དྲིལ་ལྕེ།
ད་ནི་ཚོགས་ཆེན་འདུ་ཁང་ནང་། གསོལ་འདེབས་དང་སྨོན་ལམ་སྐྱོར་དུས། རང་ཉིད་གྲྭ་ཕྲུག་ཚོའི་དཀྱིལ་དུ་ལྷག་མེད་ལ། རང་ཉིད་ཀྱི་མགོ་བོ་ཡང་གྲྭ་བ་གཞན་ཚོ་དང་འདྲ་བར་ཕྱི་དགྱེ་ནང་སྒུར་གྱིས་མིག་བཙུམ་བཙུམ་ངང་། ཁ་ནས་ཞལ་འདོན་ཆུ་བོ་རྒྱུགས་རྒྱུགས་ལྟར་ཐོན་ཡོང་། དེ་མིན། འབོལ་གདན་མཐུག་པོ་དེ་ཡང་རྐུབ་ལ་ཧ་ཅང་བདེ་སྣང་ཞིག་ཡོད་པ་མ་ཟད། དཀྱིལ་ཀྲུང་༼སངས་རྒྱས་བཞུགས་སྟངས་༽བྱས་ཏེ་སྡོད་རྒྱུ་ཡང་ངའི་པུས་མོ་དང་། འཕང་ལོ་༼པུས་མོའི་ལྷ་ང་༽། རྐང་བ་དང་རྐང་བའི་ཚིགས་རྣམས་གོམས་ལོབས་སུ་ཕྱིན་ཡོད་པ་འདྲ།
འདུ་ཁང་ནང་ནག་ཁུང་ཆགས་པ་དེ་ཡང་རང་ཉིད་ཀྱིས་ཞལ་འདོན་སྨོན་ལམ་སྐྱོར་དུས། ཕུན་སུམ་ཚོགས་པའི་ཡན་ལག་ཅིག་དང་། སྟབས་འགྲིག་པོ་བྱུང་། ངའི་བློ་ངོ་དང་སེམས་ན་སྨོན་ལམ་འདོན་རྒྱུ་ཅི་ཡང་མེད་ནའང་། ཙོག་པུར་གནས་པའི་ལུས་གཟུགས་འདི་ནང་སྒུར་ཕྱི་དགྱེ་བྱེད་བཞིན། ཁ་ནས་མུག་མུག་ཅེས་སྒྲ་ཞིག་འདོན་བཞིན་བསྡད་ན། མི་སུ་ཡིས་ཤེས་རྟོགས་དང་དོ་སྣང་མི་བྱེད། ལྷག་པར་དུ་ཚོགས་གྲལ་ན་འགྱིང་སྟབས་སུ་རྒྱུ་བའི་དགེ་བསྐོས་ཀྱིས་ཐེ་གཏོགས་དང་བསུན་གཙེ་མི་གནང་།
ད་ནི་རང་ཉིད་ཀྱི་ཅ་ནེ་དེའི་ནང་འབྲི་མར་སེར་བོ་དང་ལྷན་དུ་རྩམ་པ་གྲངས་མེད་ཅིག་ཟས་ཡོད་སྟབས། ཚོགས་གྲལ་ན་རང་ཉིད་ཀྱི་མདུན་དུ་ཅ་ནེ་དེར་སྨུག་མདངས་ཤིག་རྒྱས་འདུག དགོད་བྲོ་བ་ཞིག་ལ། རང་ཉིད་ཀྱི་གཟན་ཤམ་དང་རྒྱ་ལྷམ་དེ་དག སྨུག་མདོག་ནས་སྐྱ་མདོག་ཏུ་འགྱུར་བཞིན་པ་དང་། ཕོར་བ་ཅ་ནེ་དེ་སྐྱ་མདོག་ནས་སྨུག་པོ་འོད་དང་ལྡན་པ་ཞིག་ཏུ་འགྱུར་བཞིན་འདུག
ང་ཞུགས་སའི་གྲྭ་ཚང་ནི་མཚན་ཉིད་གྲྭ་ཚང་རེད་འདུག ཁ་དོག་དཀར་དམར་ནི་དཔེ་ཆའི་ཐོག་ཆུ་རྒྱུགས་རྒྱུགས་ཀློག་ཐུབ་ལ། ཤོག་ངོས་མང་བོ་ཞིག་བློ་ངོར་གསལ་བོ་བཟུང་ཡོད། ཡིན་ནའང་། རང་ཉིད་ཀྱི་ལོ་ཚོད་ཡིན་པའི་གྲྭ་བ་མང་ཤོས་འཛིན་གྲྭ་མཐོ་བོ་རེད།
དཔྱིད་ཀའི་ཆོས་ཐོག་དང་། དགུན་ཁའི་ཆོས་ཐོག་སྐབས་སུ། དགོན་པ་བཀྲ་ཤིས་ཆོས་རྫོང་འདིར་སྒྲིག་ལམ་ཧ་ཅང་དམ་པོའི་སྐབས་རེད། ཞོགས་པར་སྐྱ་རེངས་མ་གྲགས་གོང་དུ་ཚོགས་ཆེན་འདུ་ཁང་ནང་དུ་ཐོན་དགོས་ལ། ཕྱི་དྲོ་དགོང་མོ་ས་རུབ་༼ས་སྲོས༽་བར་དུ་ལྷག་འགྲོ། སྐབས་དེ་དུས་ནི། གནའ་བོའི་གཏམ་དཔེ་ནང་བཤད་པ་ལྟར་རང་རེད། འཇིག་རྟེན་འཁོར་བ་ནང་དུ། སྐྱིད་མེད་རུང་སྐྱོ་བ་སངས་ཀི། ཚོགས་ཆེན་འདུ་ཁང་ནང་དུ། སྡུག་མེད་རུང་ཨོང་ཤ་༼རྐུབ་ཤ༽ན་གི།
ལྷག་པར་དུ། དགུན་ཁའི་ཆོས་ཐོག་སྐབས། གྲྭ་ཚང་གི་ཁྱམས་རའི་ནང་། གྲང་ཤུར་ཤུར་གྱི་རྡོ་གཅལ་ཐོག་བསྡད་དེ་མཚན་ཉིད་རྩོད་དུས། འདི་ནི་སློབ་སྦྱོང་བྱེད་སའི་རྩོད་གྲྭ་ཞིག་མིན་པར། ལུས་པོ་མནར་གཅོད་གཏོང་ས་ཞིག་རེད། ལུས་ཀྱི་གྲོད་ཁོག་ལྟོགས་ཏེ་རྒྱུ་འདར་རྒྱག་པའི་ཐོག རྐུབ་ཤ་དེ་ཡང་རྡོ་འཁྱག་ལྟར་གྲང་ནས་རུས་རྐང་ལ་ཟུག་ཡོང་། མཚམས་མཚམས་རེ། རང་ཉིད་ཀྱི་འོག་སྒོང་གཉིས་པོ་འཁྱགས་པ་ཆགས་མི་ཡོང་ངམ་བསམས་ཏེ། གསང་བའི་ངང་ལག་པས་འཆང་ཙམ་འཆང་ཙམ་བྱེད་དགོས། འཛིན་གྲྭ་གྲོལ་རྗེས། དུས་ཚོད་ཕྱེད་ཀ་ཙམ་ལ་རྐུབ་དང་ལུས་སྨད་སྦྲིད་དེ་ཚོར་སྣང་ཅི་ཡང་མེད།
གནམ་གཤིས་ཧ་ཅང་གྲང་བའི་ཉིན་ཞིག་ལ། གོམས་ལོབས་སུ་སོང་བའི་འཛིན་གྲྭ་གཅིག་པའི་གྲྭ་བ་ཚོ་དང་ལྷན་དུ། ཁ་དོག་དཀར་དམར་ནས་འགོ་བཙུགས་ཏེ་རྩོད་པ་བྱེད་དུས། ངའི་སེམས་ནང་། དེ་རིང་གི་གནམ་གཤིས་གྲང་མོ་འདི་དང་། གྲྭ་བ་ཚོར་ཁ་གཏད་གཅོག་ཆེད། རྩོད་པའི་ཟླ་ལ་ལན་འདེབས་མེད་པ་ཞིག་འཕེན་དགོས་བསམས་ཏེ། ལག་གཡོན་པ་མར་མནན། ལག་གཡས་པ་ཡར་བཀྱགས་ཏེ། ཕྱག་རྒྱ་དང་ཉམས་སྣང་ཆེན་པོས། ས་ནག་སློག་པ་ལྟར་བྱེད་དགོས་སྙམ་ནས། ཆོས་མུ་ཏིག་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཐལ། དམར་བོ་མ་ཡིན་པའི་ཕྱིར། ཞེས་དུང་གི་ཚིག་དེ་བརྗེ་བར་བརྒྱབ་ནས་མུ་ཏིག་ཅེས་སྒྲ་ཆེན་པོའི་ངང་བརྗོད་པ་ན། ཁོ་ཚོ་སྐད་ཅིག་ཉིད་ལ་དལ་ཅག་གེ༼ཁུ་སུམ་མེར༽ལྷག་པ་དང་། ཡུད་ཙམ་རྗེས་སུ་ཉེ་འཁོར་གྱི་གྲྭ་བ་ཚང་མ་གད་མོ་བགད་པ་དང་འཕྱ་དམོད་བྱས་སོང་། ང་རང་གྲྭ་མང་ཚོའི་ཁྲོད་ཧ་ཅང་ངོ་ཚ་བོ་བཟོས་པ་དང་། གནམ་གཤིས་གྲང་མོ་དེ་ཡང་། གློ་བུར་དུ་དྲོད་སྣང་འཕེལ་བ་ལྟར་ཚོར་ཡོང་ལ། ངོ་གདོང་ཡང་ཚ་ལམ་ལམ་དུ་གྱུར། འདི་ལྟ་བུའི་ངོ་ཚ་བོ་ཞིག་དགོན་པ་འདིར་སླེབས་ནས་བྱུང་མ་མྱོངས། དེ་བཞིན། གཞན་གྱི་སྣང་བར་མི་འགྲོ་བའི་རིགས་ལམ་ཞིག་བཏང་བ་དེ་ལ་བློ་འགྱོད་ཚད་མེད་བྱུང་། དེ་ནས་བཟུང་ཚད་མ་རྣམ་འགྲེལ་གྱི་དཔེ་ཆ་ཚིག་ངེས་རེ་རེ་བྱས་ཏེ་བློ་འཛིན་དང་། རྩོད་གྲྭར་དེ་བཞིན་བསྐྱར་ཟློས་བྱས་ཏེ་འཛིན་གྲྭའི་སྐེས་རིམ་འཛེགས་ཐབས་བྱས་པ་ཡིན།