(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
བོད་འབྱོར། འོད་གསལ་མཐའ་ཡས་ནས།
ཨེ་མ་ལས་ཅན་འགྲོ་བའི་སྐྱབས་གཅིག་ཏུ་གྱུར་པའི། །
ཐོག་མེད་བསགས་པའི་སྡིག་ལྟུང་དྲུངས་འབྱིན་གྱི་གཉེན་པོ། །
དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བདག་ཉིད། །
ལྷག་པའི་ལྷ་མཆོག་རྡོ་རྗེ་སེམས་དཔའ་ལ་འདུད་དོ། །
སྔོན་བསགས་ལས་འཕྲོ་བཟང་པོའི་ཉེར་ལེན་ལ་བརྟེན་ནས། །
བསིལ་ལྡན་ཁ་བའི་ལྗོངས་འདིར་ལན་གཅིག་ཏུ་སྐྱེས་ཤིང་། །
འཇིག་རྟེན་འཁྲུལ་སྣང་འཁོར་བའི་བྱ་བཞག་ལ་གཡེངས་ནས། །
དོན་མེད་མི་ཚེ་ཟད་ལ་སེམས་པ་འདི་སྐྱོ་འོ། །
ཆུང་ནས་གཉོར་སྐྱོང་བྱེད་པའི་དྲིན་ལྡན་གྱི་ཕ་ལོ། །
ཚེ་རབས་ལས་ཀྱིས་བཀོད་པའི་ལས་དབང་ལ་བརྟེན་ནས། །
མི་འདོད་འབྱུང་བཞི་འཁྲུགས་པའི་ཉེར་འཚེ་ཡི་སྟོབས་ཀྱིས། །
བཟློག་མེད་གཤིན་ཡུལ་འགྲིམ་པའི་སྣང་ཚུལ་འདི་སྐྱོ་བ། །
ལས་འབྲས་བསླུ་མེད་དཀར་ནག་རྗེས་འབྲང་ནི་བྱས་ཏེ། །
སྐྱབས་མེད་བར་དོའི་གནས་སུ་གཅིག་པུ་རུ་འཁྱམས་པའི། །
བུ་ངའི་དྲིན་ཆེན་ཕ་ལོའི་ལས་དབང་ལ་བསམས་ན། །
ནམ་ཡང་བརྗེད་དུ་མེད་པའི་སྐྱོ་བ་ཡི་གཞི་མ། །
ཞིམ་པའི་བཟའ་བཏང་བཟང་པོའི་ཕུད་ཀྱིས་ནི་གསོས་ཏེ། །
རབ་མཛེས་རིན་ཐང་ལྡན་པའི་གོས་བཟང་གིས་བརྒྱན་ནས། །
བུ་ཁྱོད་ཐོས་བསམ་གནས་ལ་ལྷོད་མེད་དུ་བརྩོན་ཞེས། །
བརྩེ་བའི་བསླབ་བྱ་བཟང་པོ་ནམ་དུ་ཡང་བརྗེད་མེད། །
བརྩེ་བའི་བསླབ་བྱ་རེ་རེ་རིན་བྲལ་གྱི་ནོར་བུ། །
བྱམས་པའི་དྲིན་གྱིས་བསྐྱངས་བའི་བཀའ་དྲིན་ནི་གཞལ་མེད། །
བུ་ངའི་སེམས་ཀྱི་གཏད་སོ་ཕ་ལོ་དང་ལྷན་དུ། །
ཡུན་རིང་འགྲོགས་ཁོམ་མེད་པའི་སྐལ་བ་འདི་དམན་འདུག །
སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད་དེ་མ་བསམས། །
སྐད་ཅིག་མི་རྟག་འདུས་བྱས་རང་བཞིན་ཡང་མ་དྲན། །
ཆུང་ནས་གཉོར་སྐྱོང་བྱེད་པའི་བཀའ་དྲིན་དེ་དྲན་ནས། །
བྱམས་བརྩེ་ཕ་ལོ་དྲན་པའི་སྐྱོ་གཏམ་འདི་ཤོར་སོང་། །
བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ནི་ཅི་མཆིས། །
སྐྱབས་མེད་བར་དོའི་གནས་སུ་གཅིག་པུ་རུ་འཁྱམས་པའི། །
དྲིན་ཆེན་ཕ་ལོས་གཙོར་བྱས་འགྲོ་ཀུན་ལ་བསྔོ་ན། །
བདེ་ཆེན་དག་པའི་ཞིང་དུ་སྐྱེ་བ་རུ་སྨོན་ནོ། །
སྤྱིར་ན་འགྲོ་བའི་བདེ་སྡུག་དགེ་སྡིག་ལས་འབྱུང་ཞེས།།
གསུང་རབ་དགོངས་་དོན་ཡིན་པ་ཉི་ཟླ་ལྟར་གྲགས་ཀྱང་།།
བཙན་ཐབས་འཚང་རྒྱ་བླ་མའི་ཕོ་བ་ལ་བརྟེན་ནས།།
དག་པའི་ཞིང་དུ་བགྲོད་པའི་མྱུར་ལམ་ཡང་འདུག་གོ།
གལ་ཏེ་དེ་ལྟར་བདེན་ན་རྣམ་འདྲེན་གྱི་ཐུགས་རྗེས།།
འགྲོ་དྲུག་ཡལ་བར་བོར་བའི་མཚན་མ་ཡང་དབེན་པས།།
ཅི་པྱིར་འཁོར་བའི་འདམ་ལས་མ་དྲངས་སམ་ཞེ་ན།།
དོན་མཐུན་ལན་ཞིག་འདེབས་པའི་སྨྲ་སྒོ་ནི་མཆིས་སམ།།