དྲིལ་ལྕེ།
བཀྲ་ཤིས་རྫོང་དགོན་པ་ནི་ས་རྡུལ་འཚུབ་འཚུབ་ཀྱི་དགོན་པ་ཞིག་ཡིན། ང་རང་དགོན་པ་འདིར་གྲྭ་བ་བཟོ་དུས་ལོ་ན་བཅུ་དྲུག་ཙམ་རེད། ད་དུང་ངའི་སེམས་ལ་ཝ་ལེར་དྲན་པ་ནི། དགོན་ཆེན་འདིའི་ནང་དུ་ཐོན་མར་ཐོན་དུས། རང་ལུས་འདོམས་གང་བོ་དེ་གོས་སྨུག་གསར་བ་གསར་རྐྱང་ཞིག་དང་། རྒྱ་ལྷམ་གསར་བ་ཞིག་གྱོན་པ་དེ་རེད། སྐབས་དེར། ངའི་སེམས་ལ་ཧ་ཅང་སྨྲ་མི་ཤེས་པའི་དགའ་སྣང་ཞིག་དང་། སྐྱིད་པོ། སྤོབས་པ་ཞིག་སྐྱེས་བྱུང་། འདི་ལྟ་བུའི་ཚོར་སྣང་ཞིག་རང་ལོ་བཅུ་དྲུག་བར་སྐྱེས་མ་མྱོངས། སྐྱིད་དང་སྤོབས་པ་ཟེར་བ་ནི། རང་ཉིད་ལ་ཆེས་གསར་བའི་ཚོར་སྣང་ཞིག་རེད། དྲང་མོ་བརྗོད་ན། ངའི་མི་ཚེ་ནང་རང་ལུས་གང་བོ་འདིའི་རྐང་ནས་མགོ་བར་གྱོན་གོས་གསར་བ་ཞིག་གྱོན་པ་དེ་རིང་གི་ཉིན་མོ་འདི་རེད། ཉིན་གང་ལ་རྐང་གི་རྒྱ་ལྷམ་ཐོག་བལྟས་ཏེ་ས་རྡུལ་ཕྱགས་གང་ཐུབ་བྱས་པ་དང་། ཡང་ཡང་ལྷམ་ཐོག་གི་ས་རྡུལ་འཕྱག་པར་བསུན་སྣང་གིས་དགོན་པའི་རྒྱབ་ཀྱི་རྡུལ་འཚུབ་འཚུབ་ཀྱི་རི་བོ་དེ་དང་། རྐང་འོག་གི་སྲང་ལམ་དེ་དག་ལ་ཁོང་ཁྲོ་དང་མ་དགའ་བ་བྱུང་། ཡིན་ནའང་། མགོ་ཡི་སྐྲ་བཞར་ནས་དཀར་སངས་སེ་དང་ལུས་སུ་དམར་སྨུག་གོས་ཀྱིས་གཡོགས་པའི་དེ་རིང་ང་རང་ནི། དགོན་པའི་འདུ་ཁང་གི་ཡང་རྩེ་ན་གསེར་ལྷང་ངེར་འཚེར་བའི་གསེར་ཏོག་དང་གཅིག་པ་གཅིག་རྐྱང་རེད།
ཚོགས་ཀྱི་མཁར་རྔ་རྡུང་བྱུང་། གྲྭ་མང་ཚོ་ཚོགས་ཆེན་འདུ་ཁང་གི་ཕྱོགས་སུ་བཞུར། དགོན་པའི་འདུ་ཁང་ནང་། ལོ་ཡི་ན་རིམ་ལྟར་གདན་དུ་བཞུགས་ཡོད་པ་ལྟར་སྣང་། ཡིན་ནའང་། ང་རང་ནི་གསར་བ་ཡིན་སྟབས། རང་ཉིད་ལ་ཁ་ཕྱོགས་ཅི་ཡང་མེད་པར་སྡོད་ས་ཞིག་རེག་ཅི་ཐབས་བྱས་པ་ཡིན། མཐར་མར་ང་རང་གྲྭ་ཕྲུག་ཚོའི་དཀྱུལ་དུ་མདུང་རིང་གནམ་དུ་འཕངས་པ་ལྟར་ལྷག་འདུག དབུ་འཛིན་གྱིས་ཞལ་འདོན་འགོ་བཙུགས་པ་དང་མཉམ། འདུ་ཁང་ནང་ཆོས་ཀྱི་སྒྲས་ཁྱབས་སོང་། ཆོས་ཀྱི་སྒྲ་འདིས་རང་ཉིད་ལ་དོགས་མི་བདེ་བ་ཞིག་དང་། ཧ་ཅང་ངོ་ཚ་བོ་བཟོས། ལྷག་པར་དུ། གཡས་གཡོན་གྱི་གྲྭ་ཕྲུག་གཉིས་ཀྱི་ཁ་ནས་ཞལ་འདོན་གསལ་ལྷང་ངེར་ཐོན་ཡོང་དུས། ངའི་ཐོད་པའི་ངོས་སུ་རྔུལ་ཆུ་འབུས་འགོ་བཙུགས། ཆུ་ཚོད་ཕྱེད་ཙམ་གྱི་རྗེས། རང་ཉིད་ལ་དོགས་མི་བདེ་བའི་སྣང་བ་དེ་ཡང་། རིམ་བཞིན་མེད་པར་གྱུར། ལུས་ཀྱི་མགོ་བོ་དེ་ཡང་ཡར་འགྱོགས་ཐུབ་པའི་སྤོབས་པ་བྱུང་། ནང་ཁུངས་ཆགས་པའི་འདུ་ཁང་འདིའི་ནང་། ངས་གསལ་བོ་ཞིག་མཐོང་མི་ཐུབ་ཀྱང་། རང་ཉིད་ཀྱི་ཁ་གཏད་དུ་ལངས་པའི་ཀ་བ་དེ་ནས་འགོ་བཙུགས་ཏེ་འདུ་ཁང་འདིའི་ནང་ཞིབ་ལྟ་བྱས་པ་ཡིན། འདུ་ཁང་གི་ཀ་རྒྱན་ལ་ཡང་འདི་ལྟ་བའི་རི་མོ་དང་། མཛེས་རྒྱན། རྙོག་དྲ་ཆེ་ལ་ཞིབ་ཚགས་ལྡན་པ་ཞིག་ཡོད་པ་ངའི་ཀླད་པའི་ནང་འཆར་མྱོངས་མེད། ལྟ་བཞིན་ལྟ་བཞིན་གྱེན་ཐང་༼རྩིག་གྱང་ངོས་ཀྱི་ཐང་ག༽རེ་རེ་དང་། སྐུ་འདྲ། འབག་སྐུའི་ཞལ་དང་དབུ་ཞྭ། མནབ་བཟའ་དང་རྒྱན་ཆ། ཕྱག་ཏུ་བསྣབས་པའི་མདའ་མདུང་རལ་གྲི། པདྨ་འཁོར་ལོ། མཆོད་སྐོང་མཆོད་མེ། ཆོས་དཔེ་སོགས་རིག་རྒྱུ་བྱུང་། རང་ཉིད་སྔ་མོ་འདུ་ཁང་འདིའི་ནང་ཆོས་མཇལ་ཞུ་བར་ཡོང་མྱོངས་ན། འདི་ལྟ་བའི་ཞིབ་ཚགས་ཤིག་བལྟས་པ་ངའི་མི་ཚེ་ནང་ཐོག་མ་ཡིན། ཚོགས་གྲོལ་བ་ན། ལུག་ཁྱུ་ཁྲོད་སྤྱང་ཀི་རྒྱུགས་པ་ལྟར་གྲྭ་ཕྲུག་ཚོ་འུར་ལངས་ངེར་ཕྱི་ལོགས་སུ་ཤོར་སོང་། རང་ཉིད་ཁྱམས་ར་ཐོན་དུས་ངའི་ལྷམ་ཡ་གཅིག་སྔར་གནས་སུ་འདུག ལྷམ་ཡ་དེ་ངའི་བྲང་ཁར་སྦྱར་ཏེ་ལྷམ་ཡ་གཞན་དེ་འཚོལ་བ་ཡིན། མཐའ་མར་ངས་རང་གི་ལྷམ་ཡ་དེ་མཐོང་དུས། འདུ་ཁང་ཁྱམས་ར་ན་ང་དང་ངའི་ལྷམ་གཉིས་ལས་སུ་གང་ཡང་མི་འདུག
ང་སྡོད་སའི་ཨ་ཁུའི་ཤག་ནི་རྒྱ་ཆེན་པོ་ཞིག་མ་རེད། ཡིན་ནའང་། གྲྭ་ཤག་གི་ལྷས་ར་ན་ཆང་བ་ལུ་༼ཤིང་ཏོག་ལི་༽ཤིང་སྡོང་ཆེན་པོ་ཞིག་ཡོད། ཤིང་སྡོང་དེ་སྐྱེས་སྟོབས་ཡག་ལ་། ཡལ་ག་རྒྱས་སྟངས་ཡང་ཧ་ཅང་མཛེས་པོ་ཞིག་རེད། ཤིང་སྡོང་དེའི་མཐར་ལ་རྡོ་རྩིག་གི་ར་སྙིང་རྗེ་བོ་ཞིག་རྒྱབ་འདུག ཨ་ཁུས་བཤད་པའི་གཏམ། མཆོད་བཤམས་ཀྱི་ཆུ་དུས་རྒྱུན་དུ་སྡོང་རྩར་བླུག་དགོས་ཞེས་པ་དང་། ཤིང་སྡོང་རྒྱས་སྟངས། རྡོ་རྩིག་ཡག་པོ་འདི་མཐོང་བ་ཙམ་གྱིས། ཨ་ཁུས་ཤིང་སྡོང་འདི་ལ་བརྩིས་ཆེན་གནང་བ་ཤེས་ཐུབ། གཞན་ཞིག་ལ། ཁང་བའི་ཁྱམས་ར་ན། གདུང་མའི་ཐོག་མར་དཔྱངས་པའི་དྲིལ་བུ་ཧ་ཅང་རྙིང་བ་ཆེན་པོ་ཞིག་ཡོད། དེ་མིན། གྲྭ་ཤག་འདིའི་ནང་མིག་དུ་ཐོག་པའི་དངོས་པོ་གཞན་མི་འདུག
ཨ་ཁུ་ཡིས་ཉིན་རེ་དུས་ཚོད་གཅིག་གམ། ཡང་ན། དུས་ཚོད་ཕྱེད་ཀ་རིང་ལ། ང་ལ་ཀ་ཁ་ག་ང་། ཅ་ཆ་ཇ་ཉ། སོགས་ཡི་གེ་བསླབ། དུས་ཚོད་དེ་ནི་ངེས་གཏན་མེད་པ་ཞིག་རེད། ཨ་ཁུས་ནམ་ཞིག་སྐད་བཏང་ན། དེ་དུས་འགྲོ་ཆོག་ཆོག་བྱེད་དགོས། ངས་ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཧ་ཨ་སོགས་ངེས་འཛིན་ཐུབ་པ་ཙམ་བྱུང་དུས། ཨ་ཁུས་ང་ལ་སྐྱབས་འགྲོ་ཡི་དཔེ་ཆ་འགོ་ནས་ཀློག་སྟངས་བསླབ། ཕྱོགས་བཅུ་དུས་གསུམ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་་་་
སྐབས་དེར་སྐྱབས་འགྲོའི་དཔེ་ཆ་ཀློག་སྐབས། ཡི་གེ་ཐོག་ནས་ཁ་ཏོན་འདོན་པ་ཙམ་ལས། དཔེ་ཆའི་ནང་དོན་དག་ཅིག་བཤད་བཞིན་ཡོད་པ་ངའི་ཡིད་ལ་འཁོར་མྱོངས་མེད། ངོ་མ་བཤད་ན། ང་ལ་མཚོན་ན། གོ་བ་ལེན་རྒྱུ་དང་དོན་དག་གཅིག་ཀྱང་མི་འདུག ཤར་ལྷོ་ནུབ་བྱང་ཞེས་ཕྱོགས་བཞི་ཡོད་པ་ལས། ཕྱོགས་བཅུ་ཟེར་བ་ཞིག་ངས་འཇིག་རྟེན་འདིར་གོ་མྱོངས་མེད། དེ་བཞིན་གཤེགས་པའི་ཚིག་འདི་ང་ལ་མཚོན་ན་བོད་སྐད་ཅིག་ཀྱང་མ་རེད།
ཡི་གེ་ཀློག་སྟངས་མ་བསླབས་བར་དུ། རང་ཉིད་གྲྭ་ཤག་འདིའི་ནང་སྣང་བ་ཡངས་པོ་བྱས་ཏེ་སྡོད་རྒྱུ་བྱུང་། ཉིན་མོ། མཆོད་པ་མཆོད་བཤམས་། ལྷས་སུ་གད་ཕྱགས་རྒྱུ། ཟ་མ་གཡོལ་སྐོལ་བྱེད་རྒྱུ། ཆུ་ལེན་རྒྱུ་སོགས་རེད། ཡི་གེ་ཀློག་སྟངས་བསླབ་ནས་བཟུང་། རང་ཉིད་ལ་དུས་ཚོད་ནམ་ཡོད་དང་། ཉོབ་སྣང་དང་བསུན་སྣང་བྱུང་དུས། སྐྱབས་འགྲོའི་དཔེ་ཆ་ཀློག་རྒྱུ་ཐབས་ཤེས་དང་སྦྱངས་པ་བྱས་པ་ཡིན། སྐབས་དེར་ང་རང་དགོན་པ་ནས་སྐྱིད་སྣང་བྱུང་། ཟས་གོས་ཀྱང་རང་ཁྱིམ་ལས་ལེགས་པོ་དང་། ལས་སེམས་གཉིས་ཀྱང་ངའི་ཨ་མ་མཉམ་དུ་འཚོ་བ་ལས་གྲྭ་ཤག་འདིའི་ནང་རང་དབང་ཆེ་བ་འདུག དགོང་དྲོ་རང་ཁྱིམ་དྲན་པའི་ཡིད་གདུང་རྣོ་བོ་མ་བྱུང་ཡང་། མཚམས་རེ་རང་ཉིད་ཀྱི་ཨ་མ་ཡིད་ལ་འཁོར་ཙམ་བྱེད་པ་ལས། རང་སེམས་རྟ་རྒོད་འདྲ་བོ་དེ་སྣང་བ་ཤོར་མྱོངས་ཤིང་། མིག་ཟེར་ཀྱིས་གྲངས་མང་བལྟས་མྱོངས་པའི་ཞི་མོ་༼བུ་མོ༽གནམ་མཚོ་ཕྱོགས་ལ་འཁོར་འགྲོ།
འདི་ཧ་ཅང་འགོ་འཛུགས་ཡག་པོ་ཞིག་གནང་འདུག མུ་མཐུད་དུ་ཕྲིས། གྲྭ་བའི་མི་ཚེའི་སྐོར་ཞིབ་ཕྲ་ཕྲིས་དང་གྲོང་བ་ང་འདྲའི་རིགས་ལ་ཉན་འདོད་འདུག
ས་ཕྱོགས་གཞན་ན་ལྷས་འདི་བཀོལ་ཚུལ་མ་འདྲ་བ་ཡོད་པ་འདྲ། སྙན་པོ་འདྲ་བྱུང་།
གྲྭ་བའི་འཚོ་བ་བརྩམས་སྒྲུང་དུ་ཕབ་པའི་དཔེ་ཆ་བོད་ཡིག་ནང་ཡོད་ན།
གྲྭ་སྒྲུང་ཀློག་འདོད་པའི་བོད་མི་མང་བ་ཡོད་ན། ཉུང་བ་ཡིན། བོད་ཡིག་ནི་གྲྭ་བ་ཚོའི་ཁྲོད་དར་ཆེ་ནའང་། ཉིན་རེའི་འཚོ་བ་མཚོན་པ་ཡིག་ཐོག་ཏུ་ཕབ་ན་ཅི་འདྲ་འདུག བརྩམས་སྒྲུང་ཀློག་ནས་འདི་འདྲ་ཞིག་བསམས།
དྲིལ་ལྕེ་བརྩམས་སྒྲུང་ཐོག་མ་འདིར་ཡོད།