དྲིལ་ལྕེ།
༼ཀ༽
བཀྲ་ཤིས་ཆོས་རྫོང་དགོན་པའི་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་ནི། རྒྱང་རིང་བོ་ཞིག་ནས་མཐོང་ཐུབ་པ་དང་། དེ་ནི་འོད་འཚེར་འཚེར་ཞིག་རེད། འོད་འཚེར་འཚེར་འཕྲོ་བའི་གསེར་ཏོག་མཐོང་བ་ན། ང་རང་འཇིག་རྟེན་ཟིང་ཟིང་གི་འཚོ་བ་དང་རྒྱབ་ཏུ་ཕྱོགས་ཏེ། དབེན་པའི་གནས་སམ། ཆོས་ཀྱི་བསྟི་གནས། ཡང་ན། གྲྭ་བའི་འཇིག་རྟེན་ལ་ཁ་ཕྱོགས་ཏེ་འགྲོ་བ་ཚོར་ཡོང་། ང་ལ་ཅུང་ཆ་རྒྱུས་ཡོད་པའི་དགོན་པ་འདིར་དུས་ཡུན་གང་འཚམ་ཞིག་ཕྱིན་ཡོད་སྟབས། རིམ་བཞིན་ཚོགས་ཆེན་འདུ་ཁང་གི་རྩེ་ཐོག་རྣམས་མཐོང་དུས། དགོན་པའི་འཇིག་རྟེན་གྱི་འཚོ་བ་དེ། ངའི་སེམས་སུ་གསལ་བོ་འཁོར་ཡོང་། ཐེངས་འདིར། ང་རང་དགོན་པའི་ནང་འཛུལ་སྐབས། ཆོས་འཁོར་གཡས་གཡོན་གྱི་རི་དྭགས་ཕོ་མོ་གཉིས་ཀྱིས་ཀྱང་། ང་ལ་དགོན་པར་ཕྱིར་འཁོར་བར་བསུ་མ་གནང་བ་དང་འདྲ།
སྔོན་ཆད། ང་རང་དགོན་པ་འདིར་གྲྭ་བ་བཟོ་བར་ཡོང་དུས། ང་རང་ཤེས་མེད་ཚོར་མེད་ངང་དགོན་པ་འདིར་འཛུལ་བ་དང་། དགོན་པ་འདིའི་བཟོ་བཀོད་ལ་དོ་སྣང་སྤྲོད་རྒྱུ་ཕར་ཞོག རང་ཉིད་ཀྱི་གྲྭ་ཤག་ལ་ཡང་ཞིབ་ལྟ་བྱེད་རྒྱུ་མ་བྱུང་། སེམས་སུ་གསལ་ལྷང་ངེར་དྲན་པ་ཞིག་ནི། ངའི་མགོ་སྐྲ་གཙང་མ་ཞིག་བཞར་ཏེ་ལུས་ཡོངས་གོས་སྨུག་གསར་བ་གསར་རྐྱང་ཞིག་གྱོན་པ་དེ་རེད། ང་རང་ཕ་ཡུལ་དུ་ཨ་མར་ལྟ་སྐོར་ཕྱིན་ཏེ་དགོན་པ་ཕྱིར་འཁོར་བའི་ཉིན་མོ་འདིར་ཡང་། དགོན་པའི་ཉེ་འཁོར། ང་སྐྱེས་སའི་ཆུ་མ་ཐང་སྡེ་བ་དང་བསྡུར་ན། ས་རྡུལ་འཚུབ་འཚུབ་ཞིག་རེད།
དགོན་པའི་འདབས་ཀྱི་མཆོད་རྟེན་མདུན་ནས། ཁྱི་ཁ་ཤས་ངའི་མདུན་དུ་རྒྱུགས་ཡོང་བ་དང་། དེ་ཚོ་ངའི་ཐོག་ཏུ་མཆོངས་ཙམ་མཆོངས་ཙམ་བྱས་པ་དང་། ཤམ་ཐམས་ལ་ལྕེ་ལྡག་རེ་བྱས་ཏེ་མིག་ཁ་ཡར་ལ་བསྐོར་ནས་ང་ལ་བལྟས་པ་དང་། ངའི་ལག་ནས་ཁོ་ཚོ་ཅི་ཡང་མ་ཐོབ་སྟབས། ང་ལ་བསྐོར་བ་ཞིག་རྒྱབ་ནས་ཕྱིར་བརྒྱུགས་སོང་། ཚོགས་ཆེན་འདུ་ཁང་གི་རྡོ་གཅལ་བཏང་བའི་སྐོར་ལམ་ན། ངའི་གྲོགས་པོ་རབ་འབྱོར་གྱིས་གད་འཕྱག་བཞིན་འདུག ཁོས་ང་རང་མཐོང་བ་ན། ལག་གི་ཕྱགས་མ་གནམ་དུ་གཡུག་སྟེ། ངའི་མདུན་དུ་རྒྱུགས་ཡོང་། ང་རང་ཡང་ཁོ་འཕྲད་པར་ཧ་ཅང་དགའ་བོ་དང་། སེམས་འགུལ་ཐེབས་པའི་དུངས་སྣང་བྱུང་།
དེ་སྔོན་ང་རང་དགོན་པ་འདིར་བསྡད་དེ། གྲོང་སྡེ་ལ་ཨ་མར་ལྟ་སྐོར་མ་ཕྱིན་པའི་སྔོན་ལ། ངའི་སེམས་ནང་རང་ཉིད་ཀྱི་ཆེས་ཉེ་བའི་གྲོགས་པོ་ནི། ང་རང་དང་མཉམ་དུ་འཚར་ལོངས་བྱུང་བའི་ངའི་ཆུང་འདྲིས་རྩེད་གྲོགས་རྣམས་ཡིན་ལ། རང་ལ་བརྩེ་བའི་གྲོགས་པོ་ཞིག་ཡོད་པ་ཡང་ཁོ་ཚོ་ཡིན། ང་རང་ཁྱིམ་དུ་ཕྱིན་ཏེ་ཁོ་ཚོ་ཐུག་དུས། ཁོ་ཚོ་ང་ལ་དོགས་མི་བདེ་བ་ཞིག་དང་། ཕན་ཚུན་ཞེ་འདྲིས་བྱེད་མི་ཐུབ་པར་གྲོགས་པའི་ཚོར་བ་མི་འདུག གནས་ཚུལ་དེས་ང་ལ་ཕ་ཡུལ་དུ་སྐྱིད་སྣང་ཞིག་མ་བྱུང་། ཐེངས་འདིར་ངའི་གྲོགས་པོ་རབ་འབྱོར་དང་འཕྲད་པར། ང་རང་ཁོ་ལ་དུངས་སྣང་ཞིག་དང་། རང་ཉིད་ལ་ཆེས་ཉེ་བའི་གྲོགས་པོ་ཞིག་ཡོད་པ། ཁོ་རང་ཡིན་པའི་ངེས་ཤེས་ཀྱང་ཐོབ།
རབ་འབྱོར་གྱིས་ཤམ་ཐབས་ཀྱི་སྐེ་རགས་གྲོལ་ཏེ། སྐེ་རགས་ཁུག་ནས་ལྡེ་མིག་ཅིག་ཕྱིར་འདོན་བཞིན། ཨ་ཁུ་ཁ་སང་ནས་འབྲོག་ཕྱོགས་སུ་གཤིན་ཆོས་སྒྲུབ་ཏུ་ཕྱིན་སོང་། ལྡེ་མིག་འདིར་ཡོད། ཁྱོད་ཤག་ཏུ་སོངས་དང་། ང་རང་ཁོམ་དུས་དེར་ཡོང་ ཞེས་ཟེར། ཨ་ཁུ་གྲྭ་ཤག་ཏུ་བཞུགས་མེད་པ་ཐོས་པར་ང་རང་མཚར་སྣང་ཞིག་དང་བཅས་རང་ཤག་ཏུ་སོང་བ་ཡིན།
༼ཁ༽
ངེད་ཀྱི་གྲྭ་ཤག་ནི་ལྷང་འཇགས་ཤིག་རེད། ཁྱམས་ར་ན་ཆང་བ་ལིའི་ཤིང་སྡོང་གི་ལོ་མ་ཁ་ཤས་སྐམ་གྱོང་དུ་ཕྱིན་ཏེ། རླུང་ཁ་ན་ཕར་སྒྲིལ་ཚུར་སྒྲིལ་བྱེད་བཞིན་འདུག རླུང་གིས་སྒྲིལ་བའི་ལོ་མའི་སྒྲ་དེ་གསལ་བོ་ཞིག་ཐོས་པ་ལས། རང་ཉིད་ཀྱི་གྲྭ་ཤག་འདི་ཧ་ཅང་དབེན་པ་དང་སྟོང་སེང་ངེར་རེད། འདི་ནི་ང་རང་གྲྭ་ཤག་འདིར་ཡོང་ནས། རང་ཉིད་གཅིག་པུ་ལྷག་པ་ཐོག་མ་ཡིན་སྟབས། རང་ཁྱིམ་གྱི་འདུ་ཤེས་ཤིག་དང་། རང་དབང་གི་ཚོར་སྣང་ཞིག་ཀྱང་བྱུང་། ངས་རྐང་གི་ལྷམ་དེ་ལག་པས་མར་མ་འཕུད་པར། རྐང་བ་གནམ་དུ་ཐེངས་ཁ་ཤས་གཡུག་པ་ན། རྒྱ་ལྷམ་རྐང་ནས་ཕུད་དེ་ཐད་ཀར་ངའི་མདུན་དུ་གཡུག་སོང་། རྐང་པ་གཞན་དེ་ཡང་གནམ་ལ་སྔར་ལས་ཤུགས་ཆེར་ཙམ་གཡུག་པ་ན། རྒྱ་ལྷམ་རྐང་ནས་ཕུད་དེ་ངའི་མགོ་ལ་རེག་ཙམ་བྱས་ཏེ། རང་གི་རྒྱབ་ལོག་ཅིག་ཏུ་གཡུག་སོང་། སྣང་ཚུལ་འདིས་རང་ཉིད་ལ་གད་མོ་ཞིག་ཀྱང་བསླངས།
ང་རང་ཐབ་ཚང་དུ་འགྲོ་ཞོར། ཁང་བའི་ཁྱམས་ར་ན། གདུང་མའི་ཐོག་མར་དཔྱངས་པའི་དྲིལ་བུ་རྙིང་བ་ཧ་ཅང་ཆེན་པོ་ཞིག་ཡོད་པ་དེར་། རང་ཉིད་གནམ་ལ་ལྡིང་སྟེ་ལག་པའི་ཐལ་ལྕག་གིས་གཞུས་པ་ཡིན། ཧང་སངས་པ་ཞིག་དང་། ངོ་མཚར་བ་ཞིག་ལ། དྲིལ་རྙིལ་དེ་སྒྲ་ཆེན་པོ་ཞིག་གྲགས་པ་དང་། ཧ་ཅང་སྙན་ཆ་ལྡན་པ་ཞིག་རེད། ང་རང་རྦད་དེ་ཧ་ལས་ཤིང་ཧོན་ཐོར་སོང་། དྲིལ་རྙིང་འདི་ལ་འདི་འདྲའི་སྒྲ་ཆེན་པོ་ཞིག་དང་ཧ་ཅང་སྒྲ་སྙན་པོ་ཞིག་ཡོད་པ་སེམས་སུ་གཏན་ནས་འཁོར་་མྱོང་མེད། རང་ཉིད་རང་དབང་མེད་པར་གོམ་པ་སྤོ་མཚམས་བཞག་སྟེ། དྲིལ་རྙིང་དེ་ལ་ཕྱིར་བལྟས་བྱེད་དགོས་བྱུང་།
དྲིལ་རྙིང་དེ་ཁང་བའི་གདུང་མ་ནས་མར་དཔྱངས་པའི་ཐག་སྣེ་རུ་ཕར་གཡོ་ཚར་གཡོ་བྱེད་བཞིན་པ་དང་། དྲིལ་སྒྲ་དེ་རིམ་བཞིན་ངེད་ཀྱི་གྲྭ་ཤག་ཡོངས་སུ་ཁྱབས། སྟོང་སེང་སེང་གི་གྲྭ་ཁྱིམ་འདིར་སྤྲོ་སྐྱིད་ལྡན་པ་ཞིག་ཏུ་མངོན། དང་བ་དང་དོ་སྣང་མེད་པའི་དྲིལ་བུ་འདི་ལ། དེ་རིང་སྲོག་གི་དབང་བོ་ཞུགས་པ་ལྟར་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཏུ་མཐོང་། ངའི་སྣང་བ་ཞིག་ལ། དྲིལ་སྒྲ་དེ་ཤུགས་ཆེན་པོ་གྲགས་ཏེ་གྲྭ་ཁྱིམ་འདིའི་ལྷས་ར་དང་། ཁང་པ་རེ་རེ། ཆང་བ་ལིའི་ཤིང་སྡོང་གི་རྩ་བ་དང་ཡལ་ག ལོ་མ་སོགས་སུ་ཐུམ་པ་དང་། དེ་བཞིན་དྲིལ་སྒྲ་གཉོམ་རུ་གཉོམ་རུ་ཕྱིན་ཏེ། ངེད་གྲྭ་ཤག་གི་གྲུ་ཟུར་གཅིག་ཀྱང་མ་ལུས་ཁྱབ་སོང་སྙམ་པ་བྱུང་།
ཨ་ཁུའི་ཁང་མིག་ནང་ཅུང་ཟང་ཟིང་ལྟ་བུ་ཞིག་རེད། ཁོའི་མདུན་ཅོག་ཐོག་ཏུ་ཆོས་དཔེ་ཞིག་ཁ་ཕྱེས་འདུག་ལ། དཀར་ཡོལ་ནང་དུ་ཇ་འཕྲོ་ལྷག་མ་བཞག་འདུག སྣང་བརྙན་འདིས་ཁོ་རང་འཚུབ་ཆ་དང་། བྲེལ་ཟིང་ངང་ལམ་དུ་ཆས་པ་ཤེས་ཐུབ། དེ་མིན། གྲྭ་ཤག་ནང་སྔ་བཞིན་གཙང་ཞིང་དག་པ་ཞིག་རེད། ཕྱི་དྲོ་རབ་འབྱོར་ཡང་། ངེད་ཀྱི་གྲྭ་ཤག་ཏུ་སླེབས་སོང་། ཁོ་རང་སླེབས་མ་ཐག ངས་ཁ་ནས་དྲིལ་བུ་འདི། ཅོང་འདི། ཞེས་ལག་པའི་མཛུབ་མོས་དྲིལ་བུ་བསྟན་ཏེ་ཡང་ཡང་བརྗོད་པ་ན། རབ་འབྱོར་ཁྱམས་རར་གོམ་ཁ་སྤོ་མཚམས་བཞག་སྟེ། ཅི་ཡང་མི་སྨྲ་བར་ཧད་ནས་བལྟས། ངས་ཡང་བསྐྱར། གནམ་ལ་ལྡིང་སྟེ་དྲིལ་བུ་ལ་ལག་པའི་ཐལ་ལྕག་གིས་གཞུས་པ་ཡིན།
གྲགས་ཆེ་ལ་སྙན་པ། དྭངས་ཤིང་གསལ་བའི་དྲིལ་སྒྲ་ཁོས་ཐོས་པ་ན། ད་བཟོད། ཁོས་ངས་ཅི་ཞིག་བརྗོད་བཞིན་པ་རྟོགས་སོང་། ཁོ་ཡང་མཚར་སྣང་ཆེན་པོ་དང་བཅས། ཡོམ་ཡོམ་དུ་འགུལ་བའི་དྲིལ་འོག་ཏུ་ཡོང་ནས། མིག་གཉིས་ཀྱིས་དྲིལ་བ་ལ་བལྟས་ཏེ་ཅེར། ཁྱད་འཕགས་ངོ་མཚར་བའི་དྲིལ་སྒྲ་འདིས། རབ་འབྱོར་གྱི་མིག་གཉིས་ཀྱང་གོར་གོར་རིལ་རིལ་ཞིག་ཏུ་བསྒྱུར་འདུག ཕལ་ཆེར་གྲྭ་བ་མང་བོ་ཞིག་གིས་དྲིལ་བུ་འདི་མཐོང་ཡོད་པ་ཙམ་ལས། འདི་ལ་དོ་སྣང་དང་། དྲིལ་སྐད་འདི་འདྲ་ཞིག་བྱོན་པ་བློ་ཡིད་དུ་འཁོར་བ་ལྟ་ཅི། ཐ་ན། ངའི་ཨ་ཁུ་གཙོ་བྱས་ཁོའི་དགེ་ཕྲུག་དང་། གྲྭ་ཤག་འདིར་བསྡད་པའི་གྲྭ་བ་སུ་གཅིག་གིས་ཀྱང་། ཤེས་རྟོགས་དང་དོ་སྣང་བྱུང་མེད་པ་འདྲ། ངའི་ཨ་ཁུས་དྲིལ་བུ་འདི་ལ་གཙིགས་ཆེ་དང་། སྲུང་སྐྱོབ། བདག་གཅེས་བྱེད་པའི་རྣམ་པ་ཞིག་ངས་གཏན་ནས་མཐོང་མྱོང་མེད། ཁོས་དྲིལ་བུ་འདི་ལ་དང་བ་དང་དད་སེམས། ཡང་ན། ཁོས་ང་ལ་དྲིལ་བུ་འདིའི་སྐོར་ལ་གཏམ་རྒྱུད་དང་སྐད་ཆ་ཚིག་གཅིག་ཀྱང་བརྗོད་མྱོང་མེད།
ངེད་གཉིས་ཀྱིས་དྲིལ་བུ་འདི་གསལ་བོ་ཞིག་མཐོང་འདོད་དང་འདིའི་སྐོར་གསལ་བོ་ཞིག་ཤེས་འདོད་བྱུང་། དྲིལ་རྙིང་འདིའི་ཁོག་དང་དྲིལ་བུ་འདིའི་ཕྱི་ཤུན་ལ་བལྟ་འདོད་བྱུང་། ངེད་གཉིས་ལ་ཚོར་ཤུགས་ཆེན་པོ་དང་། མཚར་སྣང་འགོག་མེད་ཅིག་གིས། དྲིལ་རྙིང་འདི་ལ་དངོས་སུ་ལག་པ་འཆང་འདོད་བྱུང་། གལ་སྲིད་ཨ་ཁུ་འདིར་བཞུགས་ཡོད་ཚེ། ངེད་གཉིས་ཀྱིས་ཁྱད་དུ་འཕགས་ཤིང་རྣ་ལ་ཤིན་ཏུ་སྙན་པའི་དྲིལ་སྒྲ་འདི་ཐོས་ནའང་། དྲིལ་བུ་ལ་ལག་པ་འཆང་རྒྱུ་ལྟ་ཅི། སྒྲ་ཡག་བཙོག་གི་ཚིག་གཅིག་ཀྱང་ཁ་ནས་ཐོན་མི་ཐུབ། སྐབས་དེར། ངེད་གཉིས་ལ་རང་དབང་ཐོབ་ཡོད་ལ། འཚེར་སྣང་དང་སྐྲག་སྣང་ཅི་ཡང་མེད། ངེད་གཉིས་ལ་ཐེ་གཏོགས་དང་བཀག་འགོག་གནང་མཁན་ཡང་ས་འདིར་གཏན་ནས་མེད།
ངས་བསམ་བློ་ཅི་ཡང་མ་བཏང་བར། གྲོགས་རབ་འབྱོར་གྱི་ཕྲག་ལ་ང་རང་རྟ་ཞོན་ཏེ། མར་དཔྱངས་པའི་དྲིལ་བུའི་ཐག་སྣེ་གྲོལ་བ་ཡིན། དྲིལ་རྙིང་དེ་ཧ་ཅང་ལྗིད་ཚད་ཆེ་བ་མིན་ཀྱང་། དྲིལ་བུ་འདི་འདྲ་བ་གཞན་དང་བསྡུར་ན། ལྗིད་ཚད་ཉིས་ལྡབ་ལས་ལྕི་བ་ཞིག་རེད། ངེད་གཉིས་ཀྱིས་དྲིལ་རྙིང་དེ་མདུན་ཅོག་ཅིག་གི་ཐོག་བཞག་སྟེ་ཞིབ་ལྟ་བྱས་པ་ཡིན། དྲིལ་བུ་འདིའི་གདོང་ན་བོད་ཡིག་དབུ་ཅན་ཞིག་བྲིས་ཡོད་པ་དང་། འདབས་ན་གསལ་བོ་མིན་པའི་རི་མོ་ཞིག་མཐོང་རྒྱུ་འདུག