དྲིལ་ལྕེ།
སྐྱབས་འགྲོའི་ཞལ་འདོན་གྱི་དཔེ་ཆ་ཀློག་ཐུབ་པར་རྒྱུན་རིང་བོ་ཞིག་མ་འགོར། རང་ཉིད་ལ་དཔེ་ཆ་ཀློག་རྒྱུར་དགའ་སྣང་ཞིག་ཡོད་དེ་ཡིན་ནམ། ཡང་ན། དཔེ་ཆ་ཀློག་ཐུབ་རྒྱུར་རང་གིས་དཀའ་ལས་རྒྱབ་པ་དང་། སྦྱངས་པ་བྱས་པ། འབད་བརྩོན་ཧུར་ཐག་གནང་བ་དེས་རྐྱེན་ཡིན་ནམ། འོ་ན། རང་ཉིད་ལ་ལྷན་སྐྱེས་སུ་བློ་རིག་གསལ་བོ་ཞིག་ཡོད་པ་ཡིན་ནམ། གང་ལྟར། ང་རང་གི་མི་ཚེ་ནང་ཡི་གེ་ཀློག་འདོན་ཐུབ་པ་བྱུང་བ་དེས། ང་རང་ཧ་ཅང་དགའ་སྤྲོ་བྱུང་། སྐབས་དེ་དུས། ང་རང་གར་སོང་གར་འདུག་གི་གནས་སུ། ངའི་མིག་ལམ་དུ་ཡི་གེ་ཤར་ལ། དགོན་པའི་སྲང་ལམ་དུ་གོམ་བགྲོད་བྱེད་དུས། མིག་དུ་སྣང་བ་ནི། ལྷམ་ཐོག་གི་ས་རྡུལ་བརྩེགས་མ་དེ་དག་ཡང་། འདོགས་བརྩེགས་ཅན་གྱི་ཡི་གེ་ལྟར་མཐོང་། ད་དུང་སེམས་སུ། སྲང་ལམ་འདི་ལ་རྡོ་གཅལ་ཞིག་བཏང་བ་ཡིན་ན། དགོན་པ་འདི་ཡང་སྙིང་རྗེ་བོ་ཞིག་ཆགས་མི་སྲིད་པ་མིན་ལ། ཡི་གེ་འདོགས་བརྩེགས་ཅན་དེ་ཚོ་ཡང་། ལྷུག་པར་མར་བཀྲམས་པ་ཡིན་ན། ཆོས་དཔེ་ཐོག་གི་ཡི་གེ་དེ་དག་ཡང་ཀློག་བདེ་བོ་ཞིག་དང་། གྲལ་དག་ཅིང་། མིག་ལ་མཛེས་པོ་ཞིག་ཀྱང་ཡིན་ངེས།
ད་ནི་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ཡང་། འདྲ་ཆགས་པོ་ཞིག་དང་། དུས་རན་པོ་ཞིག་འདུག ལྷག་པར་དུ། དཔེ་ཆ་ཀློག་རྒྱུ་ལ་དགའ་སྣང་དང་སྤྲོ་སེམས་ཡོད་པ་དེས། ཨ་ཁུའི་སེམས་ལ་སྐྱིད་སྣང་ཞིག་འཁོར་བ་ཤེས་ཐུབ་ལ། ཞལ་འཛུམ་མཐོང་རྒྱུ་ཡང་འདུག ང་རང་གྲྭ་ཤག་འདིར་ཚུད་ནས་བཟུང་། ངེད་གཉིས་ཀྱི་བར་ཕན་ཚུན་ཁ་བརྡ་དང་། དྲན་ཚུལ་བརྗོད་རེས། དགོན་པ་བཀྲ་ཤིས་ཆོས་རྫོང་འདིའི་གནས་ཚུལ་ཤོད་པའི་གོམས་གཤིས་ཤིག་མེད། གཅིག་བྱས་ན། འདི་ནི་སྒར་གྲོང་༼དགོན་པ་དང་གྲོང་སྡེ ༽གཉིས་ཀྱི་གོམས་སྲོལ་ཞིག་ཀྱང་རེད། རང་ཁྱིམ་དུ་ང་རང་ཨ་མ་མཉམ་དུ་སྡོད་དུས། ཨ་མས་ང་ལ་ཁྱིམ་ལས་རྣམས་བཀོད་མངགས་གནང་བ་ལས། ཕན་ཚུན་ཁ་བརྡ་དང་། ཡུལ་མིའི་གནས་ཚུལ་བཤད་རེས། ཕན་ཚུན་སྐད་ཆ་འདྲི་རེས་དང་བསམ་ཚུལ་བརྗོད་དེ་གྲོས་མོལ་གནང་བ་ཞིག་མེད།
ང་རང་གྲྭ་ཤག་འདིར་ཡོང་ནས། ཐོག་མར་རང་ལོ་མཉམ་པའི་གྲྭ་བ་གཅིག་ངོ་ཤེས་པ་ནི་རབ་འབྱོར་རེད། ཁོ་དུས་རྒྱུན་ངེད་ཀྱི་གྲྭ་ཤག་ལ་ཡོང་བ་དང་། ངའི་ཨ་ཁུས་ཁོ་ལ་དམིགས་བསལ་འཆམ་པོ་དང་། འཛུམ་མེར་མེར་གནང་བ་མ་ཟད། ཁོའི་སྐད་ཆ་ལ་ཉན་འཇོག་དང་བརྩི་མཐོང་ཡང་གནང་། ངེད་གཉིས་ངོ་ཤེས་ཏེ་གྲོགས་པོ་ཆགས། དེ་མིན་དྲ་ཚགས་༼སྤྱོད་ངན༽དང་བསྟན་གཤིག་བྱེད་རོགས་ཀྱང་ཡིན། ཁོའི་ངོ་དམར་པོ་གོར་གོར་སྙིང་རྗེ་བོ་ཐོག་གི་མིག་རིལ་རིལ་གཉིས་པོ་དེས། ངས་མ་མཐོང་བའི་དངོས་གཟིགས་དང་གནས་ཚུལ་མང་བོ་ཞིག་མཐོང་བཞིན་འདུག ཁྱད་མཚར་བ་ཞིག་ལ། དགོན་པའི་སྲང་ལམ་དུ་ཡར་འགྲོ་མར་འགྲོ་བྱེད་དུས། དགེ་བསྐོས་དང་། གྲྭ་ཤག་གི་ཨ་ཁུ། བླ་སྤྲུལ་སོགས་སྲང་ལམ་དུ་ཕེབས་པ་མཐོང་སྐབས། གཡོལ་གང་ཐུབ་བྱེད་པ་དང་། ཐ་ན། ༼མ་མཐར༽ སྲང་ལམ་ནས་བྲོས་ཏེ་འགྲོ་དགོས། རབ་འབྱོར་གྱི་མིག་གཉིས་ཀྱིས་ཁོང་ཚོའི་གྲིབ་མ་ཡང་ངོས་ཟིན་པ་མ་ཟད། ཁོང་ཚོའི་དྲི་མ་ཡང་ཚོར་ཐུབ་པ་འདྲ། ཁོས་ལག་བརྡ་ཞིག་དང་མཉམ་དུ་གཟན་གོས་དམ་པོར་བསྡམས་པ་དང་། ལག་གཞན་དེས་ཤམ་ཐབས་ཡར་བརྫིས་ཏེ་རླུང་འཚུབ་འདྲ་བོ་ཞིག་འཁོར་ནས་ཡལ་འགྲོ་ལ། ངེད་གཉིས་ཡལ་བའི་རྗེས་ན་ས་རྡུལ་འཚུབ་མ་ཞིག་འཁོར་བཞིན་པ་ངེས་གཏན་ཡིན།
ང་རང་བཀྲ་ཤིས་ཆོས་རྫོང་གི་དགོན་པ་ཡོང་དུས། ངས་ཤེས་པའི་དགོན་པའི་འཇིག་རྟེན་ནི། ཚོགས་ཆེན་འདུ་ཁང་གི་གཡས་གཡོན་དང་། ངེད་ཀྱི་གྲྭ་ཤག་ཡིན། རབ་འབྱོར་དང་ངེད་གཉིས་འདྲིས་པར་གྱུར་རྗེས། ངས་རང་ཉིད་ཀྱི་ཤེས་པའི་དགོན་པའི་འཇིག་རྟེན་ཆུང་ཆུང་དེ་ལས་བརྒལ་ཐུབ་པར་གྱུར། ཁོ་དང་མཉམ་དུ་དགོན་པའི་ཕྱི་ནང་ལ་བསྐོར་རྒྱུགས་དང་། གྲོང་དུ་སོང་ནས་ལྒང་ལུ་རྩེད་རྒྱུ་ཡང་བྱུང་། རབ་འབྱོར་དང་མཉམ་དུ་ཕྱིར་གྲྭ་ཤག་ཏུ་འཁོར་དུས། ཨ་ཁུས་ང་ལ་རྣམ་འགྱུར་གྲང་མོ་ཞིག་སྟོན་པ་ཙམ་ལས། ང་ལ་གཤེ་གཤེ་དང་ཉེས་པ་ནམ་ཡང་མི་གཏོང་། དེ་མིན། ཨ་ཁུས་རབ་འབྱོར་ལ་ཞལ་འཛུམ་དང་འཆམ་པོ་གནང་བ་དེས། ང་རང་རབ་འབྱོར་གྱི་ཐོག་ཕྲག་དོག་དང་། མ་དགའ་བའི་སེམས་ཚོར་ཡང་བྱུང་།
ཆུ་ལེན་སའི་ལམ་ཁ་ནི་རབ་འབྱོར་དང་ངེད་གཉིས་ལ་མཚོན་ན། དུས་ཚོད་སྐྱིད་ཤོས་དང་གཏམ་བརྗོད་བྱེད་ས་གུ་ཡངས་ཤོས་ཤིག་རེད། ཆུ་ལེན་སའི་ཆུ་མགོ་ཁ་ནི། རང་ཉིད་ལ་རྔམ་སྐྲག་ཅིག་དང་ལྷན་དུ། ཚོར་བ་ཞེད་སྣང་ཅན་ཞིག་ཡོང་སའི་གནས་རེད། ཞེད་སྣང་ཅན་གྱི་ཚོར་སྣང་འདིས། ཤ་རས་ཀྱི་ཕུགས་ཏུ་སྦྲིམ་པའི་སྙིང་ཆུང་ལ་འཕག་འཚགས་ཤིག་སྟེར་བ་དང་། གཟན་གོས་འོག་གི་ངའི་ལུས་པོ་ཡོངས་སུ་འདར་ཟིག་ཅིག་སྟེར། ཚོར་བ་ཞེད་སྣང་ཅན་དང་། ལུས་ཡོངས་འདར་ཟིག་ཡོང་དོན་ནི། གཟན་ཤམ་གྱིས་ཀྱང་བཏུམ་མ་ཐུབ་པའི་ངའི་མིག་རིས་གཉིས་ཀྱིས། གྲོང་བ་ནས་ཡོང་བའི་ཆུ་ལེན་བུ་མོ་ཚོ་ལྐོག་མདའ་འཕེན་པ་དང་། མིག་གི་ལྐོག་མདའ་འཕེན་ས་དེ་ཡང་། མར་སྒུར་ཏེ་སྐྱོགས་ཀྱིས་ཆུ་གཅུ་བཞིན་པའི་བུ་མོ་ཚོའི་ནུ་མ་གཉིས་རེད། དཀར་ལྡེམ་ལྡེམ་གྱི་ནུ་མ་གཉིས་ཀྱི་ཐོག་ངའི་མིག་གི་ལྐོག་མདའ་ཕོག་མ་ཐག གཟན་ཤམ་དམར་བོས་བཏུམས་པའི་ལུས་པོ་ཚང་མ་འདར་ཟིག་ཅིག་སྟེར་བ་དང་ལྷན། ཞེད་སྣང་ཅན་གྱི་ཚོར་བ་ཞིག་སྐྱེས་ཡོང་། ཡིན་ནའང་། ཞེད་སྣང་ཅན་གྱི་ཚོར་བ་འདི། རྒྱུན་ལྡན་གྱི་མི་འདོད་པའི་སྐྲག་སྣང་ཅན་གྱི་ཚོར་བ་ཞིག་མིན། འདི་ནི། རང་ཉིད་ལ་སྨྲ་མི་ཤེས་པའི་དགའ་སྣང་ཅན་གྱི་ཚོར་བ་ཞེད་སྣང་ཅན་ཞིག་རེད།
རབ་འབྱོར་དང་ངེད་གཉིས་ཀྱིས་ཆུ་ལེན་སའི་ལམ་བར་དུ། ཞེད་སྣང་ཅན་གྱི་ཚོར་སྣང་འདིའི་སྐོར་བཤད་རེས་བྱས་པ་དང་། སོ་སོའི་མཐོང་བའི་ནུ་མ་ཆེ་ཆུང་གླེང་། བཤད་བཞིན་བཞིན། ནུ་ཏོག་གི་ཁ་ཏོག་སྐོར་ལ་ཁ་རྩོད་ཀྱང་ཤོར། ངས་མཐོང་བའི་ནུ་མའི་ནུ་འགོ་ནི་ཕྱུ་རུ་ལྟར་དམར་པོ་ལྡུམ་པོ་ཞིག་ཡིན་མོད། ཁོས་མཐོང་བའི་ནུ་ཏོག་ནི་ནག་སྨུག་ལེབ་ལེབ་འདྲ་བོ་རེད་ཟེར། ནག་སྨུག་ལེབ་ལེབ་རེད་ཟེར་བ་དེས། རང་ཉིད་ལ་ཁོས་ནུ་མ་ཞིག་དངོས་སུ་མཐོང་ཡོད་མེད་ལ་དོགས་པ་བྱུང་བ་དང་། ངས་ཆེས་གསལ་བོ་མཐོང་ཡོད་ལ། གདེང་ཚོད་ཆེན་པོས། ཁོང་ཁྲོ་ངང་ཁ་རྩོད་བྱས་པ་ཡིན། མཐར་མར། རབ་འབྱོར་གྱི་ཁ་ནས་སྐད་ཆ་གཞན་ཞིག་ཐོན་པ་ནི། ཁྱེད་རང་གྲྭ་ལོག་བློ་བཟང་ལྟ་བའི་ནུ་རྩོད་རྒྱག་མཁན་ཞིག་རེད་ཟེར། ང་རང་གྲྭ་ཤག་འདིར་མ་ཡོང་བའི་སྔོན་ལ། གྲྭ་བ་བློ་བཟང་ཟེར་བ་ཞིག་བསྡད་ཡོད། ཁོ་ལྷ་སར་བྲོས་པ་རེད་ཟེར། ཡིན་ནའང་། གྲྭ་བ་ལོག་ཏེ་ནུ་མ་གསོན་པོ་འཆང་བཞིན་པ་ནི་ང་མ་གཏོགས་ཆུ་ལམ་འདིའི་བྱ་བྱེའུ་རྣམས་ཀྱིས་ཀྱང་ལོས་ཤེས་ཟེར། སྐད་ཆ་འདིས་རང་ཉིད་ལ་དོགས་མ་བདེ་བ་ཞིག་བྱིན་པ་མ་ཟད། ངོ་ཚ་བོ་ཡང་བྱུང་། ངས་རང་ཉིད་སྡོད་སའི་གྲྭ་ཤག་ནང་གྲྭ་བ་བློ་བཟང་ཟེར་བ་ཞིག་བསྡད་དེ་གྲྭ་ལོག་ཏུ་བུད་པ་མ་ཤེས། ངས་རབ་འབྱོར་དང་མཉམ་དུ་ཁ་རྩོད་བྱེད་དོན་ནི། རང་ཉིད་ཀྱིས་དངོས་སུ་བུད་མེད་ཀྱི་ནུ་མ་མཐོང་ཡོད་པའི་བདེན་དཔག་བྱེད་འདོད་པ་དང་། ནུ་མ་མཐོང་བ་དེ་ཡང་། རང་གི་མིག་གཉིས་ཀྱིས་འཁོར་ཕྱོགས་ཤིག་དང་། སེམས་ཀྱི་འདོད་པ་ཙམ་ལས། རང་ཉིད་གྲྭ་བ་ལོག་དགོས་བསམས་པ་ཞིག་རྩ་བ་ཉིད་ནས་མེད། བློ་བཟང་ཟེར་བའི་གྲྭ་ལོག་དེའི་མིང་ཐོས་རྗེས། ང་ལ་རྣམ་རྟོག་ཅིག་སླེབས་པ་དང་། གྲྭ་ཤག་ཏུ་ཡོང་བ་ན། དངོས་པོ་དང་ཉལ་གདན་རྣམས་ལ་རྡུལ་དཀྲུགས་ཤིག་བྱས་པ་ཡིན། མཚན་མོ་སྟོང་འདང་༼བསམ་བློ་རྒྱ་ཡན་དུ་ཤོར་༽ཞིག་ལ་ཁ་རྩོད་དེ་ནི་ཅི་འདྲའི་བྱབ་ཆུང་དང་གླེན་ག་ཞིག་རེད་འང་། ངོ་མ་བཤད་ན། ངས་བུད་མེད་ཀྱི་ནུ་མ་ཞིག་མཐོང་བ་དེ་ཚོ་ནི་མཚན་མོ་སྨག་ནག་ནང་གློག་ཞགས་ཁྲོད་རིག་པའི་ལམ་འགྲམ་གྱི་མེ་ཏོག་ཅིག་ལས་ཅི་ཡང་མིན། ད་དུང་ང་ཚོ་གྲྭ་བཙུན་ཚོས་བུད་མེད་ཀྱི་ནུ་མ་ལ་ཅེར་ཆོག་ཆོག་དང་། བལྟས་ཆོག་ཆོག་ཅིག་ག་ལ་ཡིན།
ཡག་པོ་ཞིག་བྲིས་འདུག ངས་ཀྱང་ང་དང་ཆུང་གྲོགས་ཤིག་གི་གཏམ་རྒྱུད་དྲན་སོང་། རྔམ་སྐྲག་ནི་ལྷ་ས་བ་དང་གཞིས་ཆགས་པའི་ངན་ཤུགས་ཤོར་བ་ཡིན། དངངས་སྐྲག་ཅེས་འབྲི་དགོས།