བསྟན་འཛིན་འཇམ་དཔལ།
ཧི་མ་ལ་ཡ་རུ་གྲགས་པའི།།
རབ་མཐོ་རི་རྒྱུད་དེའི་རྒྱབ་ན།།
གཅེས་པའི་བུ་གཅིག་དང་བྲལ་བའི།།
དྲིན་ཆེན་མ་ལོ་ལགས་གསོན་དང་།།
ངེས་མེད་འཇིག་རྟེན་གྱི་ཁམས་འདིར།།
ངོ་མཚར་སྐྱེ་ཡུལ་མང་མཆིས་ཀྱང་།།
དྲིན་ཆེན་ཨ་མ་ལས་ལྷག་པའི།།
ངོ་མཚར་སྐྱེ་གཞི་ཞིག་མི་འདུག །
རང་དོན་ལྟག་རྒྱབ་ཏུ་བསྐྱུར་ནས།།
རང་བུར་བདེ་སྐྱིད་ཉིད་འབྱུང་ཕྱིར།།
རང་གི་ཡོད་ཚད་བློས་བཏང་བའི།།
དྲིན་ལྡན་མ་ལོ་ལགས་དྲན་བྱུང་།།
གཤོག་རྩལ་འདབ་མ་ལ་བརྟེན་ནས།།
མངོན་མཐོའི་མཁའ་དབྱིངས་སུ་རྒྱུ་བའི།།
བྱ་རྒྱལ་ཐང་དཀར་གྱི་རྒོད་པོ།།
བྱང་ཕྱོགས་བོད་ཡུལ་དུ་འཕུར་རམ།།
བུ་ངའི་བདེ་སྡུག་གི་གནས་ཚུལ།།
གཞིས་བཞུགས་ཨ་མ་ལ་ཞུས་ཏེ།།
ཁོ་མོའི་དྲན་གདུང་དང་སྡུག་བསྔལ།།
རྩད་ནས་སེལ་ཐབས་ཤིག་བྱུང་ན།།
རྒྱུས་མེད་ས་མཐའ་རུ་འཕྱན་ནས།།
ལུས་པོ་གཞན་ཡུལ་དུ་གནས་ཀྱང་།།
བྱམས་ལྡན་ཨ་མ་ཡི་ཕྱོགས་ལ།།
སེམས་པ་དབང་མེད་དུ་འཁོར་འགྲོ །
རིག་གསར་རླུང་འཚུབ་ཀྱི་ཁྲོད་ནས།།
རྒྱ་འདྲེའི་སྡིག་ཁྲིམས་དང་ལྷན་དུ།།
ཟླ་དགུར་གྲོད་ཁོག་ནང་འཁུར་བའི།།
ལུས་བསྐྲུན་ཨ་མ་མཆོག་དྲན་བྱུང་།།
དབྱར་གྱི་ཚ་གདུང་ལས་བསྐྱབས་ཤིང་།།
དགུན་གྱི་གྲང་ངར་ལས་བསྲུངས་ཏེ།།
བཅུད་ལྡན་ནུ་ཞོ་རང་སྦྱོར་བཞིན།།
བུ་ངའི་འཚར་ལོངས་ཆེད་སྡུག་མྱངས།།
ངུ་སྐབས་ཚིག་འཇམ་གྱི་ངག་སྤྲོད།།
གྲང་དུས་ཤ་དྲོད་ཐོག་གླན་ཞིང་།།
ན་ཚེ་སེམས་ཁྲལ་རྟག་བྱེད་པའི།།
བརྩེ་ལྡན་ཨ་མ་ལགས་དྲན་བྱུང་།།
བུ་ཆུང་སྤྲོ་དགའ་ཅུང་འབྱུང་ཕྱིར།།
མེད་ན་ཡོད་ཁུལ་གྱི་ཉམས་སྟོན།།
སྡུག་ཀྱང་འཛུམ་ཞལ་ཉིད་སྟོན་པའི།།
བྱམས་ལྡན་མ་ལོ་ལགས་དྲན་བྱུང་།།
སྐྲག་དུས་ཨ་མ་ལས་མི་དགོས།།
ལྟོགས་དུས་ཨ་མ་ལས་མི་མཁོ།།
སྐོམ་ཚེ་ཨ་མ་ལས་མི་ཕན།།
དྲིན་ཆེན་མ་ལོ་ལགས་དྲན་བྱུང་།།
བུ་ཆུང་བདེ་སྡུག་གཉིས་གང་བྱུང་།།
དེ་རྗེས་འགྲོ་ལྡོག་རང་བྱེད་ཅིང་།།
ཨ་མའི་སྐུ་ལུས་དང་ཐུགས་ཡིད།།
བུ་ངར་དབང་བ་དེ་ངོ་མཚར།།
བུ་ངའི་མདུན་ལམ་གྱི་ཆེད་དུ།།
དཔེ་ཁུག་ཆུང་ཆུང་ཞིག་བསྐོན་ནས།།
ཆེད་སྦྱོང་སློབ་གྲྭ་རུ་བསྐྱལ་བའི།།
ཐུགས་ཡངས་ཨ་མ་ལགས་དྲན་བྱུང་།།
རྒྱུ་ནོར་ཅུང་ཙམ་ལས་མེད་ཀྱང་།།
བུ་ངའི་མ་འོངས་པའི་ཆེད་དུ།།
ཡོད་ཚད་ཕངས་མེད་དུ་སྦྱར་བའི།།
དྲིན་ལྡན་ཨ་མ་མཆོག་དྲན་བྱུང་།།
དེ་ལྟར་བརྩེ་གཟིགས་སྒོས་བསྐྱངས་ཀྱང་།།
བུ་ཆུང་འགྲོ་འདུག་དེ་འཁྱོང་སྐབས།།
དྲིན་ཆེན་ཨ་མ་དང་བྲལ་ནས།།
ས་མཐར་འཁྱམས་པ་དེ་ཅིས་ནོངས།།
བུ་ངར་དུས་རྒྱུན་དུ་བཅངས་པའི།།
ཐུགས་རེ་ཆེན་པོ་ཁོ་མ་འགྲུབ།།
ད་ལྟ་དྲན་གདུང་ངང་བཞུགས་པའི།།
ཨ་མར་བཟོད་གསོལ་འགའ་ཞུས་ཡོད།།
མ་བརྟགས་ཕྱི་ཚུལ་རང་ཙམ་ལ།།
སྡུག་ལ་སྦྱར་བ་ཉིད་འདྲ་ཡང་།།
བུ་ཆུང་ས་མཐའ་ལ་འཁྱམས་པ།།
ཨ་མར་གནོད་འདོད་ཕྱིར་མ་ཡིན།།
ཀུན་རིག་མངོན་ཤེས་ཤིག་ཡོད་ཚེ།།
བུ་ངའི་གསོན་སྙིང་ནང་གཟིགས་ཏེ།།
སྡིག་སེམས་ཡོད་མེད་ལ་བརྟག་ན།།
བུ་ང་བདེ་ལྷོད་ཅིག་ཆགས་འགྲོ །
ལད་ཟློས་རྨོངས་དད་དེ་ངར་མེད།།
ངོ་སྲུང་ཕྱོགས་ཞེན་ཡང་ངར་མེད།།
གཞན་ཡུལ་ཁྱི་ལྡོམ་བཞིན་གྱར་དོན།།
ཨ་མའི་དགོས་མཁོར་ཡང་འབྲེལ་ཡོད།།
ཨ་མའི་བཀའ་དྲིན་རང་བསམ་བཞིན།།
ས་མཐའི་སྡུག་ཡུས་དང་ལྷན་ཅིག །
རང་འདོད་བདེ་ལམ་དུ་བསྐྱོད་པས།།
མ་ལོ་ཐུགས་ལྷོད་ངང་བཞུགས་རོགས།།
བདེ་ལྡན་དག་ཞིང་དུ་སླེབས་ཀྱང་།།
དམྱལ་བ་མནར་མེད་དུ་ལྷུང་ཡང་།།
དྲིན་ཆེན་སྐྱེད་མ་ཡི་ཕྱོགས་ལ།།
སེམས་ཀྱི་འབྲེལ་ཐག་ཁོ་མི་ཆོད།།
སྐུ་དྲིན་གཞལ་མཐའ་རང་མེད་ཀྱང་།།
ཆ་ཡི་ཆ་ཙམ་ཞིག་འཇལ་ཕྱིར།།
རྩོམ་པའི་ལས་བཟང་ལ་ཕྱོགས་པས།།
བུ་ངའི་བསམ་དོན་ཁོ་གསལ་ཡོང་།།
བུའི་སྟེང་ཐུགས་ཞེན་རང་མ་ལོག །
བུ་སར་དགོངས་ཚོམ་ཡང་མ་བཞེས།།
ཉི་ཟླའི་འཁོར་ཕྱོགས་ལ་ནོར་ཡོང་།།
བསམ་པ་གཏན་མེད་དེ་ངས་ཤེས།།
མགོ་དཀར་རྒན་མོ་རེ་མཐོང་དུས།།
ཡིད་བློར་ཨ་མ་ལགས་འཁོར་ཡང་།།
དངོས་མིན་འཁྲུལ་སྣང་དུ་སེམས་ཀྱིན།།
བཟློག་ཐབས་གཉེན་པོ་ལ་བརྩོན་ནོ།།
འོན་ཀྱང་དྲན་གདུང་ཁོ་ལྕི་བས།།
དྲན་སེམས་མགོ་བོ་དེ་མི་ནོན།།
སྐབས་རེར་རྨི་ལམ་ནང་མཇལ་རྗེས།།
སྙིང་རླུང་སྟོད་ཕྱོགས་ལ་འཆང་ཡོང་།།
བུ་ངའི་དྲན་གདུང་ལས་ལྷག་པར།།
ཨ་མར་ལྡབ་འགྱུར་གྱིས་ཆེ་ཡང་།།
སླར་མཇལ་སྐབས་བྲལ་ཞིག་ཡིན་པས།།
མ་ལོ་ཐུགས་བྲེལ་རང་མ་གནང་།།
ཨ་མ་སྐུ་བརྟན་ཉིད་ཡོང་ཕྱིར།།
སྣ་རེའི་དགེ་ལས་ལ་བརྩོན་ཞིང་།།
མངོན་མེད་ལྷ་བླ་ཡི་རིགས་ལ།།
སྐྱབས་འཇུག་སྔ་ས་ནས་ཞུས་ཡོད།།
བྱིན་མཐུ་ཡོད་མེད་དེ་མི་ཤེས།།
བསྙེན་བཀུར་མཆོད་འདུད་ཅིག་བྱ་ན།།
དངོས་འབྲེལ་སྐུ་དྲིན་གྱིས་བསྐྱངས་པའི།།
ལྷ་མཆོག་ཡུམ་ཆེན་གྱིས་ཆོག་འདུག །
འདི་ལྟར་ཨ་མ་ལགས་དྲན་གླུ །
གོ་བདེའི་ཡིག་ལམ་ལ་དྲངས་སྟེ།།
བཙན་བྱོལ་བོད་གཞུང་གི་བསྟི་གནས།།
རྡ་རམ་ས་ལ་ནས་བླངས་སོ།།
༼འདི་ནི༢༠༠༢ ལོའི་ཟླ་༢ ཚེས་༡ ཉིན་གྱི་ཉིན་ཐོའི་ནང་ཉར་ཡོད་པ་ཞིག་ད་རེབ་ཨ་མའི་ཉིན་མོ་དང་བསྟུན་ནས་ཕུལ་བ་ཡིན༽