རྡོ་རྗེ་རིན་ཆེན།
འཁོར་འདས་ཆོས་ཀྱི་གནས་ལུགས་གཟིཊ་ནས་ནི།།
རྫོགས་སངས་རྒྱས་ཀྱང་ཇི་ལྟར་ཉམ་ཐག་པའི།།
འགྲོ་བའི་འདྲེན་པ་བྱང་ཆུབ་སེམས་དཔའི་ཟོལ།།
འཕགས་མཆོག་སྤྱན་རས་གཟིཊ་ལ་ཕྱག་འཚལ་ལོ།།
སྐྱེས་པའི་ཡུལ་དང་བསྐྱངས་པའི་ཕ་མ་སོགས།།
ཐམས་ཅད་བྲལ་ནས་གཞན་ཡུལ་འགྲིམས་གྱུར་ཀྱང་།།
སྣ་ཚོགས་དྲིན་གྱིས་མ་ཡི་བརྩེ་འདང་བཞིན།།
སྐྱོང་མཁས་མ་རྒན་དུས་ཀྱིས་མགྲོན་དུ་བོས།།
མཆོག་གསུམ་རྒྱལ་བ་རྒྱལ་སྲས་དང་བཅས་ལ།།
གསོལ་བ་འདེབས་སོ་མ་རྒན་དྲིན་མོ་ཆེ།།
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་ཆེ།
མྱུར་དུ་འཐོབ་པར་སྐྱབས་ཀྱི་དྭངས་མ་མཛོད།།
ཤ་ཁྲག་རུས་གསུམ་ལས་གྲུབ་ཕུང་པོའི་གཟུགས།།
འདུས་བྱས་མི་རྟག་གཤིས་སུ་གྲུབ་གྱུར་པས།།
རྟག་པ་བརྟན་པ་མེད་ཀྱང་རྣམ་པར་ཤེས།།
ད་ལྟ་གང་དུ་རྒྱུའམ་དྲིན་ཅན་མ།།
ཡུན་རིང་བྱམས་བརྩེ་འགྲོགས་འདྲིས་ཟབ་པ་དང་།།
མཁོ་རྒུ་སྦྱིན་སོགས་བསམ་མི་ཁྱབ་པ་ཡིས།།
བདག་ཅག་རྣམས་ལ་དྲིན་ཅན་མང་བྱས་ལན།།
གསོབ་པར་མ་ནུས་སྙིང་ཁོང་ཆུ་བཞིན་གྲང་།།
བརྩེ་བའི་འཛུམ་དང་སྙན་པའི་གཏམ་སོཊ་རྣམས།།
ཕྱིར་དྲན་སེམས་ཀྱི་ངོས་ལ་ཡང་ཡང་དུ།།
ལན་བརྒྱར་འཆར་མོད་གཉིད་ཀྱི་རྨི་ལམ་ལྟར།།
མཐོང་ཐོས་བྲལ་འདི་སྙིང་ལ་ནད་དུ་ལྡང་།།
དྲིན་ཅན་མ་ཁྱོད་གློ་བུར་གཤེགས་པ་འདིས།།
འདི་སྣང་ཚེ་ཡི་བྱ་བཞག་གང་མཆིས་རྣམས།།
ཡིད་བརྟན་མེད་པ་སྒྱུ་མའི་ངང་ཚུལ་གྱི།།
ཆོས་ཅན་དེ་ལ་ངེས་ཤེས་ཅུང་ཟད་རྙེད།།
ཇི་སྲིད་འཁོར་བའི་འཆིང་ཐག་མ་གྲོལ་བར།།
མ་རྒན་ཁྱེད་དང་ཡང་ཡང་འཕྲད་གྱུར་ནས།།
བྱང་ཆུབ་ལམ་ལ་གཅིག་ཏུ་གཞོལ་གྱུར་ཏེ།།
གཏན་བདེའི་ས་ཆེན་ཟིན་པའི་བཀྲ་ཤིས་ཤོག །
ཅེས་པ་འདི་ནི་དངོས་སུ་སྐྱེས་གནས་བྱང་ཁོག་མ་བརྒྱུད་ཀྱང་རིང་ནས་མ་ལྟར་ཤེས་ཡོན་དང་ཟང་ཟིང་གིས་ཐུགས་བརྩེ་བ་ཆེན་པོས་སྐྱོང་མཁན་དྲིན་ཅན་གྱི་མ་རྒན་ཧན་ནེ་མཆོག དགུང་གྲངས་བརྒྱད་ཅུའི་སྐབས་དུས་ཀྱི་ཆོས་ཉིད་དུ་གྱུར་པར་སྐྱོ་ཤས་ཆེན་པོས་རྡོ་རྗེ་རིན་ཆེན་གྱིས་རྒྱ་གར་བྱང་ཤར་འབར་བོད་ས་མཚམས་སུ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ བོད་ཀྱི་ཕ་མའི་ཉིན་མོར་སྦྱར་པའོ།།