དྲིལ་ལྕེ།
༼ཏ༽
ཁྱིམ་དུ་ཐོན་པ་ན། ཨ་མས་ང་ལ་བཀའ་བཀྱོན་དང་གཤེ་གཤེ་ཆེར་མ་བཏང་། ཕྱིར་འདང་ཞིག་རྒྱབ་ན། ང་རང་ཁྱིམ་ནས་ཐོན་ཏེ་ཉིན་གང་སྡེ་བ་འདིའི་རི་ལུང་འཁྱམས་ནས་ཉི་མ་བསྐྱལ་བ་ཐེངས་མང་བོ་བྱུང་ཡོད་སྟབས། ཨ་མ་ལ་ང་རང་སྡེ་བ་འདི་ནས་ལྡོམ་སྟེ་གྲོང་རྡལ་དུ་འཁྱམས་པའི་རྣམ་རྟོག་བྱུང་མི་འདུག ད་ཐེངས་ང་རང་བློ་ཁོག་ཆེན་པོའི་ཁེར་རྐྱང་ངང་གྲོང་རྡལ་དུ་སོང་བ་ཡིན་སྟབས། ང་རང་ལྡོམ་པ་ནི། རང་ཉིད་ཕྱིར་ལོག་ཏུ་སོང་བའི་རང་སྣང་ཙམ་རེད་འདུག
ང་རང་ཨ་མ་ལ་ལྟ་སྐོར་དུ་ཡོང་བའི་ཉིན་འདི་དག་ལ། ང་ལ་བྱེད་ལས་ཅི་ཡང་མི་འདུག དེ་བས་སྔ་དགོང་ལ། ང་རང་སྡེ་བ་འདིའི་རི་ལུང་དུ་སྤྲོ་གཡེང་དུ་སོང་བ་དང་། ཞོར་དུ་སྡེ་འདིའི་མཛེས་སྡུག་གི་རང་བྱུང་བཀོད་པ་ལ་ཞིབ་ལྟ་བྱེད་འདོད་བྱུང་། ངས་རང་གི་སྐྱེས་ཡུལ་འདིའི་བཀོད་པ་མཐོང་བ་ན། ང་རང་རི་བོ་དང་དེའི་འབུར། སྤང་གཞོངས་དང་ཞིང་ས། ནགས་ཚུལ་དང་གཙང་ཆུ་འདི་དག་ལ་སྔར་ལས་དུངས་པ་ཞིག་དང་། བརྩེ་བ་ཞིག ཞེན་ཆགས་ཤིག མཛེས་སྡུག་ཅིག་ངའི་སེམས་ཀྱི་གཏིང་སར་ཟུག་ཡོང་། ཆུ་མ་ཐང་སྡེ་བ་འདིའི་ས་དབྱིབས་ཀྱི་བཀོད་པ་ལས། མདུན་རི་མཐོན་བོའི་བརྗིད་ཉམས་མཐོང་བ་ན། ངའི་ཆུང་དུས་ཀྱི་མི་ཚེ་གསོན་པོ་ཞིག་མངོན་ཡོང་ལ། གཙང་ཆུ་རིང་མོ་འདི་མཐོང་དུས། ངའི་ཆུང་དུས་ཀྱི་དགའ་སྐྱོ་ཆགས་སྡང་ཀྱི་དར་རྒུད་གསལ་ཡོང་། གྲོ་ནས་སྲན་གསུམ་གྱི་ཞིང་ཁ་མཐོང་བ་ན། ངའི་བྱིས་དུས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཚོན་ཁྲ་དག་རིག་ཡོང་།
ང་རང་གོམ་བགྲོད་བྱེད་སྐབས། ལམ་བར་འཕྲད་པའི་སྡེ་མི་རྣམས་ཀྱིས་ང་ལ་འཚམས་འདྲི་ལྟ་བུ་ཞིག་བྱེད་པ་ལས། ཁོང་ཚོས་ང་རང་དེ་སྔོན་གྱི་བྱིས་པ་ཉམ་ཆུང་མདོག་ངན་པ། སྤྱོད་པ་འཚུབ་ཅིང་རྒྱ་ཡན་ཅན་དེ་ལྟར་མཐོང་བཞིན་མེད་པ་འདྲ། ང་རང་ཁོང་ཚོའི་གྲལ་དུ་ཡང་མི་བརྩི། ང་རང་ཁོང་ཚོ་ལྷན་དུ་འགྲོ། མཉམ་དུ་ལས་ཀ་བྱེད། མཉམ་དུ་རྩེད་མོ་རྩེ་སོགས་མི་བརྗོད། ལྷག་པར་རྒན་རྒོན་རྣམས་ཀྱིས་ང་ལ། གུས་བརྩི་ལྟ་བུ་ཞིག་གནང་བས། ང་རང་རྦད་དེ་དོགས་མི་བདེ་བ་ཞིག་བྱུང་། ང་དང་ན་མཉམ་རྩེད་རོགས་རྣམས་ཀྱིས་འཚམས་འདྲི་བརྡ་ཙམ་གཏོང་བ་ལས། ང་དང་མི་འགྲོགས། ལྷག་པར་དུ་ངའི་རྩེད་རོགས་བུ་མོ་ཚོ་ངའི་ཐག་ཉེ་སར་ཡང་བཅར་མི་ཐུབ། རང་སེམས་ན་དུས་གཏན་དུ་འཁྱུག་པའི་ངའི་ཆུང་འགྲོགས་ཞི་མོའི་དེའི་གཟུགས་རིས་བཙལ་ཞིག་མཐོང་བར་རེ་ཡང་། དེ་ནི་ངལ་བ་འབྲས་མེད་རེད་འདུག ང་རང་ནི་སྔོན་ཆད་ཀྱི་ང་རང་ཡིན་ནའང་། ངོ་མ་སྟོན་པའི་མནབ་གཟབ་ནི་འདི་འདྲའི་ནུས་སྟོབས་ཆེན་པོ་ཞིག་དང་། འདི་འདྲའི་བརྩི་མཐོང་ཅན་ཞིག་ཡིན་པ་ངས་གཞི་ནས་ཤེས་སོང་།
དེ་བཞིན། ང་རང་འཇིག་རྟེན་འཚོ་བ་དང་གཏན་དུ་བྲལ་བ་ཚོར་ཡོང་ལ། ང་རང་འཁོར་བའི་ལོངས་སྤྱོད་དང་རྒྱབ་ཏུ་ཕྱོགས་པ་ཤེས་ཡོང་། དེ་མིན། ང་རང་སྡེ་འདིའི་གྲོང་བ་ཁྱིམ་པ་ཚོ་ལས་དབེན་དགོན་འགྲིམས་པ་ཡང་རྟོགས་སོང་། ཡིན་ནའང་། སྡེ་འདིའི་ཁོར་ཡུག་འདི་ན། རི་བོ་དང་དེའུ་འབུར་དེ་ན། ཤིང་ནགས་དང་གཙང་འགྲམ་དེ་ན། ཞིང་ཁ་དང་སྡེ་འདབས་དེ་ན། གྲོང་མི་རྒན་རྒོན་དང་ན་མཉམ་ཚོ་དང་ལྷན་དུ། ང་རང་དང་གཏན་དུ་ཡལ་མི་ཐུབ་པའི་ངའི་ཆུང་དུས་ཀྱི་མི་ཚེ་ཡོད་ལ། ང་རང་དང་གཏན་དུ་བྲལ་མི་ཐུབ་ངའི་ཆུང་དུས་ཀྱི་གཏམ་རྒྱུད་ཡོད། ང་རང་དང་ལྷན་དུ་ནམ་ཡང་འཚོ་བའི་ངའི་བྱིས་དུས་ཀྱི་དྲན་ཤིང་རྣམས་ཡོད།
༼ཐ༽
ང་རང་ཆུང་དུས་ནས་བཟུང་། ཁྱིམ་གྱི་ར་སྐོར་དང་། གྲོང་བ་ཁྱིམ་མཚེས་འགྲམ་དུ་བྱ་བྱེའུ་བདའ་བ་དང་། རང་ལོ་བཅུ་གཅིག་ནས། ང་ཚོ་ན་ཚོད་གཅིག་པ་རྣམས་སྐོར་ཚོགས་རེ་བྱས་ཏེ། ང་ཚོའི་སྡེ་བ་འདིའི་རི་ངོས་དང་། ནགས་ཚུལ། ཞིང་ཁ། ལུང་ཁུག གཙང་འགྲམ་དུ་བྱ་བྱེའུ་དང་། ཕུག་རོན། སྐྱུང་ཀ བྱ་རྒོད་དང་གླག རི་བོ་དང་རི་སྤྱང་། ཝ་མོ་སོགས་བདའ་བ་དང་འཛིན་རྒྱུ་ཧ་ཅང་དགའ། སྡེ་འདིའི་ནང་། ཨ་ཁུ་ལྕགས་ཐར་ཟེར་བ་ཞིག་ཡོད། ཨ་ཁུ་ལྕགས་ཐར་གྱི་ཕྲག་འགོ་ན་བྱ་སྐྱུང་ཀ་འབབ་པ་དང་། ཨ་ཁུ་ལྕགས་ཐར་གྱི་རྗེས་ན། བྱ་སྐྱུང་ཀ་འཕུར་བཞིན་ཡོད། ཁོང་གིས་བྱ་སྐྱུང་ཀ་ལག་འགོ་བླངས་སྟེ་བྱིལ་བྱིལ་གཏོང་བ་དང་། ཁོང་གིས་བྱ་སྐྱུང་ཀ་ལ་སྐད་ཆ་བཤད། མཚམས་རེ། སྡེ་མི་ཚོགས་པའི་ཁྲོད་དུ། བྱ་སྐྱུང་ཀ་འཕུར་ཡོང་ནས་ཨ་ཁུ་ལྕགས་ཐར་གྱི་ཕྲག་འགོ་འབབ། ང་ཚོ་བྱིས་པ་ཚོ་འདི་ལ་ཧ་ཅང་དགའ་བོ་དང་ཧང་སངས་པ། ངོ་མཚར་ཆེན་པོ་བྱུང་། ང་ཚོ་ཚང་མ་ཡང་ཨ་ཁུ་ལྕགས་ཐར་བྱེད་ན་འདོད།
ད་དུང་ངའི་དྲན་ཡིད་དུ་གསལ་བོ་ཡོད་པ་ཞིག་ལ། ང་རང་ཧ་ཅང་ལོ་ན་ཆུང་བའི་དུས་ཤིག་རེད། ང་ཚོ་ལོ་ན་མཉམ་པའི་བྱིས་པ་བཞི་ཆུང་གྲོགས་རྩེད་རོགས་ཡིན། ང་ཚོས་བྱ་བྱེའུ་བདའ་བ་དང་། བྱ་བྱེའུ་འཛིན་ཆེད་སྡེ་འདབས་ནས་ལུང་ཁུག་བརྒལ་བ་དང་། ལུང་ཁུག་ནས་ཤིང་ནགས་ཚུལ་དུ་འཁྱམས། སྟབས་འགྲིག་པ་ཞིག་ལ། ང་ཚོས་བྱའི་ཚང་ནས་ཐོག་མར་འཕུར་བའི་བྱེའུ་ཕྲུག་གསུམ་མཐོང་སོང་། བྱེའུ་ཕྲུག་གསུམ་གཅིག་རྗེས་གཅིག་བསྙེགས་ནས་གཤོག་པ་ལྷེབ་ལྷེབ་རེ་བྱས་ཏེ་ང་ཚོའི་མགོ་ཐོག་ནས་འཕུར། བྱེའུ་ཕྲུག་གསུམ་གོམ་པ་ལྔ་ཙམ་གྱི་རྒྱང་ཐག་ནས་ཐང་ལ་ལྷུང་འགྲོ། ང་ཚོས་བྱེའུ་ཕྲུག་གསུམ་བདེ་ལེགས་ངང་བཟུང་། ང་ཚོ་དགའ་སྣང་གིས་བྱེའུ་ཕྲུག་གསུམ་ཁྱིམ་དུ་འཁྱེར་ཡོང་ནས་གཟེབ་ཅིག་བཟོས་པ་ཡིན། ང་ཚོས་རྨི་ལམ་ནི་བྱེའུ་ཕྲུག་འདི་དག་གསོས་ཏེ་ཨ་ཁུ་ལྕགས་ཐར་ལྟར་བྱེད་རྒྱུ་དེ་རེད། ང་ཚོས་གཟེབ་དེ་མི་སུ་གང་གིས་མི་ཤེས་པའི་ས་ཆ་ཞིག་ཏུ་བཞག་སྟེ་བྱེའུ་ཕྲུག་དེ་ཚོ་གསོ་སྐྱོང་བྱེད་རྒྱུ་བྱས་པ་ཡིན། བྱ་ཡིས་གོ་རེ་༼བག་ལེབ༽དང་། འབུ་ཟ་བ་ང་ཚོས་ཤེས། དེ་བཞིན། ཞོགས་པར་ཁྱིམ་ནས་གོ་རེ་འཁྱེར་ཡོང་ནས་བྱེའུ་ཕྲུག་གསོ་རྒྱུ་དང་། ཉིན་གུང་དང་དགོང་དྲོ་ལ། ང་ཚོས་འབུ་བཙལ་བ་དང་འཛིན་ནས་སྟེར་རྒྱུ་བྱས།
ཕྱི་ཉིན་ང་ཚོ་སེམས་ཚོར་ཆེན་པོའི་ངང་བྱེའུ་ཕྲུག་རྣམས་གསོ་རུ་ཕྱིན་པ་ཡིན། བྱེའུ་ཕྲུག་རྣམས་གཟེབ་ཏུ་འཕག་འཚག་རྒྱག་པ་དང་། སྐད་ཅོར་རྒྱག་པ། གཤོག་པ་ལྡེམ་ལྡེམ་སོགས་བྱེད། ཉིན་གཉིས་པ་ལ། བྱེའུ་ཕྲུག་རྣམས་ཁ་སང་ལྟར་ནུས་སྟོབས་མེད་ལ། འཕག་འཚག་ཆེན་པོ་ཞིག་རྒྱག་མི་ཐུབ། ཁོ་ཚོས་གཤོག་པ་ལྡེམ་ཙམ་ལྡེམ་ཙམ་བྱེད་པ་དང་། སྐད་ཅོར་ཆེན་པོ་རྒྱག་བཞིན་མི་འདུག ང་ཚོས་བྱེའུ་ཕྲུག་ཚོ་གོ་རེ་སྤྲད་པ་དང་། འབུ་སྟེར་བ། ཆུ་སྦྱིན་པ་སོགས་བྱས་ཏེ་གསོ་སྐྱོང་བྱས་པ་ཡིན། ཉིན་གསུམ་པ། ང་ཚོ་དུས་གཅིག་ཏུ་བྱེའུ་ཕྲུག་ལ་ལྟ་རུ་ཕྱིན་པ་དང་། གཟེབ་ནང་གི་བྱེའུ་ཕྲུག་གསུམ་གཅིག་ལ་གཅིག་བསྙེས་ཏེ་གྲགས་འགུལ་ཅི་ཡང་མི་འདུག ང་ཚོས་བྱེའུ་ཕྲུག་གསུམ་གཉིད་ཡོད་པ་རེད་བསམས་ཏེ་གཟེབ་དེ་ཕར་སྒུལ་ཚུར་སྒུལ་བྱས་པ་ཡིན། བྱེའུ་ཕྲུག་གསུམ་སྔར་བཞིན་དལ་ཅག་གེར་གནས། ངས་གཟེབ་ནང་ལག་པ་བཏང་ནས་བྱེའུ་ཕྲུག་གཅིག་ཕྱིར་བཏོན་པ་དང་། བྱེའུ་ཕྲུག་དེའི་མགོ་ནི་རང་དབང་མེད་པར་ཕར་ལོག་ཚུར་ལོག་བྱས། མིག་གཉིས་ཀྱང་གདངས་ནས་བལྟས་འདུག བྱེའུ་ཕྲུག་གསུམ་ཤི་འདུག ང་ཚོའི་རྨི་ལམ་སྟོང་བར་གྱུར་བ་དང་། ང་ཚོའི་རེ་བ་རྦད་དེ་ཆད་སོང་། ངའི་གྲོགས་པོ་གཅིག་ངུ་བ་ཙམ་བྱས། ངས་ཁོང་བྱེའུ་ཕྲུག་ཤི་བར་སྙིང་རྗེ་ནས་ངུ་བའམ། ཡང་ན། ཁོའི་རྨི་ལམ་དང་རེ་བ་སྟོང་བར་གྱུར་བར་ངུས་པ་མི་ཤེས། ང་ཚོ་བྱེའུ་ཕྲུག་གསུམ་ཤི་བ་མཐོང་དུས་ཧ་ཅང་སྐྱོ་སྣང་བྱུང་། ང་ཚོ་དངོས་གནས་སྡུག་བསྔལ་གྱིས་མནར་ཡོད་པ་འདྲ། བྱེའུ་ཕྲུག་གསུམ་པའི་ཤི་རོ་བལྟ་བཞིན་བལྟ་བཞིན་ངུ་རྒྱུ་ཡོང་བ་ཙམ་བྱེད།
བྱེའུ་ཕྲུག་རྣམས་ཤི་ཚར་བ་དང་། ང་ཚོ་ལ་བྱ་ཐབས་གཞན་གང་ཡང་མི་འདུག གྲོགས་པོ་གཅིག་གིས་བྱའི་རོ་རྣམས་ས་འོག་ཏུ་སྦབ་ན་ལེགས་ཚུལ་བཤད། ང་ཚོས་ས་རྐོ་བཞིན་པའི་སྐབས་སུ། ངའི་སེམས་སུ་སྡེ་བ་འདིའི་རྒྱབ་ཏུ་རྡོ་འབུམ་ཞིག་ཡོད་པ་དེ་ཡིད་ལ་ཤར་བ་དང་། བྱེའུ་ཕྲུག་གི་རོ་རྣམས་རྡོ་འབུམ་ནང་བཞག་ན། ང་ཚོས་དགེ་བའི་ལས་བྱས་པ་རེད་བསམས། ངའི་གྲོགས་པོ་ཚོས་དེ་ལ་མོས་མཐུན་བྱས། གྲོགས་པོ་གཅིག་གིས་ཁྱིམ་དུ་ཕྱིན་ཏེ་མཆོད་མེ་གཅིག་འཁྱེར་ཡོང་རྒྱུ་དང་། གྲོགས་པོ་གཞན་དེས་ཉེ་འཁོར་ནས་མེ་ཏོག་བཙལ་ཏེ་བསྔོ་བ་མཆོད་འབུལ་བྱེད་རྒྱུ་ཡིན་ཟེར། དེ་བཞིན་ང་ཚོས་བྱེའུ་ཕྲུག་གི་རོ་རྣམས་འཁྱེར་ནས་རྡོ་འབུམ་མདུན་དུ་སོང་བ་ཡིན། ང་ཚོས་རྡོ་འབུམ་འདབས་ནས་རྡོ་ཁ་ཤས་ཕྱིར་བཏོན་ཏེ་ཁང་ཆུང་ལྟ་བུ་ཞིག་བཟོས་པ་དང་། བྱེའུ་རོ་རྣམས་དེའི་ནང་བཅུག་ནས་ཁ་བཅད། དེ་ཡང་མི་གཅིག་གིས་ཀྱང་མི་མཐོང་བ་བཟོས་པ་ཡིན། རྡོ་ལེབ་ལེབ་ཞིག་གི་ཐོག་ང་ཚོས་མཆོད་མེ་གཅིག་སྒྲོན་པ་དང་། མེ་ཏོག་ཁ་ཤས་མཆོད་མེའི་འཁྲིས་སུ་བཞག་པ་དང་སྦྲགས། ང་ཚོས་རང་དགར་གྱིས་རྡོ་འབུམ་མདུན་དུ་གྲལ་སྒྲིག་ཏེ་ཕྱག་གསུམ་འཚལ་བ་དང་སྐོར་བ་ལན་གསུམ་བྱས། དེ་ལྟར་ང་ཚོས་བྱེའུ་ཕྲུག་གསུམ་ལ་འདས་མཆོད་སྒྲུབ་པ་ཡིན།
ང་ཚོས་བྱེའུ་ཕྲུག་གསུམ་གྱི་ཤི་རོ་རྡོ་འབུམ་ཐོག་བཞག་ཏེ་མཆོད་མེ་གཅིག་སྒྲོན་རྒྱུ་དང་མེ་ཏོག་གི་མཆོད་པ་ཕུལ་རྒྱུ་ཙམ་ལས། ཅི་ལྟར་འཇོག་རྒྱུ་དང་། ཅི་ཞིག་བྱེད་རྒྱུ། ཕྱག་འཚལ་བ་དང་བསྐོར་བ་བྱེད་རྒྱུ་སོགས་ལབ་གླེང་དང་འཆར་བཀོད་ཅི་ཡང་བྱས་མེད། ཡང་ནའང་། ང་ཚོས་འདས་མཆོད་གོ་རིམ་ཅན་ཞིག་བྱས་སོང་། སྐབས་དེར། ང་ཚོ་དངོས་གནས་སེམས་པ་སྐྱོ་གདུང་གིས་མནར་ཡོད་པ་འདྲ། རྡོ་འབུམ་མདུན་ནས་ཕྱིར་སོ་སོའི་ཁྱིམ་དུ་ལོག་སྐབས། ང་ཚོས་མི་གཅིག་གིས་ཀྱང་སྐད་ཆ་བཤད་མ་སོང་། ང་ཚོའི་རྨི་ལམ་དང་རེ་བ་ནི་བྱེའུ་ཕྲུག་རྣམས་གསོ་སྐྱོང་བྱས་ཏེ། རྗེས་མ། ང་ཚོའི་ཕྲག་འགོ་རུ་བྱ་འབབ་པ་དང་། ང་ཚོའི་ལག་འགོ་ན་བྱ་ཡོད་པ། ང་ཚོའི་འགོ་ཐོག་ན་བྱ་འཕུར་བ་དེ་ཡིན་པ་ལས། ང་ཚོས་བྱེའུ་ཕྲུག་གསུམ་གཟེབ་ནང་བཅུག་སྟེ་དམར་གསོད་བྱེད་རྒྱུ་དེ་ག་ལ་ཡིན། ངོ་མ་བྱིས་དུས་ཀྱི་སེམས་པ་ལྷད་མེད་པ་ཅིག་ཡིན་ནའང་། ང་ཚོ་རྒྱ་ཡན་དུ་ཤོར་བའི་དབང་གིས་རི་འགོའི་བྱ་བྱེའུ་དང་། རི་དྭགས་རྣམས་དོན་མེད་གསོད་པ་དང་། ངེས་མེད་དུ་བསུན་གཙེ་བྱས་ཡོད། དེ་བཞིན་གནས་ཚུལ་མང་བོ་ཞིག ང་ཚོ་ཡུལ་འདིའི་རྒྱུན་སྲོལ་དང་། བྱེད་སྟངས་ཉག་ཅིག་གི་རྗེས་སུ་འབྲངས་ཏེ་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མི་དགོས་པར། བྱིས་པ་ཡིས་བྱིས་པ་གཉའ་གནོན་དང་། ན་གཞོན་གྱིས་ན་གཞོན་ལ་དབང་ཡོད་བྱེད་པ། དར་མ་ཡིས་དར་མ་ལ་བརྙས་བཅོས་དང་དཔུང་སྒྲིག་སྟེ་སྤྱོད་པ་འདྲ་མིན་ཞིག་བསྟན་ཡོད། དེ་ལས་ཀྱང་བཤད་དཀའ་བ་ཞིག་ལ། ལྷ་དང་དཀོན་མཆོག་ལ་བཀུར་བསྟི་ཞེས་སྡེ་བ་འདིའི་ནང་། ཆོས་ལུགས་ཀྱི་ཆོ་ག་འདྲ་མིན་སྣ་ཚོགས་ཤིག་དུས་རྟག་ཏུ་ཡོད།
༼ད༽
ལྷ་མཆོད་ཀླུ་མཆོད་ཀྱི་ཆོ་ག་ཞེད་སྣང་ཚ་བོ་ཞིག་ངས་དྲན་པ་ལ། དེ་ནི་དྲུག་པའི་ལྷ་ཟླ་དཀར་པོ་ཡིན་པ་རེད་ཟེར། སྡེ་འདིའི་ཕོ་ལུས་ཐོབ་པའི་རྒན་དར་གཞོན་གསུམ་ཚོ། གཞི་བདག་གཉེན་ཆེན་ཕོ་རོག་གི་ལབ་ཙེ་མདུན་འཛོམས་སོང་། སྤྱིར་གཞི་བདག་གཉན་ཆེན་ཕོ་རོག་གི་བྱུང་བ་ལ་གཏམ་རྒྱུད་མང་བོ་ཞིག་ཡོད་མོད། དེ་ནི་ལྷ་སྒྲུང་ཏག་ཏག་ཡིན་ངེས་ཀྱང་། སྡེ་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་ལ། དེ་དག་ནི་ལྷ་སྒྲུང་ཞིག་ག་ལ་ཡིན། གཏམ་རྒྱུད་དེ་དག་ནི་ལྷ་དང་བླ་མས་ལུང་བསྟན་དང་། བཀའ་བསྒོས་བསྩལ་བ། གཉེར་གཏད་གནང་བའི་བྱིན་རླབས་ཁ་ཚ་དགོས་གཏུགས་རྐྱང་རྐྱང་རེད།
གཉེན་ཆེན་རི་བོ་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན། རི་འགོ་རྩྭ་དང་སྤང་གིས་བཟུང་ཡོད་ལ། རི་སྐེད་ནས་སྐྱེ་དངོས་དང་ཤིང་ནགས་ཀྱིས་བཟུང་ཡོད། ངའི་སྡེ་བ་ནས་མཐོང་ཐུབ་པའི་རི་འདིའི་འགོ་ན་ནམ་ཡང་སྤྲིན་དཀར་པོ་སྙིང་རྗེ་བོ་ཞིག་ལྡིང་བ་དང་། མཚམས་རེ་སྤྲིན་དཀར་དུམ་བུ་དུམ་བུ། རི་ངོས་འཕྲེད་དུ་བཅད་དེ་འགྲོ་བས། ངོ་མ་མཛེས་སྡུག་ལྡན་པ་ཞིག་རེད། རི་བོ་འདིའི་ཕྱོགས་གཅིག་ནི་དེ་ལས་ལྡོག་སྟེ། གཡང་གཟར་བྲག་དམར་ཞིག་ཡིན། གཡང་གཟར་བྲག་དམར་དེའི་ནང་མི་དང་སྲོགས་ཆགས་གཅིག་ཀྱང་འགྲོ་མི་ཐུབ་ལ། ཐ་ན་བྲག་འགོ་ཁ་ནས་ཐུར་དུ་ལྟ་ཡང་མི་ཕོད། གཉེན་ཆེན་ཕོ་རོག་གི་ལབ་རྩེ་བསྟོད་དུ་ཕྱིན་ཏེ། ཐེངས་གཅིག་ང་རང་བྲག་ཁ་དང་ཉེར་སར་བཅར་བ་ན། བྲག་ནང་ནས་རླུང་འཚུབ་ལྟ་བུ་ཞིག་གཡུག་ནས་ངའི་འགོ་སྐྲ་གྱེན་དུ་ཕྱོགས་པ་དང་ངའི་གཟུགས་པོ་སྦྲིད་སོང་། ད་ལྟ་ཡང་གནས་སྟངས་དེ་དྲན་ན། ངའི་ལུས་པོ་འདི་འདར་གསིག་རྒྱག་བཞིན་འདུག
བྲག་དམར་པོ་བཙན་གྱི་ཕོ་བྲང་ན་གཉེན་ཆེན་པོ་ཕོ་རོག་བཞུགས་ཡོད་ཟེར། ཕོ་ལུས་ཐོབ་པའི་རྒན་དར་གཞོན་གསུམ་ཚོའི་ལག་ན། མདའ་རིང་མདའ་ཐུང་དང་། མདུང་རིང་མདུང་ཐུང་། གྲི་རིང་གྲིང་ཐུང་། རྩེ་རྒྱ་དང་མཆོད་རྫས་འདྲ་མིན་ཞིག་བཟུང་ཡོད། གཞི་བདག་གཉེན་ཆེན་ཕོ་རོག་ནི་ཤ་གཟན་གྱི་གཙོ་བདག་དང་ཁྲག་འཐུང་གི་རྒྱལ་བོ། དམ་ཉམས་ཀྱི་སྲོག་གཅོད། འཁོར་དུ་ཤ་ཟ་འབུམ་འཁྲིད་པ་ཞིག་ཡིན་སྟབས། སྡེ་འདིས་ལྷ་ཟླ་དྲུག་པའི་ནང་དམར་མཆོད་གྱ་ནོམ་པ་བྱས་ཏེ། ཁོང་གི་ལབ་རྩེ་བསྟོད་དགོས། ཉིན་མོ་དེ། མདའ་གྲི་མདུང་གསུམ་དང་། རྩེ་རྒྱ་སོགས་རྨུ་ཐག་གིས་དཔུང་གཅིག་ཏུ་སྒྲིལ་ཏེ་ལབ་རྩེ་བསྟོད་པ་དང་། མདུན་གྱི་བསང་ཁྲི་ཆེན་པོ་དེའི་ཐོག་ལྷ་བསང་དགུང་དང་མཉམ་པ་ཞིག་ཕུལ། ལྷ་བསང་གི་དུད་སྤྲིན་བར་སྣང་ཁྱབས་པ་དང་། དུད་སྨུག་བསང་ཁྲི་དང་ལབ་རྩེ་མདུན་དུ་འཁྲུག་ཏེ་གཡས་གཡོན་གྱི་ཉེར་འཁོར་ཀྱང་མཐོང་དཀའ་བ་བྱུང་།
དེ་བཞིན། ཕོ་གསར་སྟག་འདྲ་བ་དྲུག་གིས་ར་མ་དཀར་མོ་གཟུགས་གཞི་ལེགས་པ་གསུམ་བསང་ཁྲི་མདུན་དུ་འཁྲིད་ཡོང་བ་ན། སྡེ་མི་ཚོས་ཀཱི་ཀཱེ་སཱོ་སཱོ་ལྷ་རྒྱལ་ལོ། གཉེན་ཆེན་ཕོ་རོག་ཅེས་ལན་གསུམ་བོས་པ་དང་། དེ་ལྟར། བསང་མཆོད་འདོན་པའི་སྒྲ་ཡང་སྔར་ལས་ཆེ་རུ་གསུངས། འདི་ལྟ་བའི་འཚུབ་འཚུབ་ལོང་ལོང་གི་རི་འགོ་འདི་ན། ང་ཚོས་ལྷ་ཟླ་དཀར་བོ་མཆོད་བཞིན་ཡོད། ར་མ་རེ་རེ་གཅིག་རྗེས་གཅིག་མཐུད་དེ་མགོ་བོ་དུམ་བུ་བཅད་པ་དང་བསང་འགོ་བསྐྱོན། ར་མའི་སྐེ་འགོ་ན་ད་དུང་ཁྲག་ལྷོག་ལྷོག་ཐོན་བཞིན་པ་དང་། ཁྲག་དེ་དག་ཕོར་བ་གཟེད་དེ་གནམ་ལ་མཆོད་སོང་། ཕོ་གསར་དེ་དག་གིས་ར་མའི་ལུས་དེ་ལྷུ་ལག་བྲང་གསུམ་སོ་སོར་གཏུབ་ཏེ་བསང་ཁྲི་ཐོག་གཡུག་པ་དང་། ར་མའི་པགས་པ་དེ་ཡང་མདུང་མགོ་བཀལ་ཏེ་ལབ་རྩེ་ནང་ཡར་བསྟོད་སོང་། བསང་ཁྲིའི་མཐའ་ན། ཁྲག་གིས་དམར་བོ་བསྒྱུར་བ་དང་། སྡེ་མི་རྣམས་ད་དུང་འཛེམ་སྲོལ་ཅི་ཡང་མེད་པར། ཐང་ནས་ཁྲག་ལ་ལག་པས་སྤར་བཞར་རེ་བྱས་ཏེ་དགོང་ལ་མཆོད་པ་དང་ཁ་ལ་རེག་པར་བྱེད། ལྷ་མཆོད་འདི་ནི་ང་ཚོའི་སྡེ་བ་འདིས་གཙིགས་སུ་འཛིན་པའི་ཆོས་ཀྱི་ཆོ་ག་ཞིག་ཡིན་ལ། ཕོ་ལུས་ཐོབ་པའི་བྱིས་པ་ཚོ་ཞེད་སྣང་བསྐུར་ས་ཞིག་ཀྱང་ཡིན།
༼ན༽
ད་དུང་ང་ཚོའི་སྡེ་བ་འདིའི་ནང་། སྣང་བ་སྐྱིད་པའི་ཆོས་ཀྱི་ཆོ་ག་ཡང་ཡོད། སྲོལ་རྒྱུན་འདི་ནི་ང་རང་ཧ་ཅང་དགའ་བོ་ཡོད། དེ་ནི་དབྱར་ཁ་ཡིན། འདི་ལ་ཟླ་དུས་ངེས་ཅན་ཞིག་མེད། དབྱར་ཁར་ཆར་བ་མ་བབས་པར་ཐན་པ་ཆེ་བའི་དུས། སྡེ་མི་རྒན་གཞོན། ཕོ་མོ་དབྱེ་བ་མེད་པར། ཚང་མ་གཙང་འགྲམ་གྱི་ཆུ་མགོ་ཞིག་གི་ཁ་ཚོགས་སྟེ་ཀླུ་མཆོད་བྱེད། འདི་ནི་ཀླུ་ནས་ཆར་བ་སློང་བའི་ཆོས་ཀྱི་ཆོ་ག་ཞིག་རེད། ཆུ་མགོ་ཁ་རུ་དཀར་གསུམ་མངར་གསུམ་གྱི་མཆོད་འབུལ་བྱས་ཏེ་ཞལ་འདོན་བསྐྱོར་དགོས དཀར་གསུམ་མངར་གསུམ་དེ་ནི། འོ་མ་དང་ཞོ། རྩམ་པ། སྦྲང་རྩི་དང་བྱེ་མ་ཀ་ར། བུ་རམ་ཤིང་སོགས་རེད་འདུག ཤིང་སྡོང་གི་གྲིབ་གསིལ་འོག་ཏུ་སྡེ་མི་རྣམས་ཀྱིས་མ་ཎི་ངུར་འདོན་དང་ཀླུ་མོའི་གསོལ་འདེབས་དབྱངས་སུ་གུག་ནས་གྱེར་འདོན་བྱེད། གསོལ་མཆོད་སྨོན་འདེབས་བྱས་ཚར་རྗེས། ཉིན་གུང་རྒྱབ་ཏུ། མི་ཚང་མ་གཙང་འགྲམ་དུ་ཕྱིན་ཏེ་ཆུ་རྩེད་བྱེད།
འདི་དག་ནི་ཀླུ་མོ་ལ་ཆར་བ་སློང་བའི་ཆོས་ཀྱི་ཆོ་ག་ཞིག་རེད། ཕོ་གསར་མོ་གསར་དར་མ་རྣམས་གཙང་བའི་ནང་མཆོངས་ཏེ་རང་ཉིད་ཀྱི་རྐྱལ་རྩལ་མངོན་བཞིན། ཆུ་ནང་དུ་རྩེད་མོ་འདྲ་མིན་རྩེད། གསར་མོ་ཁ་ཤས་དཔུང་སྒྲིག་སྟེ་ཕོ་གསར་གཅིག་རེ་བདའ་ནས་གཙང་བོའི་དཀྱིལ་དུ་གཡུག་པ་དང་། ཕོ་གསར་དེའི་སྙིང་སྟོབས་དང་རྐྱལ་རྩལ་ལ་ཉམས་ཚོད་ལེན་པ་དང་། དེ་བཞིན་ཕོ་གསར་ཁོང་གིས་ཡང་རང་གི་སྙིང་སྟོབས་དང་རྐྱལ་རྩལ། གཟུགས་གཞི་སྟོན་པའི་གོ་སྐབས་ཤིག་ཀྱང་ཡིན། ངོ་མ་སྡེ་བ་འདིའི་ནང་བུ་མེད་ངར་མ་ཁ་ཤས་ཡོད་ལ། ཁོང་ཚོས་རང་ཉིད་ཀྱི་ལུས་པོ་འཛེམ་ཟོལ་ཅི་ཡང་མེད་པར་གཙང་བོའི་ནང་མཆོངས་ཏེ་ཕོ་གསར་ཚོ་དང་འགྲན་རྩོད་བྱེད། ཕོ་གསར་མོ་གསར་ཚོ་ཆུ་རྩེད་བྱེད་བཞིན་ལུས་ཀྱི་སྟོད་གོས་ཀྱང་ཕུད་དེ་ཆུ་ནང་དུ་འཁྱུག་རྩལ་ངོམས་པ་དང་། ཀླུ་མཆོད་ཀྱི་ཆོས་ཀྱི་ཆོ་ག་འདིའི་ཁྲོད། ཕོ་གསར་མོ་གསར་སུ་ཞིག་གིས་མི་རྣམས་དགའ་སྤྲོ་འཕེལ་དུ་བཅུག་པ་ཡིན་ན། ལོ་འདིའི་ནང་། ཁ་རྗེ་དབང་ཐང་དར་ཡང་ཟེར།
རྒན་པོ་ཚོའི་མིག་ཟུར་དང་གསར་བུ་ཚོའི་མིག་མདའ་ནི་མོ་གསར་སུ་ཞིག་གི་སྐྱེས་གཟུགས་ལེགས་པ་དང་། མྱོས་བུམ་ཤིན་ཏུ་རྒྱས་པའི་ཕྱོགས་སུ་འཕེན་ཞོར། མཛེས་པ་བརྗོད་པའི་ལྐོག་ལབ་ཡང་གནང་། ཕྱི་དྲོ་སྡེ་འདིའི་རྒན་དར་གཞོན་གསུམ་གླུ་ལེན་གར་རྩེ་བྱེད། དགོང་གི་ཉི་མ་རི་བོའི་རྒྱབ་ཏུ་ཤོར་བ་ན། སྡེ་འདིའི་རྒན་རྒོན་བྱིས་པ་ཚོ་ཁྱིམ་དུ་ལོག་འགྲོ། ད་ནི་ཕོ་གསར་མོ་གསར་ཚོས་འཇིག་རྟེན་སྣང་བ་གླུ་རུ་ལེན་པའི་དུས་ཡིན། ཆེད་མངགས་སྡེ་འདིའི་བུ་མོ་སྐྱེས་གཟུགས་ལེགས་ཤིང་། སྐད་ངག་ཤིན་ཏུ་སྙན་པའི་བུད་མེད་ཅིག་གིས། ལ་གཞས་བླངས་ཏེ་རྩེ་འགོ་ལེན་དགོས། དེ་བཞིན་ཕོ་གསར་མོ་གསར་ཚོས་གཅིག་འཕྲོ་གཅིག་མཐུད་དེ་ལ་གཞས་ལེན།
འཇིག་རྟེན་འཁོར་བ་ནང་ན། སྐྱིད་མེད་རུང་སྐྱོ་བ་སངས་ཀི། ཟེར་བ་དེ་འདི་འདྲ་ཞིག་ལོས་ཡིན། ལ་གཞས་ལེན་སའི་གནས་འདིར། ཕོ་གསར་མོ་གསར་ཚོས། ཞེ་སྣང་བ་གཅིག་ཏུ་སྒྲིལ་ནས་དགའ་བོ་སྒྲིག་པའི་དུས་ཤིག་ཀྱང་ཡིན། ཀླུ་མཆོད་ཀྱི་དུས་ཤིག་ལ། ང་རང་ཡང་རང་གི་སེམས་པ་ཤོར་འགྲོ་སའི་ཞི་མོ་གནམ་མཚོ་ལ་འགྲོགས་རྒྱུའི་སྐལ་བ་བྱུང་། ངེད་གཉིས་ཀྱིས་ལག་པ་གཅིག་གིས་གཅིག་ལ་འཆང་སྟེ། བརྩེ་དུངས་སྟོན་པའི་ཚུལ་གྱིས་འཇིག་རྟེན་སྣང་བ་གླུ་རུ་ལེན་པའི་ལ་གཞས་ལ་ཉན་པ་དང་། ཕོ་མོའི་བརྩེ་བ་དང་ཞེ་མཐུན་པའི་བརྗོད་ཚིག་ངག་ཏུ་གྱེར་སྐབས། ངེད་གཉིས་ཀྱིས་ལག་པ་དམ་དུ་འཆང་སྟེ་དུངས་སྣང་སྟོན་པའི་བརྡ་སྟོན་ཅི་ཐུབ་གནང་། ངོ་མ་བཤད་ན། རང་ཉིད་ཤིན་ཏུ་དགའ་བ་དང་བརྩེ་སེམས་ལྡན་ན་ཡང་། སེམས་ནང་གི་སྐད་ཆ་དེ་ཁ་གསལ་བོ་ཞིག་གདོང་ལ་བལྟས་ཏེ་ལབ་ཐུབ་བཞིན་མེད། ཀླུ་མཆོད་ཀྱི་ཆོ་ག་འདི་ལ་ང་རང་ཧ་ཅང་དགའ།
ད་ནི་ང་རང་འཇིག་རྟེན་པའི་འཚོ་བ་དང་། སྡེ་མི་འདིའི་རྒྱུ་སྲོལ་དང་གཏན་དུ་གྱེས་ཡོད། རང་གི་ཆུང་དུས་ཀྱི་མི་ཚེའི་དྲན་ཤིང་འདིས། ཕལ་ཆེར་ང་རང་སྡེ་འདིའི་ཡུལ་ལྗོངས་ལ་སྤྲོ་འཆམ་དུ་གདན་དྲངས་པ་འདྲ། གལ་སྲིད་སྔ་དགོང་ལ་ང་རང་སྤྲོ་འཆམ་དུ་ཕྱིན་མེད་ཚེ། སྡེ་མི་ཚོས་ང་རང་གྲྭ་བ་ཁྱད་མཚར་བ་ཞིག་དང་། སྤྱོད་པ་འཆལ་བོ་ཞིག་ཏུ་མཐོང་སྲིད། གནས་འདིར་རང་ཉིད་སྡོད་འདོད་ཡོད་ནའང་། ང་རང་ཁོ་ཚོ་དང་འདྲེས་མི་ཐུབ་ལ། ང་ལ་བྱེད་ལས་དང་ལས་བགོས་ཅི་ཡང་མི་འདུག ལྷག་རླུང་གིས་གཡུག་གཡུག་བྱེད་པའི་ངའི་གཟན་སྣེ་དེས་ང་ལ་བཀྲ་ཤིས་ཆོས་རྫོང་གི་དགོན་པ་དྲན་གསོ་དང་འབོད་པ་གཏོང་བ་དང་འདྲ།
དྲིལ་ལྕེ་ལགས་ཀྱིས་སེམས་འགུལ་ཐེབས་ནུས་པའི་སྒྲུང་ཞིག་བྲིས་འདུག རྗེས་སུ་ཡི་རང་ཡོད། དཀར་གསུམ་མངར་གསུམ་ཞེས་པའི་དཀར་གསུམ་ནི། ཞོ། འོ་མ། མར་དང་གསུམ་རེད། རྩམ་པ་མ་རེད་ལགས། འདིའི་ནང་དུ་བརྗོད་བཞིན་པའི་གཉན་ཆེན་ནི། གཉན་ཆེན་ཞ་ར་ཟེར་བ་ཞིག་ཡོད་པ་དེ་དང་གཅིག་པ་ཡིན་ནམ། །
ཨ་མས་ང་ལ་བཀའ་བཀྱོན་དང་གཤེ་གཤེ་ཆེར་མ་བཏང་།
ཟེར།
འདི་གཉིས་ཟློས་པ་འདྲ་ཞིག་མཐོང་སོང་།
རྩོམ་སྙན་པོ་འདུག ཡིན་ཡང་འདི་ནང་དུ་རྒྱ་གར་གཞིས་ཆགས་ཀྱི་སྐད་འདྲ་འགའ་ཤས་འདུག་པས་ཚབ་ལ་རང་གི་ཕ་སྐད་བྲིས་ན་ཡག་གི་རེད་བསམ་སོང་།
བསམ་ཚུལ་ནོར་ཡོད་ན་དགོངས་དག་ཞུ།
སྒྲུང་རྩོམ་བྲིས་པར་ལེགས་ན་ཡང་། །
དེ་ཡིས་དོན་ཆེན་མ་རླག་དགོས། །
གློག་ཀླད་རྩེ་བར་ལེགས་ན་ཡང་། །
དེ་ཡིས་དུས་ཚོད་མ་རླག་དགོས། །
དེ་ལ་དོན་གཉེར་མང་དྲག་ན། །
འདི་ཕྱིའི་དོན་ཆེན་རླག་ཉེས་ཆེ། །
ོ
ཆ་ཚང་ཀློགས་ཚར་ཡིན་སྙན་པོ་བྱུང་སོང་བས། ཡང་བསྐྱར་སྒྲོང་རྩོམ་རིགས་མང་ཙམ་སྤེལ་རོགས་ཞུ་ཡི་ཡིན།
སྒྲུང་ཡག་པོ་བྲིས་འདུག་ ཡིན་ཡང་ལེ་ཚན་དང་པོའི་ནང་ཀ་སྡེ་དང་ཁ་སྡེ་གཉིས་འདུག་ རྗེས་མའི་ནང་ཆ་སྡེ་མ་གཏོགས་ག་དང་ང་ཅ་སོགས་སྡེ་ཚན་གསུམ་མི་འདུག་པ་གང་ཡིན་ནམ ཆད་པ་རེད་དམ་ ངས་མ་མཐོང་བ་རེད།