ཆབ་མདོ་ངག་ཕུན།
དྲིན་ཆེན་ཕ་མ་ལགས།
ལོ་ཟླ་དེ་ཙམ་ཞིག་ཕྱིན་ནའང་།
དྲིན་ཅན་གྱི་ཨ་ཕ་མཇལ་སྐལ་བྱུང་མ་སོང་།
སྐབས་རེ་རང་ཉིད་གཅིག་པུ་བསྡད་དེ།
འདས་ཟིན་ལོ་ཟླའི་སྐྱོ་གར་དེ་དག་དྲན་ཐེངས་རེ།
དྲིན་ཅན་ཨ་ཕ་ཁྱེད་ཀྱི་རྣམ་འགྱུར།
སེམས་ཁོངས་སུ་ཝ་ལེར་ཤར་འོང་།
ངའི་བྲང་ཁོག་ཏུ་ན་ཟུག་བཏང་ཐེངས་རེ།
ཁུག་ཀྱོག་ཏུ་མིག་ཆུ་གཏོང་བཞིན་སྡོད་རྒྱུ་ལས་ཅི།
དྲིན་ཅན་གྱི་ཨ་ཕ་ལགས།
དེང་སྐབས་དྲིན་ཅན་གྱི་ཕ་ལོ་ཧ་ཅང་དྲན་གྱིན།
ཕ་མ་དང་ཕ་ཡུལ་ཁ་བྲལ་དགོས།
དེ་འདྲའི་ལས་དབང་བཙན་པ་ལ་ཨང་།
དྲིན་ཅན་གྱི་ཨ་ཕ་ལགས།
སླད་མེད་ཀྱི་བརྩེ་སེམས།
དགའ་བའི་འཛུམ་མདངས་འཕྱུར་བཞིན།
བུ་ཕྲུག་ལ་ལྟ་རྟོག་གནང་ཞིང་།
འདས་ཟིན་པའི་གཏམ་རྒྱུད་མང་པོ་ཞིག་བཤད་མྱོང་ཡོད།
སྐབས་དེ་དུས་ལོ་ཆུང་བའི་དོ་སྣང་བྱ་མ་མྱོང་།
ད་སྐབས་དྲན་དུས།
ཕ་ལོ་ཁྱེད་ཀྱི་གཏམ་ལ་ཅི་འདྲའི་རིན་ཐང་ལྡན་པ་ལ་ཨང་།
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་ལ་གྲ་རིམ་གྱི་ཞྭ་མོ་ནག་པོ་གཡོག་སྟེ།
ཡར་ཐོན་པ་ཚོས་འཐབ་འཛིང་བཏང་བ།
ད་ལྟ་ཡང་ངའི་སེམས་ནང་བརྗེད་ཐབས་ཤིག་གཏན་ནས་མི་འདུག
དྲིན་ཅན་གྱི་ཨ་ཕ་ལགས།
འཐབ་འཛིང་དང་མཐོང་ཆུང་ག་ཚད་བཏང་རུང་།
སེམས་ནང་འཇིགས་ཞུམ་མེད་པ།
དཀའ་སྡུག་ཁག་ལ་གཏོང་ལེན་གནང་བས།
ཁྱེད་ནི་དེ་འདྲའི་དཔའ་རྒོད་གཅིག་མ་རེད་དམ།
དྲིན་ཅན་གྱི་ཨ་ཕ་ལགས།
སྐབས་རེ་སྣ་ཐ་སེར་མོ་གང་རེ་བརྡབ་སྟེ།
བསམ་ཞིག་གནང་བའི་གཟུགས་བརྙན་གསོན་པོ།
ང་ཡི་སེམས་ནང་ད་སྐབས་ཝ་ལེར་ཤར་ཡོང་གི།
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་ནི་ཁྱིམ་ཚང་གི་ཐོ་རེངས་ཀྱི་སྐར་རྒྱན་དང་།
འགྱུར་མེད་རི་རྒྱལ་ལྷུན་པོ་ལྟ་བུ་ཡིན།
དྲིན་ཅན་གྱི་ཨ་ཕ་ལགས།
ངེད་ཕ་བུ་གཉིས་ཚེ་འདིར་མཉམ་འཛོམས་མ་བྱུང་རུང་།
སླར་དྲིན་ཅན་གྱི་ཕ་ལོ་ཁྱེད་མི་ལུས་བཟང་པོ་ཞིག་བླངས་ཏེ།
གངས་ཅན་ལྗོངས་སུ་སྐྱེ་བར་སྨོན།