད་ཅིག་ཡིན་ལ།
ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་བདག་གི་ལོ་རྒྱུའས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།
པན་ཆེན་རིན་པོ་ཆེ་མཆོག་གིས་