དྲིལ་ལྕེ།
༼ཀ༽
དེ་ནི་དཔྱིད་ཟླ་བཞི་བ་རེད། གཉན་ཆེན་ཕོ་རོག་གི་རི་རྩེ་ཁ་བས་བཟུང་ནས་ཟླ་དྲུག་ཏག་ཏག་ཕྱིན་འདུག བརྗིད་ཆགས་མཛེས་ཉམས་ལྡན་པའི་རི་རྒྱུད་དེ་དག་གི་རྩེ་མོ། དཀར་སང་སེང་གི་ཁ་བས་གཡོགས་ཏེ་དགུན་དུས་ཀྱི་རྣམ་པ་ཕྱིར་མངོན་འདུག ཡིན་ནའང་། རི་སྐེད་ཀྱི་ཁ་བ་བཞུས་ཏེ་ཆུ་ཕྲན་རྣམས་ལྷང་ལྷུང་མར་འབབ་པ་དང་། ཐུར་དུ་བཞུར་བའི་ཆུ་བོ་རྣམས་ལུང་ཁུག་གི་གཙང་བོ་འདྲེས་པ་ན། གཙང་བོ་རབ་ཏུ་རྒྱས་ཤིང་གཏོས། ལུང་ཁུག་གི་སྤང་དང་གཙང་འགྲམ། ས་ཆ་དམའ་སར་དཔྱིད་ཀྱི་མཛེས་པ་ཕྱིར་མངོན་ཏེ། ལྕང་མ་དང་ཚེར་སྡོང་། རྩི་ཤིང་འདྲ་མིན་འབུས་འགོ་བརྩམས་པ་དང་། མེ་ཏོག་སེར་ཆེན་དང་རྩྭ་ལྗང་ལ་གསོན་ཤུགས་རྒྱས་ནས་མཛེས་ཉམས་བཞད་འདུག
བཀྲ་ཤིས་ཆོས་རྫོང་གི་རྒྱབ་རིའི་སྟེང་གི་ས་རྡུལ་འཚུབ་འཚུབ་དེ་ཡང་ཡལ་འདུག ངའི་གྲྭ་ཤག་གི་ཆང་བ་ལུ་ཤིང་སྡོང་གི་མྱུ་གུ་འབུས་བཞིན་པ་དང་། མེ་ཏོག་ཆུང་ཆུང་སྙིང་རྗེ་བོ་ཐར་ཐོར་རེ་གད་འདུག ས་གཞིར་དྲོད་རྒྱས་པ་དེས། རི་དྭགས་དང་འདབ་ཆགས། རྩྭ་དང་རྩི་ཤིང་རྣམས་ལ་ཚེ་སྲོག་གསར་བ་ཞིག་བྱིན་པའི་སྣང་བ་སྟེར་ལ། དགོན་པ་འདིའི་ཉེ་འཁོར་དང་ཁོར་ཡུག་ལ་གསོན་ཉམས་མངོན་པ་མ་ཟད། བྱ་དང་བྱེའུ། འདབ་ཆགས་མང་བོའི་སྐད་སྙན་མང་བོ་ཞིག་གོ་རྒྱུ་འདུག གྲྭ་བ་ཚོ་ལ་ཡང་སྟོབས་དང་ནུས་པ་ཞིག་སྤྲད་ཡོད་པ་འདྲ། དགོན་པ་བཀྲ་ཤིས་ཆོས་རྫོང་འདིའི་ནང་། ཉིན་རེ་ནས་ཉིན་རེ། སྐད་ཅོར་ཆེར་རུ་འགྲོ་བ་དང་། ཟང་ཟིང་འདུ་འཛི་ཡང་ཆེ་རུ་གྱུར་འདུག
སྤྱིར་ནས་ཆོས་སྒོ་ཕྱེས་ནས་༼རིག་གནས་གསར་བརྗེ་ཆེན་པོའི་རྗེས།༽ལོ་མང་བོ་ཕྱིན་མེད་སྟབས། གྲྭ་མང་ཚོགས་སའི་ཚོགས་ཆེན་འདུ་ཁང་དང་། གྲྭ་ཚང་འདུ་ཁང་། བླ་ཆེན་ཁ་ཤས་ཀྱི་ནང་ཆེན་དང་བླ་བྲང་ལེགས་འགྲུབ་བྱུང་ཡོད་པ་ལས། སྔོན་ཆད་ཀྱི༼རིག་གནས་གསར་བརྗེ་ཆེན་པོའི་སྔོན།༽ལྷ་མོ་ཁང་དང་། རྟ་མགྲིན་ཁང་སོགས་གྱང་ཤུལ་ཙམ་ལས་ཅི་ཡང་མི་འདུག སྤྱིར་ང་ལ་མཚོན་ན། དགོན་པ་འདིའི་ལོ་རྒྱུས་དང་། དར་རྒུད། ཆགས་འཇུག་ཉམས་ཉེས་ཅི་བྱུང་སྐོར་ཅི་ཡང་མི་ཤེས། ངའི་ཤེས་པ་ནི། ཆོས་སྒོ་ཕྱེས་ནས་བཟུང་། བླ་སྤྲུལ་ཁ་ཤས་དང་། དེ་སྔོན་གྱི་དགོན་པའི་གྲྭ་བ་ཁ་ཤས་ཕྱིར་དགོན་པར་སླེབས་ཏེ། བཀྲ་ཤིས་ཆོས་རྫོང་དགོན་པ་འདིའི་ལྷ་ཁང་དང་། ལྷག་ལུས་ཀྱི་ལྷ་རྟེན་སྐུ་འདྲ་རྣམས་བདག་པོ་རྒྱབ་ཏེ། ཆོས་ལུགས་ཀྱི་ཕྱག་ལེན་སྔར་གྱི་འགྲོ་སྟངས་ཅི་བཞིན་གནང་བ་དང་། ང་ཚོས་མཐོང་བའི་གྱང་ཤུལ་རྣམས། ཁོང་ཚོས་རེ་རེ་གསལ་བཤད་དང་སྔར་སོར་ངོས་འཛིན་གནང་བཞིན་ཞིག་གསོ་བྱེད་བཞིན་པ་འདི་རེད།
༼ཁ།༽
དཔྱིད་ཟླ་འགོ་བཙུགས་ནས་བཟུང་། དགོན་པ་འདིའི་ནང་། གྲྭ་མང་ཚོ་ཆོས་ཀྱི་སློབ་གཉེར་དང་གསོལ་འདེབས་སྨོན་ལམ་གྱི་ཚོགས་འཚོགས་པ་དེ་ལས། སྔོན་ཆད་ཞིག་རལ་བཅོམ་བརླགས་སུ་བཏང་བའི་ཁང་ཤུལ་དུ་འཚོགས་རྒྱུ་མང་། ང་ཚོ་གྲྭ་མང་ཚོས་གཟན་སྐེད་པ་བཅངས་ཏེ་ལྷ་ཁང་ཉམས་གསོ་བྱེད་དགོས། དགོན་པ་བཀྲ་ཤིས་ཆོས་རྫོང་འདིའི་ལྷ་སྡེ་ཡོངས་ནས་ལྷ་ཁང་ཞིག་གསོ་ཆེད་ཁས་ལེན་དམ་བཅའ་རབ་དང་རིམ་པ་བྱས་ཡོད་པ་གོ་ཐོས་བྱུང་། དགོན་པའི་ནང་ལྟོས་ཚོད་ལ་ཡང་། ལྷ་སྡེ་མི་སྡེ་དེ་དག་གིས་ཁས་ལེན་དམ་བཅའ་ཅི་བྱས་མཐོང་ཐུབ།
དགོན་པའི་ནང་མཚམས་རེ། བུད་མེད་དར་མ་མགོ་རས་ཁྲ་ཁྲ་བཅིངས་པ་མང་བོ་ཞིག་གིས་རྒྱབ་ཏུ་སླེ་བོ་ཁུར་ཏེ་ཡོང་བ་དང་། མཚམས་རེ་སྐྱེས་པ་དར་མ་སྐད་ཅོར་ཆེར་ལ་ལག་ཏུ་ལྕགས་ཁེམ་དང་ལྕགས་གཟེར་ཐོག་པ་མང་བོ་ཞིག་རིག་ཐུབ། གྲོང་མི་ཚོས་ལྷ་ཁང་གི་གྱང་ཤུལ་དུ་ས་རྐོ་རྡོ་སློག་བྱེད་པ་དང་། དགོན་པས་གོ་སྒྲིག་བྱས་ཏེ། གྲྭ་བ་དར་མ་སྐོར་ཁག་རེ་ནས་གྲོང་མི་ཚོ་རོགས་འདེགས་བྱེད་དགོས། དཔུང་བ་ན་འོད་འཕྲོ་བའི་གྲྭ་རྒོད་ཚོས་རང་ནུས་ཅི་ཡོད་བཏོན་ཏེ་ལས་ཀ་ཧུར་ཐག་བྱེད་པ་དང་། རང་ཉིད་ཉེན་ཁ་དང་དཀའ་ཁག་ལ་མི་འཛེམས་པར། དམར་ལྷབ་ལྷེབ་ལས་ཀའི་གནད་འགག་ཆེ་སར་མངོན། དཔྱིད་དུས་དེ་ལ། ང་རང་གིས་དགོན་པ་འདིར་ལུས་ཀྱི་ངལ་རྩོལ་མང་བོ་བྱས་པ་དང་། རང་གིས་སྟོན་པའི་ན་བཟའ་ཞིག་གོན་པ་ཙམ་ལུས་། ང་ཚོ་གྲྭ་བ་ཕོ་གཞོན་ཚོ། གྲོང་བ་ཚོ་དང་འདྲ་བར་དགོན་པ་འདིར་ལས་ཀ་མང་བོ་བྱེད་དགོས། སྐབས་དེར་རང་ཉིད་ལས་ཀ་བྱས་ཏེ་ངལ་དུབ་ཆེ་ནའང་། གྲོང་མི་ཚོ་དང་ལྷན་སྣང་བ་སྤྲོ་བོ་དང་སྡུག་སྣང་ཡེ་ནས་མ་བྱུང་།
༼ག༽
དཔྱིད་དུས་ཀྱི་མཁའ་དབུགས་དྲོད་འཇམ་དེ། དགོན་པ་བཀྲ་ཤིས་ཆོས་རྫོང་ནང་འཁྱུལ་འདུག གནམ་གཤིས་དྲོད་པོ་ཆགས་ནས་བཟུང་། ང་ཚོ་གྲྭ་བ་རྣམས་ལ་དགོན་པའི་ནང་ལས་ཀ་ཇེ་མང་དུ་ཕྱིན། སྐབས་འདིར་ལྷ་ཁང་འདུ་ཁང་ཞིག་གསོ་ཡི་འདུ་འཛི་ཤིན་ཏུ་ཆེ། སྐབས་དེར། ང་ཚོ་དུས་ངེས་མེད་དུ་དགོན་པ་ཞིག་གསོ་བྱེད་རྒྱུར་ལས་ཀ་སྐད་གཏོང་།
ཚོགས་ཆེན་འདུ་ཁང་གི་ཡང་སྟེང་ན་འོད་ལེམ་མེར་འཚེར་བའི་མཁའ་རྔ་དེ་རྡུང་བྱུང་། མཁའ་རྔ་རྡུང་སྟངས་འདི་ནི། ནམ་རྒྱུན་གསོལ་འདེབས་སྨོན་ལམ་ཆེད་ཡར་ཚོགས་སུ་འབོད་པའི་རྔ་རྡུང་སྟངས་དང་མི་འདྲ། ལྷག་པར་དུ། རྔ་གི་སྒྲ་འདི། ཞོགས་ཇ་འཐུང་རྗེས། དགོང་གི་ཉི་མ་དགོན་པ་འདིའི་ཉེ་སར་བཅར་ཡོད་པའི་སྐབས་ཤིག་ལ་རྡུང་བ་ལས། ཞོགས་པ་སྔ་བོ་དང་དགོང་དྲོ་རྡུང་སྲོལ་མེད།
ཉིན་དེར་གནམ་གཤིས་དྭངས་ཤིང་གསལ་ལ། གནམ་མཁའ་ན་སྤྲིན་པ་བྱའི་མགོ་ཙམ་ཡང་མི་འདུག དགོན་པ་འདིའི་ལྷ་སྡེ་ནགས་ཡུལ་ཞིག་ནས། ལྷ་ཁང་ཞིག་གསོ་ཆེད། སྐྱེལ་འདྲེན་རླངས་འཁོར་གཉིས་ཀྱིས་ཤིང་ཆ་དྲུད་དེ་དགོན་པའི་འདབས་སུ་སླེབས་འདུག ང་ཚོ་གྲྭ་བ་དར་མ་ཚོ་ཤིང་ཆ་འབོར་འདྲེན་དུ་འགྲོ་དགོས་པའི་བརྡ་རེད།
ཉིན་དེར། གྲྭ་བ་ཚོ་གནས་འདི་ནི་ཧ་ཅང་དབེན་པའི་དགོན་པ་ཞིག་ཡིན་པའི་འདུ་ཤེས་མི་འདུག ང་ཚོ་དགོན་པ་ནས་ཕྱིར་ཐོན་སྐབས། གྲྭ་བ་རྣམས་གཅིག་ལས་གཅིག་མགྱོགས་པར་འགྲོ་བ་དང་། གྲྭ་ཕྲུག་གཅིག་གིས་ཀི་རིང་ཞིག་བཏབ་པ་ན། དེའི་རྗེས་སུ་གྲྭ་བ་མང་བས་ཀི་རིང་འདེབས། ད་དུང་གྲྭ་བ་གསར་རྒོད་མང་བོ་ཞིག་གིས་འདོན་པའི་དབྱངས་རྟ་ནི། ཆོས་ཀྱི་དབྱངས་རྟ་ཡང་མིན་ལ། གྲོང་བའི་གླུ་དང་ལ་གཞས་ཡང་མིན་པ་མང་བོ་ཞིག་རྒྱང་འཐེན་བྱེད་རྒྱུ་འདུག
ང་ཚོ་གྲྭ་མང་ཚོས་ཤིང་ཆ་དུམ་བུ་རེ་མི་གཉིས་རེ་བྱས་ཏེ་འཁྱེར་བ་དང་། གྲྭ་བ་སྐོར་ཁག་རེ་བྱས་ཏེ་ཤིང་ཆ་སྐྱེལ་འདྲེན་བྱས་པ་ཡིན། དེ་རིང་གི་གྲྭ་རྒོད་ཚོ་ནི། ནམ་རྒྱུན་གདན་ཐོག་ཏུ་བཞུགས་ཏེ་གསོལ་འདེབས་སྨོན་ལམ་བསྐྱོར་བའི་ཞི་དུལ་ཉམ་ཆུང་བ་དེ་ཚོ་མིན་པར། མི་རང་རང་གི་གཤིས་ཀ་དངོས་ཤིག་མཐོང་རྒྱུ་འདུག ནམ་རྒྱུན་དགོན་པའི་ནང་དཔའ་རྟགས་སྟོན་པ་དང་། རང་ཉིད་རྒོད་པོ་འབྲོང་ལྟར་སྣང་བའི་གྲྭ་རྒོད་ཁ་ཤས་ཀྱིས། འགྲོ་ཞོར་འདུག་ཞོར་ལ། གྲྭ་ཕྲུག་ཚོ་རྡོག་ཐོ་རྒྱག་པ་དང་ཐུབ་ཚོད་གཏོང་། ཤིང་ཆ་བསྐྱེལ་འདྲེན་བྱེད་སྐབས། མི་དེ་དག་སྤོབས་པ་ཆེ་མདོད་དང་གཙོ་བདག་བྱེད་རྒྱུ་དགའ། ང་དང་རབ་འབྱོར་གཉིས་ཀྱིས་གང་ཐུབ་ཅི་ནུས་ངང་། དགོན་འདབས་ནས་ཤིང་ཆ་ཐེངས་ཁ་ཤས་སྐྱེལ་འདྲེན་བྱས་པ་ཡིན།
༼ང་།༽
ཉིན་གུང་ཙམ་ལ། ང་ཚོས་ཤིང་ཆ་ཡོངས་རྫོགས་སྐྱེལ་འདྲེན་བྱས་ཚར། གྲྭ་མང་ཚོ་ཚོགས་ཆེན་འདུ་ཁང་གི་རྡོ་གཅལ་ཐོག་འཛོམས་པ་དང་། རེ་ཞིག་ང་ཚོས་གུང་ཟས་ལ་སྒུག་སྡད་པ་ཡིན། སྐབས་དེར། ཚང་མ་རྡོ་གཅལ་ཐོག་ཡར་ལངས་ཏེ་རུབ་འདུས་རྒྱབ་པ་དང་། རེ་ཟུང་གིས་རང་གི་རྩལ་སྣ་ཕྱིར་སྟོན་པ་ན། ཚང་མ་འུར་ཟིང་ཆེ་རུ་ཕྱིན་པ་དང་སྐད་ཅོར་ཆེ་རུ་གྱུར། མཚམས་ཞིག་ལ། གྲྭ་ཕྲུག་འགའ་འཇུ་རེས་བྱས་ཏེ་ཤེད་སྟོབས་འགྲན་རྩོད་བྱས་སོང་། འཇུ་རེས་འགྲན་རྩོད་ཀྱི་རྩེད་མོ་འདིར་གྲྭ་མང་ཚོ་ཚོར་ཤུགས་རབ་ཏུ་འཕེལ། མདུན་གྱི་མི་རྣམས་རང་བཞིན་ངང་སྒོར་སྒོར་བྱས་ཏེ་ཐང་དུ་ཙོག་པར་སྡད། སྣང་མེད་དུ་རྩེས་པའི་འཇུ་རེས་ཀྱི་འགྲན་རྩོད་དེ། རིམ་བཞིན་ཚབས་ཆེ་རུ་གྱུར་བ་དང་། གྲྭ་མང་འདས་སྡོད་ཀྱི་ལྡིང་ཆ་འདི། རང་ཉིད་ཀྱི་རྒྱལ་ཕམ་འཇལ་ས་དང་སྤོབས་པ་ངོམས་ས། ཕ་རོལ་བོར་དགྲ་བཅོམ་ས་ཞིག་ཏུ་གྱུར། གྲྭ་བ་མང་བོ་ཞིག་འཇུ་རེས་ཤེད་འབྱེད་ཀྱི་རྩེད་མོ་ལ་གཅིག་འཕྲོ་གཅིག་ཞུགས་པ་དང་། ལྟད་མོ་བ་ཚོས་སྐད་ཅོར་དང་སྤྱོད་ལམ་སྟོན་སྟངས་ལས། འཇུ་རེས་ལས་རྒྱལ་ཁ་ཐོབ་མཁན་ལ། སྤོབས་པ་དང་གཟི་བརྗིད་ཅིག་སྟེར་བ་དང་། ཁེངས་དྲེགས་ཞིག་སྤྲོད་འོང་། དེ་ལས་ཕམ་མཁན་ཚོ་ངོ་ཚ་དང་ཁོང་ཁྲོ། ཕངས་སེམས་ཞིག་སྟེར། འཇུ་རེས་ཤེད་འབྱེད་ཀྱི་རྩེད་མོ་འདིས། ང་རང་ལ་ངར་བསླངས་པ་དང་། རྒྱལ་ཕམ་གྱི་རྩོད་གཞི་ལ་ང་རང་ཚོར་ཤུགས་ཆེན་པོ་བྱུང་། ང་རང་ཏག་ཏག་རྩེད་མོ་འདིའི་ཁྲོད་ལུས་སེམས་གཉིས་ཀ་ཡོངས་སུ་ཚུད་འདུག
མཚམས་ཤིག་ལ། དགོན་པ་འདིའི་ནང་གྲྭ་ཕྲུག་ཚོར་དབང་ཡོད་དང་ཐུབ་ཚོད་གཏོང་བར་ཅུང་སྐད་གྲགས་ཆེ་བའི་གྲྭ་རྒོད་རྒྱལ་མཚན་ཟེར་བ་ཞིག་ཡོད་པ་དེས། གཟན་སྐེད་པ་བཅིངས་ཏེ་གྲྭ་མང་གི་དཀྱིལ་དུ་སླེབས་སོང་། གྲྭ་བ་ཚོས་ཁོ་ལ་འཇུ་རྟ་ཞེས་འབོད། རྣམ་རྒྱུན་ཁོང་གི་འོད་འཚེར་འཚེར་ཡོད་པའི་རྒྱ་ལྷམ་འཇུ་རྟ་དེས། གྲྭ་ཕྲུག་ཚོའི་རྐུབས་སུ་གང་བྱུང་གཞུས་པར་དགའ། དེ་བརྟེན། མི་རྣམས་ཀྱིས་ཁོ་ལ་གྲྭ་བ་འཇུ་རྟ་ཞེས་འབོད། ཁོས་ལག་གཉིས་ཡར་བཀྱེགས་ཏེ་མིག་གིས་གྲྭ་མང་ལ་ལྟ་བཞིན་ཡར་འགྲོ་མར་འགྲོ་བྱས། ཡུད་ཙམ་ཞིག་འགོར་ཡང་། ཁོང་གི་ཁ་གཏད་དུ་ལངས་མཁན་གཅིག་ཀྱང་སླེབས་མ་བྱུང་། གྲྭ་མང་ཚོས་སྐད་ཅོར་ཆེ་རུ་གྱུར་བ་དང་། ཚང་མས་འཇུ་རྟ། འཇུ་རྟ། འཇུ་རྟ། ཞེས་སྐད་རྒྱབ། གྲྭ་མང་དབུས་སུ་འཇུ་རེས་ཤེད་འབྱེད་བྱེད་པའི་རྩེད་མོ་འདི་ལ། ང་རང་དགའ་སྣང་དང་ཚོར་ཤུགས་དྲག་པོས་ཁྱབས་པའི་སྐབས་འདིར། ཁོང་གི་ཁ་གཏད་དུ་ལངས་མཁན་མ་བྱུང་བར་ང་རང་མཚར་སྣང་དང་། རྩེད་མོ་འདི་མཚམས་ཆད་སོང་སྙམ་པར་ཕངས་སེམས་སྐྱེས།
སྐབས་ཏག་ཏག་འདི་ལ། ངའི་སེམས་སུ་རང་ཉིད་ཀྱི་གྲྭ་ཤག་ཏུ་ལོ་མང་བོ་ཞིག་ལ་ཉར་ཡོད་པའི་དྲིལ་རྙིང་དེ་ཡིད་དུ་འཁོར་བ་དང་། དེ་དྲིལ་ལྕེ་ཞིག་བཏེགས་ཏེ་གྲྭ་ཤག་ནང་ཡར་འགྲོ་མར་འགྲོ་ཞོར་དུ་དྲིལ་ལྕེ་བསྒུལ་ནས་དྲིལ་བུ་དཀྲོལ་བ་དེ་སེམས་སུ་འཆར་ཡོང་། དེ་དང་ལྷན། ངའི་ཁ་ནས་དྲིལ་ལྕེ་བསྒུལ། དྲིལ་ལྕེ་བསྒུལ་ཞེས་ཐོན་ཡོང་། ཚོར་བའི་ངར་ཤུགས་དྲག་པོས་ཁེངས་པའི་རྩེད་མོ་འདིའི་ཁྲོད། དྲིལ་ལྕེ་བསྒུལ་ཞེས་པའི་ཚིག་འདིས། ངའི་ལུས་སུ་སྟོབས་ཤུགས་ཤིག་བསྩལ་བ་དང་། སེམས་ལ་སྙིང་སྟོབས་ཤིག་སྤྲད་སོང་། ངའི་སྙིང་རྩ་རབ་ཏུ་བསྒུལ་ཏེ། ང་རང་ཕྱི་བཤོལ་དང་འཛེམ་དོགས་ཅི་ཡང་མེད་པར། སྒོར་སྒོར་ནང་མཆོངས་པ་དང་གྲྭ་རྒོད་འཇུ་རྟའི་ཁ་གཏད་དུ་ལངས་སོང་། གྲྭ་མང་ཚོས་སྐད་ཅོར་སྔར་ལས་ཆེ་བ་དང་། དཀྱིལ་གྱི་བར་སྟོང་དེ་ཡང་རྒྱ་ཆེ་རུ་གྱུར། གྲྭ་རྒོད་འཇུ་རྟ་ཡིས་ང་ལ་གཟན་སྐེད་པ་བཅིངས་པའི་དུས་ཡུན་ཡང་མ་སྤྲད་པར་ལག་གཉིས་མདུན་དུ་བསྲེངས་པ་དང་སྦྲགས། ཁོས་ངའི་དཔུང་བ་གཉིས་ལ་འཇུས་ཚར་འདུག ང་རང་འཚུབ་ཆ་ཞིག་ལངས་ནས་ལག་གཉིས་ཀྱིས་སྦར་དབྲད་ཅིག་བྱས་པ་ན། ཏག་ཏག་ཁོང་གི་སྟོད་འགག་ལ་འཇུ་ཐུབ་ཙམ་བྱུང་། ཁོས་ངའི་དཔུང་བ་གཉིས་ལ་དམ་པོར་བཟུང་ནས་ང་རང་ཕར་གཡུག་ཚུར་གཡུག་བྱས་པ་དང་། ངས་རང་གི་ཤུགས་ཡོད་ཚད་ཀྱིས་ཁོའི་སྟོད་འགག་ལ་ཐམ་པ་དང་། རྐང་གཉིས་ས་ལ་བརྟན་པོར་འཛུགས་གང་ཐུབ་བྱས་པ་ཡིན། ཁོའི་སྟོབས་དང་གཟུགས་ཕུང་གང་གི་ཆ་ནས། ང་ཁོའི་ཁ་གཏད་དུ་ལངས་རྒྱུ་མི་འདུག ངེད་གཉིས་འཇུ་རེས་ཡུད་ཙམ་བྱས་པའི་ཁྲོད། ཁོང་གི་རྐང་པ་སྤོ་སྟངས་ཤིག་གིས་ངའི་རྐང་བ་ཐོགས་ཏེ་ཕྱིར་འགྱེལ་བ་ན། ངས་རང་ནུས་ཅི་ཡོད་ཀྱིས་ཁོ་འབུད་རྒྱག་བཏང་བ་དང་། ཁོ་རང་འཁྱར་འཁྱོར་ངང་ས་ལ་འགྱེལ་སོང་། སྐབས་དེར། གྲྭ་མང་ཚོས་སྐད་ཅོར་ཆེ་རུ་སོང་བ་དང་། གྲྭ་བ་ཁ་ཤས་ངའི་མདུན་དུ་རྒྱུགས་ཡོང་ནས་མགོ་བོ་ཕུར་ཕུར་དང་བསྟོད་བསྔགས་བཏང་། སྟབས་ལེགས་པ་ཞིག་ལ། དེ་རིང་གྲྭ་མང་ཚོའི་དབུས་ན། འཇུ་རེས་ཤེད་འབྱེད་ཀྱི་རྩེད་མོའི་འགྲན་བསྡུར་ཁྲོད་རྒྱལ་ཁ་ང་ལ་ཐོབ་འདུག
༼ཅ།༽
འཇུ་རེས་ཤེད་འབྱེད་ཀྱི་རྩེད་མོའི་རྒྱལ་ཁ་ཐོབ་པ་དེས། ང་རང་སྤོབས་པ་དང་སྣང་བ་ཆེ་རུ་གྱུར། དགོན་པའི་ནང་གོམ་བགྲོད་བྱེད་སྐབས། ངའི་ཕྲག་ཞེང་གཉིས་ཀྱང་ཅུང་མཐོ་རུ་ཕྱིན་པའི་སྣང་བ་དང་། མགོ་བོ་ཡང་ཅུང་བར་སྣང་དུ་ཡར་འཕགས་པའི་ཚོར་བ་བྱུང་། དེ་བཞིན་གྲྭ་ཕྲུག་མང་བོ་ཞིག་ངའི་ཉེ་འཁོར་དུ་འཁོར་ཡོང་ནས་ང་ལ་གྲོགས་པོ་སྒྲིག
སྤྱིར་ཡིན་ན། ང་རང་ཧ་ཅང་བློ་སྤོབས་ཆེ་བ་ཞིག་དང་། སྟོབས་ཤུགས་ལྡན་པ་ཞིག་མིན། ངས་དྲིལ་རྙིང་དེ་ལ་དྲིལ་ལྕེ་ཞིག་བཏེགས་ནས་བཟུང་། དྲིལ་བུ་དེའི་དྲིལ་སྒྲ་ཡིས་ང་ལ་བག་ཆགས་དང་ཤུགས་རྐྱེན་ཞིག་ཐེབས་སོང་། དེ་མིན། དྲིལ་བུ་དེའི་སྐོར་ལ་བསམ་གཞིག་མང་བོ་བཏང་མྱོང་། མཚམས་རེ། ངའི་མི་ཚེ་ནི་དྲིལ་ལྕེ་མེད་པའི་དྲིལ་རྙིང་དེ་དང་འདྲ་བ་ལ་ཞེས་ཕངས་སེམས་དང་སྐྱོ་སྣང་ཡང་སྐྱེས་ཡོད། ཚོར་སྣང་རབ་ཏུ་འཕེལ་བའི་ཤེད་འབྱེད་ཀྱི་འགྲན་རྩོད་ཁྲོད། དྲིལ་ལྕེ་དེས་ངའི་མི་ཚེ་ནང་སྔར་སྐྱེས་མ་མྱོང་པའི་སྙིང་སྟོབས་ཤིག་སྤྲད་པ་དང་། སེམས་ཤུགས་བླ་མེད་ཅིག་གནང་།
ང་རང་དགོན་པ་འདིར་སྡད་རིང་། ཁ་འདོན་དང་། ཆོ་ག་ཕྱག་ལེན་ཙམ་ཤེས་དགོས་པ་ལས། རང་ཉིད་ཀྱི་ཅི་ཞིག་བྱེད་དགོས་པ་དང་། དགོན་པ་འདི་ནས་ཅི་ཞིག་སྒྲུབ་དགོས་སོགས་ལ་བསམ་བློ་འཁོར་མ་མྱོངས། མཚམས་རེར། དགོན་པ་འདིའི་རྒྱུན་ལྡན་གྱི་འཚོ་བ་ལ། ང་རང་དགའ་སྣང་མ་བྱུང་བ་དང་བསུན་སྣང་གི་ཚོར་སྣང་བྱུང་། དེ་མིན། དགོན་པ་འདིའི་བྱ་སྤྱོད་ཁ་ཤས་ལ་ཧ་ཅང་མ་དགའ་བ་བྱུང་། གྲྭ་ཤག་གི་ངའི་ཨ་ཁུའི་རེ་བ་དང་འདོད་པ་ནི། དགོན་པའི་སྒྲིག་ལམ་གཙང་མ་འཁུར་ནས། དགོན་པའི་ཕྱག་ལེན་བཟང་བོ་ཞིག་བྱེད་ཐུབ་རྒྱུ་དེ་དང་། མཆོག་གསུམ་བསླུ་བ་མེད་པ་ཞེས་དད་པ་དག་སྣང་བརྟན་པོ་ཅན་ཞིག་བྱེད་རྒྱུ་དེ་རེད།
༼ཆ།༽
དགོན་པ་འདིར་ལོ་མང་བོ་ཞིག་ཕྱིན་འདུག ང་ནི་གྲྭ་མང་ཚོའི་གྲལ་ནས། དགོན་པའི་སྒྲིག་ལམ་བརྩི་བ་དང་། འདོན་པ་དང་ཆོས་ཀྱི་ཆོ་ག་ཕྱག་ལེན་སོགས་བྱེད་རྒྱུར་རྩེ་གྲལ་རེད། ངོ་མ་བཤད་ན། དགོན་པ་འདིའི་ནང་། གྲྭ་བ་མང་ཤོས། ཆོས་ཁ་འདོན་བྱེད་རྒྱུ་དང་། ཆོ་ག་ཕྱག་ལེན་བསྒྲུབ་རྒྱུ་ཙམ་ལས་ཅི་ཡང་བསམས་རྒྱུ་མི་འདུག ཆོས་ཀྱི་ཆོ་ག་ཕྱག་ལེན་དང་རྒྱུན་སྲོལ་དག ང་རང་གོམས་ལོབས་སུ་ཕྱིན་ཡོད་ལ། དཔེ་ཆ་ངག་སྐྱོར་དང་བློ་འཛིན་ནི་ངས་ལོ་མང་བོ་ཞིག་ལ་བྱས་ཡོད་སྟབས། དགོན་པའི་ཚོགས་ཆེན་འདུ་ཁང་ནང་། རང་ཉིད་སྤོབས་པ་ཆེན་པའི་ངང་། ཚོགས་གྲལ་དུ་ཞུགས་བཞིན་ཡོད། དེ་དག་འཆར་ཅན་གྱི་བྱེད་ལས་ཙམ་ཡིན་སྟབས། དཀའ་ཁག་ཅན་དང་མགོ་རྙོག་ཅན་དེ་འདྲ་མ་རེད།
གྲྭ་ཤག་གི་ཨ་ཁུ། ངའི་ཀུན་སྤྱོད་དང་འདོན་པ་བློ་འཛིན་ལ་ཧ་ཅང་ཐུགས་མྱོས་པོ་བྱུང་འདུག ཁོང་གིས་སྔོན་ཆད་ལྟར། ལས་ཀ་བཀོད་མངགས་དང་། འདོན་པ་བློ་འཛིན་སོགས་ལ་སྟངས་འཛིན་མི་བྱེད། མཚམས་རེ། ཁོས་འདོད་བློ་ཁེངས་པའི་ངང་། ང་ལ་བསྟོད་བསྔགས་དང་། དགོན་པ་འདིའི་གྲྭ་པ་རྒན་པ་ལས་ཡག་ཚུལ་སོགས་བརྗོད། སྤྱིར་ནས། གྲྭ་ཤག་ཉམས་དགའ་བ་འདིའི་ནང་། ཨ་ཁུ་དང་ངེད་གཉིས་ལ། མི་མཐུན་པའི་རྩོད་རྙོད་མང་བོ་ཞིག་བྱུང་མེད་ལ། རང་ཉིད་ཆུང་དུས་ནས། གྲོང་ཁྱིམ་དུ་ཡོད་དུས། ཁྱིམ་ཀྱི་ལས་ཀ་ཆུང་ཚགས་རྒྱུན་དུ་བྱས་ཡོད་སྟབས། ཟ་མ་བསྐོལ་རྒྱུ་དང་གཙང་དག་བཟོ་རྒྱུ་ང་རང་ཧ་ཅང་གོམས་ལོབས་སུ་ཕྱིན་ཡོད།
༼ཇ།༽
སྒྲོན་མེ་ཡི་འོད་སྣང་ཆེས་གསལ་བོ་མེད་ནའང་། ཐབ་ཀྱི་མེ་ལྕེ་དམར་འཚབ་འཚུབ་འབར་བ་དེས། གྲྭ་ཤག་གི་ཐབ་ཚང་ཆུང་ཆུང་ནང་གསལ་བོ་མཐོང་ཐུབ། ཐབ་མགོའི་ཁྲོ་ལྕགས་ཀྱིས་བཟོས་པའི་སླ་ང་ནག་པོ་འདིའི་ནང་། ངས་ཐུག་པ་མང་བོ་ཞིག་བསྐོལ་ཡོད་ལ། ནམ་རྒྱུན། ཨ་ཁུ་དང་ངེད་གཉིས་ཀྱི་ཐུག་པ་འཐུང་སྐབས། ཐབ་ཚང་འདིའ་ནང་ཐུག་པ་འཐུང་བའི་སྒྲ་ལས་ཅི་ཡང་མེད། ཨ་ཁུས་དོན་དག་ཞིག་ཡིད་ལ་འཁོར་བ་འདྲ། སྒྲོན་མེ་ཡི་འོད་སྣང་དེའི་ཁྲོད། ཨ་ཁུའི་གདོང་པ་ལྷག་ཏུ་དམར་བོ་གྱུར་འདུག ངོ་དམར་བོ་དེས་འཛུམ་ཆུང་ཞིག་སྟོན་ཞོར། ཁ་ནང་དུ་ཐུག་པ་རིང་བོ་ཞིག་ཡར་འཇུབ་པ་དང་མར་མགྲིན་པའི་ནང་མིད་སོང་། ཨ་ལགས་མཁྱེན་རབ་རྡོ་རྗེ་ཚང་། ཁྱེད་ཀྱི་འདོན་པ་དང་། དགོན་པའི་ཆོ་ག་ཕྱག་ལེན་གནང་སྟངས་ལ། ཐུགས་སྣང་ཆེན་པོ་བྱུང་ཡོད་པ་འདྲ། ཁོང་གི་གཉེར་བ་གྲྭ་ཤག་འདིར་ཡོང་ནས་། ཁྱེད་ཀྱི་སྐོར་ཁ་བརྡ་བྱས་སོང་། སང་ཉིན། ཁྱེད་རང་ཨ་ལགས་ཚང་ལ་མཇལ་ཁ་ཞུ་བར་འགྲོ་དགོས་ཟེར། སྐད་ཆ་འདི་ཐོས་འཕྲལ། ང་རང་དགའ་སྣང་དང་མཚར་སྣང་། བློ་འཚབས་བྱུང་།
ཨ་ལགས་མཁྱེན་རབ་རྡོ་རྗེ་ཚང་། ངས་དགོན་པའི་ཚོགས་ཆེན་འདུ་ཁང་ནང་། གྲྭ་མང་རྣམས་དུས་ཆེན་ཁག་ལ་ཡར་འཚོགས་གནང་སྐབས། ཁྲི་ཐོག་ཏུ་བཞུགས་པ་མཐོང་བ་ཙམ་ལས། ང་ཁོང་ཚང་གི་ཉེ་སར་བཅར་མྱོང་མེད་ལ། ཁོང་གིས་ཕྱག་མཇལ་གནང་བ་དྲན་ཡིད་དུ་མི་འདུག སྤྱིར་ནས། གྲྭ་ཕྲུག་དང་གྲྭ་བ་དར་མ་ཚོ། དགོན་པ་འདིའི་ནང་། བླ་མ་དང་དགེ་བསྐོེས་མཐོང་ཚེ། རྒྱང་སྐོར་ཏེ་འགྲོ་བ་དང་། ཡང་ན། མ་མཐོང་བའི་ཁུལ་བྱས་ཏེ་ཕར་བྲོས་ཏེ་འབྲོ་བ་གོམས་གཤིས་སུ་ཆགས་ཡོད། ཨ་ལགས་ཚང་ལ་ཁེར་རྐྱང་ངང་མཇལ་དུ་འགྲོ་རྒྱུ་དེ། ང་ལ་མཚོན་ན་ལས་སླ་བོ་ཞིག་མ་རེད།
ང་རང་ནམ་རྒྱུན་དགོན་པའི་ནང་ཡར་འགྲོ་མར་འགྲོ་བྱེད་སྐབས། ཨ་ལགས་ཚང་གི་ནང་ཆེན་༼བླ་བྲང་༽གཡས་གཡོན་དུ་རྟ་སྒ་ཅན་དང་གཡག་སྒ་ཅན་མང་བོ་ཞིག་བཏགས་ཡོད་པ་མཐོང་བ་ལས། སྒོ་ཆེན་དེའི་ནང་འཛུལ་མྱོང་མེད། ལྷག་པར་དུ། དུས་ཚུགས་དབྱེར་མེད་དུ། ལུས་སུ་རྩག་པ་གྱོན་པའི་རྒན་རྒོན་མང་བོ་ཞིག ནང་ཆེན་གྱི་མཐའ་སྐོར་དུ་སྡད་ཡོད་མཐོང་བ་ཙམ་ལས། ཨ་ལགས་ཚང་གི་གཉེར་བ། ཇ་མ། ཞབས་འབྲང་བའི་གྲྭ་བ་གཅིག་ལ་ཡང་འབྲེལ་འདྲིས་མེད།
༼ཉ།༽
ཞོགས་པ་དེ། ང་རང་ཨ་ལགས་ཚང་གི་ནང་ཆེན་དུ་འགྲོ་སྐབས། ནང་ཆེན་གྱི་རྒྱ་སྒོའི་གཡས་གཡོན་དུ་མི་དང་། རྟ་ནོར་ཅི་ཡང་མི་འདུག སྒོ་ཆེན་གཉིས་ཕྱེས་འདུག ང་རང་འཚེར་སྣང་དང་བློ་འཚབས་ངང་སྒོ་ཆེན་ནང་འཛུལ་བ་ཡིན། ནང་ཆེན་གྱི་ལྷས་ར་རྒྱ་ཆེ་ལ་སྟོང་བ་རེད། ཐང་དུ་རྡོ་བཅལ་བཏང་འདུག ལུས་སུ་རྩག་པ་གྱོན་པའི་རྒན་རྒོན་ཁ་ཤས་ཁྱམས་རར་ཉི་མ་ལྡེ་སྟེ་ལག་ཏུ་ཕྲག་བ་བགྲང་བཞིན་འདུག ཁོང་ཚོས་ང་ལ་ཁ་ཡ་དང་དོ་སྣང་ཙམ་ཡང་མི་བྱེད་པར་རང་སོར་སྡད། ངས་ནང་ཆེན་གྱི་ལྷས་ར་ནས་ཡར་ལྟ་མར་ལྟ་བྱས་ཏེ་གྲྭ་བ་ཞིག་མཐོང་བར་རེ་བ་རྒྱབ་པ་ཡིན། ནང་ཆེན་གྱི་དཀྱིལ་དེ་ན་རྡོ་སྐས་ཆེན་པོ་ཞིག་འདུག རྡོ་སྐས་དེ་ནང་ཆེན་གྱི་ཉིས་ཐོག་ཏུ་གཏད་འདུག
ངས་རྩིག་གྱང་མཐོ་བོ་འདིའི་ནང་ཁང་བ་ཐོག་བརྩེགས་ཅན་ཞིག་ཡོད་པར་བསམས་མེད། ང་རང་ཧ་ཅང་ངོ་མཚར་དང་ཧང་སངས་པ་བྱུང་། འདི་འདྲའི་བཀོད་པ་ལེགས་པའི་ཁང་བ་རྩེ་ཐོག་ཅན་འདིའི་ནང་ཨ་ལགས་ཚང་ལ་མཇལ་རྒྱུ་ང་རང་སྔ་ལས་འཚུབ་སྣང་བྱུང་། ། ཏག་ཏག་རྡོ་སྐས་ཀྱི་མདུན་དུ་ཐོན་སྐབས། ཨ་ཁུ་གཉེར་བ་ངའི་མདུན་དུ་རྒྱུག་སྟེ་སླེབས་སོང་།
ཨ་ཁུ་གཉེར་བའི་ཤམ་ཐབས་ཐོག་ཏུ་ས་རྡུལ་འཚུབ་འཚུབ་འཁོར་བ་དང་། སྟོད་འགག་ཧ་ཅང་རྙིང་བ་ཞིག་གོན་འདུག ཁོས་གཟན་ཤམས་གོན་མི་འདུག ཁོས་འཚུབ་ཆ་ཞིག་དང་ལྷན། ཨ་ལགས་ཚང་གིས་ཁྱོད་འདིར་ཡོང་རྒྱུར་སྒུག་ཡོད་ངེས། ཡར་སོང་དང་། ཨ་ལགས་ཚང་རྩེ་ཐོག་ཏུ་བཞུགས་ཡོད་ཟེར། ངས་ལན་ཅི་ཞིག་འདེབས་དགོས་པ་ཡང་མ་ཤེས། ང་རང་གཅིག་པུ་ཡར་རྡོ་སྐས་ཐོག་འཛེགས་པ་ཡིན།
ནང་ཆེན་གྱི་ཉིས་ཐོག་ནི་གྲལ་དག་ཅིང་། བཟོ་བཀོད་ལེགས་པ། མཐོང་ཡངས་པ་ཞིག་རེད། ཞོགས་པའི་ཉི་འོད་ཉིས་ཐོག་འདིའི་གང་སར་འཕྲོས་ཏེ་སྒོ་དང་སྒེའུ་ཁུང་གསལ་བོ་མཐོང་ཐུབ། ཁྱམས་ར་ན་གདན་གྲུ་བཞི་ཁ་ཤས་བཏང་འདུག གྲྭ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག
སྒོ་གང་ཞིག་ནང་ང་རང་འཛུལ་དགོས་པ་དང་། སྒོ་གང་ཞིག་ནས་ཨ་ལགས་ཚང་ཕྱིར་ཕེབས་ཡོང་སྙམ་ཏེ། ང་རང་བློ་འཚུབ་ཆེན་པོ་བྱུང་། གློ་བུར་དུ་སྒོ་ཆུང་ཞིག་ཕྱེས་ཏེ་གྲྭ་བ་ཞིག་ཕྱིར་ཐོན་ན། ང་རང་དེ་བས་འཚུབ་ཆ་ཞིག་ལངས་པ་དང་། རུམ་གྱི་ཁ་བཏགས་ལ་ལག་རྙབ་ཅིག་བྱས་པ་ཡིན། ཁོང་ནི་ངས་དགོན་པ་ནང་མཐོང་མྱོངས་པའི་ཨ་ལགས་ཚང་གི་ཞབས་འབྲང་བ་རེད། དེ་བཞིན་རང་སེམས་ཅུང་ལྷོད་དུ་བབས་སོང་། ཁོང་གི་གདོང་ནི་ཧ་ཅང་དཀར་ཤ་ཆེ་ལ་མཛེས་ཉམས་དོད་པོ་ཞིག་དང་། ལུས་ཀྱི་གྲྭ་ཆས་ཀྱང་གྲལ་དག་ཅིང་གཙང་མ་ཞིག་གོན་འདུག དེ་མིན་ལག་གཡོན་པའི་གཟན་སྣེ་འཛིན་སྟངས་དེ་ཡང་། ཧ་ཅང་ཉམས་སྣང་ཅན་ཞིག་དང་བློ་ལ་འགྲོ་བ་ཞིག་འདུག ཨ་ལགས་ཚང་རྩེ་ཐོག་ཏུ་བཞུགས་ཡོད། ང་དང་མཉམ་དུ་འགྲོ་ཟེར་ཞོར་ངའི་མདུན་དུ་ཕྱིན་སོང་། ང་རང་ཁོང་གི་རྗེས་འབྲང་བ་ན། ཁྱམས་རའི་ཟུར་ཞིག་ཏུ་ཤིང་སྐས་སྙིང་རྗེ་བོ་ཞིག་རྩེ་ཐོག་ཏུ་འཐེན་འདུག སྐས་འགྲམ་གྱི་ཤིང་གཉིས་ལ་འབྲུག་རིས་ཀྱི་གཟུགས་བཀོད་ཡོད་པ་དང་། ཐོག་མར་ཤིང་སྐས་དེ་ཡར་འཛེག་སྐབས་ལག་པས་འབྲུག་གི་མཆུ་ཏོ་ལ་འཇུས་ཏེ་འགྲོ་དགོས།
བདེན་གཏམ་ཡིན་ནམ
སྒྲུང་སྙན་མོ་ཞིག་བྲིས་འདུག