འབྲིང་བ་འཇིགས་མེད་ཀྱིས།
༄༅།། ཉིན་ཤས་གོང་དབུ་མའི་ལམ་གྱི་གཞོན་སྐྱེས་བསམ་བློ་པའི་ཚོགས་འདུའི་ཐོག་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ‘‘ལྔ་དང་ལྔ་བཅུའི་འཆར་སྣང་ཡག་པོ་ཡོང་བ་ལ། ང་ཚོའི་འདས་པའི་དྲུག་དང་དྲུག་ཅུའི་གནས་སྟངས་དེ་གསལ་པོར་ཤེས་དགོས་པ་གལ་ཆེ། ༡༨༩༠ ནས་ ༡༩༥༠ བར་གྱི་ལོ་དྲུག་ཅུའི་ནང་ད་ལྟའི་བོད་པའི་གནས་སྟངས་འདིར་འགྲོ་དགོས་པའི་རྒྱུ་རྐྱེན་ཚང་མ་འཛོམས་ཡོད་པ་རེད། ལྷག་པར་ ༡༩༤༦ ནས་ ༡༩༥༡ བར་གྱི་ལོ་དྲུག་གི་ནང་རྒྱ་གར་རང་བཙན་ཐོབ་པའི་སྔ་ཕྱིའི་གནས་སྟངས་དེ་ཚོ་ཤིན་ཏུ་གལ་ཆེ།’’ ཞེས་བཀའ་སློབ་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༡༨༩༠ ནས་ ༡༩༥༡ བར་གྱི་གནས་སྟངས་དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་གལ་འགངས་ཆེ་བའི་ལོ་རྒྱུས་དུམ་བུ་ཞིག་ཡིན་ཞིང་། དེའི་སྐབས་ཀྱི་གནས་ཚུལ་ལ་ཕྱི་ནང་གཉིས་ཀའི་གནས་ཚུལ་གལ་ཆེ་བ་མང་པོ་ཡོད་པ་ལས། ནང་གི་གནས་ཚུལ་ནི་རང་རེ་ཕལ་མོ་ཆེར་རྒྱུས་མངའ་གང་འཚམས་ཡོད་ལ། ཕྱིའི་གནས་ཚུལ་ཏེ་བོད་དང་ཕྱི་རྒྱལ་ཁག་དབར་བྱུང་བའི་གནས་ཚུལ་ལ་རྒྱུས་མངའ་དེ་ཙམ་མེད་མཁན་མང་བས། འདིར་སྐབས་དེའི་ཕྱི་འབྲེལ་གྱི་གནས་ཚུལ་རྣམས་རགས་བསྡུས་ཀྱིས་བརྗོད་འདོད་བྱུང་།
སྤྱིར་བོད་བཙན་པོའི་སྐབས་སུ་རྒྱ་དཀར་ནག་བལ་པོ་སོགས་དང་། ཕྱིས་སུ་སོག་པོ། མན་ཇུ། དབྱིན་ཇི། ཨུ་རུ་སུ་སོགས་དང་བོད་དབར་དུ་ཆོས་སྲིད་རིག་གནས་དཔལ་འབྱོར་སོགས་ཀྱི་འབྲེལ་བ་སྣ་ཚོགས་ཤིག་བྱུང་། ཕྱི་ལོ་ ༡༧༢༨ ལོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་མན་ཇུའི་ཨམ་བན་གནས་སྡོད་བྱས། ༡༧༥༠ ཡས་མས་ནས་ནུབ་ཕྱོགས་པ་མང་པོ་བོད་དུ་སླེབས་འགོ་ཚུགས། ༡༨༧༩ ལོར་རྒྱ་གར་དབྱིན་གཞུང་ནས་བཏང་བའི་ས་ར་ཅན་དྷར་རྡཱ་སེ་ཞེས་པ་བོད་དུ་འབྱོར་ནས་ལོ་གསུམ་ལྷག་རིང་དབུས་གཙང་ཁུལ་ལ་ལྟ་སྐོར་དང་སོ་ཉུལ་བྱས། ༡༨༨༥ ལོར་མན་ཇུའི་གཞུང་དང་དབྱིན་ཇིའི་གཞུང་གཉིས་ཀྱིས་ཅི་ཧྥུ་ཞེས་པའི་ས་གནས་སུ་གྲོས་ཚོགས་སྐབས་དབྱིན་ཇིའི་མི་རིགས་རྣམས་བོད་བརྒྱུད་རྒྱ་དཀར་ནག་ཏུ་ལྟ་སྐོར་ལ་འགྲོ་ཆོག་པའི་གྲོས་ཆོད་བཞག་པར་བོད་གཞུང་གིས་ངོ་རྒོལ་བྱས། ༡༨༨༨ ལོར་དབྱིན་ཇིས་བོད་སར་བཙན་འཛུལ་བྱས་པས་ལུང་ཐུར་དགྲ་རྫོང་དུ་དབྱིན་བོད་དམག་འཁྲུག་ཐོག་མར་བྱུང་ཞིང་བོད་དམག་ཕམ།
དུས་རབས་བཅུ་དགུ་པའི་དུས་མཇུག་གི་སྐབས་དེར་བོད་དང་ཁྱིམ་མཚེས་རྒྱ་དཀར་ནག་བཅས་ཀྱི་སྤྱི་བབས་ཀྱི་གནས་སྟངས་ནི། རྒྱ་གར་དབྱིན་ཇིའི་འོག་ཏུ་ཚུད་ནས་ལོ་ངོ་ ༡༤༠ ཙམ་འདས་ཤིང་རྒྱ་གར་མི་མང་གིས་རྒྱ་གར་རང་བཙན་སླར་གསོའི་ལས་འགུལ་འགོ་བརྩམས་ནས་ལོ་ ༣༠ ལྷག་འགྲོ་བཞིན་པའི་སྐབས་དང་། རྒྱ་ནག་ཏུ་ཉལ་ཐའི་དམག་འཁྲུག་སྔ་ཕྱི་བྱུང་ནས་ལོ་ ༣༠ ཙམ་ཕྱིན་ཅིང་། ཐའེ་ཝན་གླིང་ཕྲན་ཉི་ཧོང་གི་ལག་ཏུ་འཆོར་ལ་ཉེ་བ་སོགས་མན་ཇུའི་སྟོབས་ཤུགས་ཆེས་ཆེར་ཉམས་བཞིན་པའི་སྐབས་ཡིན། བོད་ནི་མདོ་སྟོད་སྨད་ཀྱི་ས་ཁུལ་ཕལ་མོ་ཆེ་མན་ཇུའི་མིང་ཙམ་གྱི་དབང་བསྒྱུར་དང་གཙོ་བོར་ས་གནས་སོ་སོའི་བླ་དཔོན་ཆེ་ཁག་གི་དབང་འཛིན་འོག་རྒྱལ་ཕྲན་སིལ་མ་ལྟ་བུར་གནས་ཤིང་། དེ་བྱིངས་དབུས་གཙང་མངའ་རིས་དང་བཅས་པ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཐད་ཀའི་འཛིན་སྐྱོང་འོག་ཏུ་གནས་པ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགུང་ལོ་བཅུ་གྲངས་ཙམ་ལས་ཕེབས་མེད་པས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ནི་སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་ཀྱིས་བཞེས་བཞིན་པའི་སྐབས་ཤིག་ཡིན། གནས་བབས་དེ་འདྲ་ཞིག་གི་འོག་ནས་དྲུག་དང་དྲུག་ཅུའི་གནས་ཚུལ་རིམ་པར་བྱུང་བ་ནི།
དང་པོ། གཙོ་བོར་དབྱིན་ཇི་དང་མན་ཇུ་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༨༩༠ ནས་ ༡༩༠༠ བར།)
༡༨༩༠ ལོར། ཀ་ལི་ཀ་ཏར་དབྱིན་ཇིའི་གཞུང་དང་མན་ཇུའི་གཞུང་གཉིས་ཀྱིས་བོད་དང་འབྲས་ལྗོངས་སྐོར་ལ་གཙོ་བོར་སྲིད་དོན་དང་ས་མཚམས་སོགས་དང་འབྲེལ་བའི་ཆིངས་ཡིག་དོན་ཚན་བརྒྱད་ཅན་ཞིག་བཞག
༡༨༩༣ ལོར། རྡོ་རྗེ་གླིང་དུ་སླར་ཡང་དབྱིན་ཇི་དང་མན་ཇུ་གཉིས་ཀྱིས་བོད་དང་འབྲས་ལྗོངས་སྐོར་ལ་གཙོ་བོར་ཚོང་དོན་དང་འབྲེལ་བའི་ཆིངས་ཡིག་དོན་ཚན་དགུ་ཅན་ཞིག་བཞག འོན་ཀྱང་ཆིངས་ཡིག་སྔ་ཕྱི་དེ་གཉིས་ཀའི་སྐབས་བོད་ཀྱི་སྐུ་ཚབ་མེད་པས་བོད་ཀྱིས་ཁས་ལེན་མ་བྱས་སྟབས་ཆིངས་དོན་ལག་བསྟར་མ་ཐུབ།
༡༨༩༥ ལོར། ༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས།
༡༨༩༧ ལོར། ལོ་ངོ་སུམ་ཅུའི་གོང་མཇུག་བསྒྲིལ་བའི་ཉག་རོང་གྱོད་གཞི་ལ་སླར་ཡང་ཟི་ཁྲོན་ཙུང་ཐུས་ངན་རྒྱབ་ཀྱིས་རྒྱ་བོད་དམག་འཁྲུག་བྱུང་བ་མཐར་འདུམ་འགྲིག་གིས་རྒྱ་དམག་ཕྱིར་འཐེན་བྱས།
༡༨༩༨ ལོར། བྷ་ར་ནོ་ཧྥ་ཞེས་པས་འགོ་ཁྲིད་པའི་རུ་སོག་གི་དོན་གཅོད་ཚོགས་པ་ཞིག་ལྷ་སར་འབྱོར།
༡༨༩༩ ལོར། ༸གོང་ས་བཅུ་གསུམ་པ་ཆེན་པོས་ཆེད་གཏོང་མཛད་པ་ལྟར་མཚན་ཞབས་བློ་བཟང་ངག་དབང་ངམ་སོག་པོ་རྡོ་རྗེ་ཡིབ་སོགས་ཁོང་གི་སྐུ་ཚབ་དོན་གཅོད་རྣམས་ཨུ་རུ་སུའི་གོང་མ་ཛཱར་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ཞུས་ཏེ་ ༡༩༠༠ ལོར་ཕྱིར་ལྷ་སར་འབྱོར། (ཨུ་རུ་སུར་སྐུ་ཚབ་ཐོག་མ་བཏང་བ་འདི་ ༡༨༩༦ ལོར་ཡིན་ཟེར་བའང་ཡོད།) དེ་ལ་དབྱིན་གཞུང་དོགས་འདྲོགས་ཆེན་པོ་བྱུང་།
གཉིས་པ། གཙོ་བོར་ཨུ་རུ་སུ་དང་། སོག་པོ། དབྱིན་ཇི། མན་ཇུ་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༩༠༡ ནས་ ༡༩༡༠ བར།)
༡༩༠༡ ལོར། སླར་ཡང་མཚན་ཞབས་བློ་བཟང་ངག་དབང་ངམ་རྡོ་རྗེ་ཡིབ་སོགས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་ཚབ་དོན་གཅོད་རྣམས་ཨུ་རུ་སུའི་གོང་མ་ཛཱར་དང་མཇལ་འཕྲད་ཞུས།
༡༩༠༢ ལོར། (ཀ) ཨུ་རུ་སུའི་གོང་མ་ཛཱར་ལ་སྲས་མོ་མ་གཏོགས་རྒྱལ་སྲས་མེད་པས་མཚན་ཞབས་བློ་བཟང་ངག་དབང་བརྒྱུད་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ལ་རྒྱལ་སྲས་འབྱུང་བའི་སྐྱབས་ཞུ་ཕུལ་བ་ལྟར་ ༡༩༠༤ ལོར་རྒྱལ་སྲས་ཤིག་འཁྲུངས། (ཁ) ཨུ་རུ་སུའི་ལེ་ནན་གྷེ་ཌ་ཞེས་པའི་ས་གནས་སུ་བོད་ཀྱི་དཔེ་མཛོད་ཁང་ཆེན་པོ་ཞིག་བཞེངས།
༡༩༠༣ ལོར། རྒྱ་གར་དབྱིན་གཞུང་གིས་བོད་དང་ཚོང་དོན་སྐོར་བཀའ་མོལ་གནང་དགོས་ཞེས་ཡཱང་ཧ་སི་བནྜ་(Younghusband)ཡིས་སྣེ་ཁྲིད་པའི་དྲག་པོའི་དོན་གཅོད་བོད་དུ་བཏང་བ་གམ་པ་རྫོང་བར་དུ་སླེབས་ཏེ་རྒྱ་གར་དུ་ཕྱིར་ལོག
༡༩༠༤ ལོར། (ཀ) ཡཱང་ཧ་སི་བནྜའི་དྲག་པོའི་དོན་གཅོད་ཀྱིས་སླར་ཡང་བོད་དུ་བཙན་འཛུལ་གྱིས་ཆུ་མིག་གཤོངས་ཀོ་དང་རྒྱལ་རྩེ་སོགས་སུ་བོད་དམག་དང་འཐབ་འཁྲུག་བྱེད་བཞིན་བོད་ཟླ་ ༦ ནང་ལྷ་སར་འབྱོར། བོད་ཟླ་ ༧ ཚེས་ ༡༧ ཉིན་པོ་ཏཱ་ལའི་ཚོམས་ཆེན་དུ་དབྱིན་བོད་དབར་སྲིད་དོན་དང་ཚོང་དོན་སོགས་ཀྱི་སྐོར་ལ་ཆིངས་ཡིག་དོན་ཚན་བཅུ་ཅན་ཞིག་བཞག འདི་ནི་སྔར་ ༡༨༨༨ ལོར་ལུང་ཐུར་དགྲ་རྫོང་དུ་དབྱིན་བོད་དམག་འཁྲུག་བྱུང་བ་དང་། དེའི་རྗེས་ ༡༨༩༠ དང་ ༡༨༩༣ ལོ་སོ་སོར་བཞག་པའི་ཆིངས་ཡིག་དེ་དག་བོད་ཀྱིས་ཁས་ལེན་མ་བྱས་པས་ལག་བསྟར་ཐུབ་མེད་པ་དེ་དག་གི་དབང་གིས། དབྱིན་ཇིས་བོད་ཀྱི་སྐོར་རྒྱ་ནག་མན་ཇུའི་གཞུང་བརྒྱུད་པ་ལས་བོད་དང་ཐད་ཀར་འབྲེལ་བ་བྱེད་པ་ལེགས་པར་མཐོང་སྟེ་བོད་དུ་དྲག་པོའི་དོན་གཅོད་འདི་བཏང་བ་ཞིག་དང་། ལྷ་སར་དབྱིན་བོད་དབར་ཐད་ཀར་ཆིངས་ཡིག་འདི་བཞག་པ་ཞིག་ཡིན་པར་བཤད། (ཁ) དབྱིན་ཇིའི་དཔུང་དམག་ལྷ་སར་འབྱོར་ཉེའི་མཚམས་༸རྒྱལ་དབང་བཅུ་གསུམ་པས་ར་ཤི་ཡར་རོགས་རམ་ཞུ་ཆེད་ཕྱི་སོག་ཏུ་ཕེབས་ཀྱང་ར་ཤི་ཡའི་ནང་ཁུལ་ཟང་ཟིང་ལ་བརྟེན་ཐུགས་བཞེད་བཞིན་མ་བྱུང་བས་སོག་ཡུལ་དུ་ལོ་ཤས་བཞུགས། འོན་ཀྱང་དེ་སྐབས་ཨུ་རུ་སུའི་གོང་མའི་གཞུང་གི་དཔོན་རིགས་མཇལ་བཅར་གྱིས་ཞུས་པ་ལྟར་ལྷ་སར་ཨུ་རུ་སུའི་ཕྱི་འབྲེལ་སྐུ་ཚབ་འཇོག་རྒྱུར་ཞལ་བཞེས་གནང་ཡོད་ནའང་ཕྱིས་སུ་སྐུ་ཚབ་དེ་འཇོག་ཐུབ་མེད། (ག) རྒྱལ་རྩེར་དབྱིན་ཇིའི་ཚོང་དོན་སྐུ་ཚབ་བཙུགས། (ང) རྒྱ་གར་དབྱིན་གཞུང་གིས་གདན་ཞུས་ལྟར་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས་ལོ་འདིའི་བོད་ཟླ་ ༩ ནང་རྒྱ་གར་དུ་འཚམས་གཟིགས་མཛད། (ཅ) རྒྱ་ནག་མན་ཇུའི་གཞུང་གིས་དབང་མེད་དབང་མདོག་གིས་༸གོང་ས་བཅུ་གསུམ་པ་ཆེན་པོའི་དབུ་གནས་མེད་པར་བཟོས་ཚུལ་བསྒྲགས།
༡༩༠༥ ལོར། ཁམས་ཁུལ་དུ་སྒྲའོ་ཨར་ཕུང་གིས་སྣེ་ཁྲིད་པའི་རྒྱ་དམག་གིས་བཙན་འཛུལ་བྱས།
༡༩༠༦ ལོར། (ཀ) ལྷ་སར་ ༡༩༠༤ ལོར་དབྱིན་བོད་དབར་ཐད་ཀར་བཞག་པའི་ཆིངས་ཡིག་དེ་ལ་རྒྱ་ནག་མན་ཇུའི་གོང་མ་དང་དབྱིན་ཇིའི་གོང་མ་གཉིས་ཀྱི་སྐུ་ཚབ་ཀྱིས་ཆ་འཇོག་ངོས་ལེན་དང་འབྲེལ་བའི་ཆིངས་ཡིག་དོན་ཚན་ལྔ་ཅན་ཞིག་ལོ་འདིའི་ནང་པེ་ཅིན་དང་ལོན་ཌོན་དུ་གཏན་འབེབས་བྱས་ནའང་། དོན་དངོས་སུ་མན་ཇུའི་གཞུང་གི་བཀོད་ཇུས་ལྟར་ལྷ་སའི་ཆིངས་ཡིག་དེ་ལ་བསྐྱར་བཅོས་བྱས་པས་ལྷ་སའི་ཆིངས་ཡིག་ཏུ་གསལ་བའི་དབྱིན་བོད་གཉིས་ཀའི་ཐོབ་དབང་དུ་མ་ཞིག་མེད་པར་གྱུར། (ཁ) རྒྱལ་དབང་བཅུ་གསུམ་པ་མཆོག་སོག་ཡུལ་ནས་སྐུ་འབུམ་དུ་༸ཞབས་སོར་འཁོད།
༡༩༠༧ ལོར། (ཀ) དབྱིན་ཇི་དང་ཨུ་རུ་སུ་གཉིས་ཀྱིས་བོད་ཀྱི་བདག་དབང་དང་བོད་ནང་ལ་འབྲེལ་བ་བྱེད་ཕྱོགས་སོགས་ཀྱི་སྐོར་ཆིངས་ཡིག་དོན་ཚན་ལྔ་ཅན་ཞིག་སེན་ཊ་པི་ཊར་སི་བཱརྒ་ཞེས་པའི་ས་གནས་ནས་བཞག (ཁ) འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གི་ཁྲི་སྟོན་ལ་བོད་གཞུང་ནས་སྐུ་ཚབ་ཆེད་གཏོང་གིས་ཁྲི་སྐྱེས་ཕུལ།
༡༩༠༨ ལོར། (ཀ) ཀ་ལི་ཀ་ཏར་དབྱིན་བོད་རྒྱ་གསུམ་གྱི་སྐུ་ཚབ་མཉམ་འཛོམས་ཀྱིས་དེ་སྔོན་ ༡༨༩༣ ལོར་བཞག་པའི་ཚོང་དོན་སྐོར་གྱི་ཆིངས་ཡིག་ལ་བསྐྱར་བཅོས་ཀྱི་གྲོས་མཐུན་དོན་ཚན་བཅོ་ལྔ་ཅན་ཞིག་བཞག འདིའི་སྐབས་བོད་ཀྱི་སྐུ་ཚབ་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོས་རང་ཉིད་ལ་དབང་ཚད་ཆ་ཚང་མེད་བཞིན་དུ་བོད་ཀྱི་ཁེ་ཕན་ལ་གནོད་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པས་རྗེས་སུ་སྲོག་ཆད་ཕོག (ཁ) སོག་པོའི་རྒྱལ་ས་ཨུར་གར་༸རྒྱལ་བའི་སྐུ་ཚབ་ཏུ་མཚན་ཞབས་རྡོ་རྗེ་ཡིབ་བསྐོས། ཕྱིས་སུ་སྐུ་ཚབ་དེ་བརྒྱུད་བོད་གཞུང་གིས་སོག་ཡུལ་ནས་གོ་མཚོན་མཁོ་སྒྲུབ་གནང་། (ག) རྒྱལ་དབང་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་ནས་རྒྱ་ནག་ཐང་གི་རྒྱལ་ས་ཞི་རྔན་དང་རི་བོ་རྩེ་ལྔ་སོགས་བརྒྱུད་པེ་ཅིན་དུ་ཕེབས་ཏེ་མན་ཇུ་གོང་མར་མཇལ་འཕྲད་དང་། (རྒྱ་ཕྱོགས་ཀྱི་བཤད་སྟངས་ལྟར་ན་འདིའི་སྐབས་༸རྒྱལ་དབང་རིན་པོ་ཆེའི་དབུ་གནས་སླར་གསོ་བྱས་ཟེར།) པེ་ཅིན་དུ་ཡོད་པའི་ཧྥ་རན་སི་དང་། ཨ་རི། འཇར་མན། ར་ཤི་ཡ། ཉི་ཧོང་བཅས་ཀྱི་གཞུང་ཚབ་སོ་སོར་འབྲེལ་བ་གནང་སྟེ་ཕྱིར་སྐུ་འབུམ་དུ་ཕེབས།
༡༩༠༩ ལོར། ༸གོང་ས་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་ནས་རྒྱལ་ས་ལྷ་སར་ཕྱིར་ཕེབས་མཛད་པ་ཟླ་ ༡༡ ཚེས་ ༩ ཉིན་ལྷ་སར་༸ཞབས་སོར་འཁོད། དེ་འཕྲལ་ཕྱི་འབྲེལ་ལས་ཁུངས་ཤིག་ཀྱང་གསར་དུ་བཙུགས་པའི་འགོ་འཛིན་དུ་མཁན་ཆུང་རྒྱལ་མཚན་ཕུན་ཚོགས་དང་། རིམ་བཞི་ཁེ་སྨད་པ་རིན་ཆེན་དབང་རྒྱལ་གཉིས་བསྐོས།
༡༩༡༠ ལོར། (ཀ) སྒྲའོ་ཨར་ཕུང་གི་རྒྱ་དམག་གིས་ཁམས་བརྒལ་ཏེ་ལྷ་སར་བཙན་འཛུལ་བྱས་པས་བོད་ཟླ་དང་པོའི་ནང་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། (ཁ) རྒྱ་ནག་མན་ཇུའི་གཞུང་གིས་སླར་ཡང་༸རྒྱལ་དབང་རིན་པོ་ཆེའི་མཚན་གནས་མེད་པར་བཟོས་ཚུལ་དང་། ༸རྒྱལ་བའི་ཡང་སྲིད་ཀྱང་མིན་ཚུལ་བསྒྲགས། (ག) རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་མཚན་ཞབས་བློ་བཟང་ངག་དབང་བརྒྱུད་ཨུ་རུ་སུའི་གོང་མར་བཀའ་ཡིག་སྩལ་ཏེ་བོད་ལ་བདེན་རྒྱབ་ཡོང་བའི་སྐུལ་མ་མཛད།
གསུམ་པ། གཙོ་བོར་རྒྱ་ནག་མི་སེར་རྒྱལ་ཁབ་དང་། དབྱིན་ཇི། ཉི་ཧོང་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༩༡༡ ནས་ ༡༩༢༠ བར།)
༡༩༡༢ ལོར། (ཀ) རྒྱ་ནག་ཏུ་སྔ་ལོར་ལྕགས་ཕག་ལོའི་གསར་བརྗེ་ཟེར་བ་བྱུང་སྟེ་མན་ཇུ་གོང་མའི་རྒྱལ་རབས་མཇུག་རྫོགས་པས་ལྷ་སར་ཡོད་པའི་རྒྱ་ནག་གི་དཔོན་དམག་ཚང་མ་བོད་གཞུང་གིས་ཕྱིར་ཕུད་བཏང་། སྐབས་དེར་ལྷ་སྡོད་གོར་ཥའི་སྐུ་ཚབ་(ལྷ་སྡོད་གོར་ཥའི་སྐུ་ཚབ་ནི་༸རྒྱལ་དབང་ལྔ་པའི་སྐུ་རིང་ནས་ཡོད་མུས་ཡིན།)བར་བཞུགས་ཀྱིས་རྒྱ་བོད་དབར་ལྷ་སའི་རྒྱ་རིགས་དཔོན་དམག་རྣམས་བོད་ནས་ཐོན་ཕྱོགས་དང་གོ་མཚོན་རྩིས་སྤྲོད་ལེན་བྱེད་ཕྱོགས་སྐོར་ལ་གྲོས་མཐུན་དོན་ཚན་གསུམ་ཅན་དང་དགུ་ཅན་གཉིས་སྔ་ཕྱིར་བཞག (ཁ) རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཧྲི་ཁའེ་ཡིས་༸རྒྱལ་དབང་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་ཞུས་ལུགས་བཤད་པའི་བཀའ་ལན་དུ་༸གོང་ས་མཆོག་ནས་རྒྱ་ནག་གཞུང་ལ་མཚན་གནས་ཞུས་མྱོང་མེད་ཚུལ་དང་རང་དབང་གིས་བོད་ལ་ཆོས་སྲིད་གཉིས་ཀྱི་མངའ་དབང་སྒྱུར་བཞིན་ཡོད་ཚུལ་གསུངས། (ག) རྒྱ་ནག་གཞུང་གིས་སོག་པོ་དང་བོད། ཏུར་ཀི་སི་ཐན་བཅས་ནི་རྒྱ་ནག་གི་ཞིང་ཆེན་ཁག་དང་འདྲ་མཉམ་ཡིན་ཚུལ་བསྒྲགས་པར་དབྱིན་ཇིའི་གཞུང་གིས་ངོས་ལེན་མེད་ཚུལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ལ་ཡི་གེ་བཏང་། (ང་) ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་རྒྱ་གར་དུ་ལོ་གསུམ་ཙམ་བཞུགས་རིང་དབྱིན་ཇིའི་རྒྱ་གར་རྒྱལ་ཚབ་ལ་མཇལ་འཕྲད་དང་། ནང་པའི་གནས་ཆེན་ཁག་ཏུ་གནས་གཟིགས་སོགས་མཛད་དེ་བོད་དུ་ཕྱིར་ཕེབས།
༡༩༡༣ ལོར། (ཀ) སོག་པོའི་རྒྱལ་ས་ཨུར་གར་བོད་སོག་གཉིས་ཕན་ཚུན་རང་བཙན་ངོས་ལེན་སོགས་ཀྱི་སྐོར་ཆིངས་ཡིག་དོན་ཚན་དགུ་ཅན་ཞིག་བཞག (ཁ) པེ་ཅིན་དུ་བཅའ་སྡོད་ཉི་ཧོང་གཞུང་ཚབ་ནས་མཚམས་སྦྱོར་གནང་བ་བརྒྱུད་ཉི་ཧོང་གི་དམག་ཟུར་ཞིག་ལྷ་སར་འབྱོར་བས་བོད་གཞུང་གི་དམག་སྒར་གཅིག་ལ་ཉི་ཧོང་ལུགས་ཀྱི་དམག་སྦྱོང་སྤྲད་ཅིང་། ༸རྒྱལ་བའི་སྐུ་སྲུང་དམག་སྒར་ཡང་ཉི་ཧོང་གི་ལུགས་ལྟར་བཙུགས། (དེའི་རྗེས་ཨུ་རུ་སུའི་ལུགས་དང་། དབྱིན་ཇིའི་ལུགས། སྔར་ཡོད་རྒྱ་ལུགས་བཅས་དམག་སྦྱོང་ལུགས་བཞི་ཡོད་པ་ལས་མཐར་དབྱིན་ཇིའི་ལུགས་སུ་གཅིག་གྱུར་གྱིས་བསྒྱུར།) (ག) བོད་གཞུང་གིས་བོད་ཕྲུག་བཞི་དབྱིན་ཡུལ་དུ་སློབ་སྦྱོང་ལ་བཏང་ཞིང་དེ་ཚོའི་འགོ་འཛིན་དུ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཏང་། དེའི་སྐབས་༸རྒྱལ་དབང་རིན་པོ་ཆེའི་བཀའ་ལྟར་ལུང་ཤར་པས་ཧྥ་རན་སི་དང་། འཇར་མན། སུ་ཛ་ལེན་ཌི། སྦེལ་ལྗམ་བཅས་སུའང་ཕེབས་ཏེ་རྒྱལ་ཁབ་དེ་དག་ལ་འབྲེལ་ལམ་བཙུགས། (ང་) ཟི་ཁྲོན་རྒྱ་དམག་གིས་སླར་ཡང་ཁམས་ཁུལ་དུ་བཙན་འཛུལ་བྱས།
༡༩༡༤ ལོར། (ཀ) སིམ་ལར་དབྱིན་བོད་རྒྱ་གསུམ་འདྲ་མཉམ་གྲོས་མོལ་གྱིས་རྒྱ་བོད་ཀྱི་ས་མཚམས་དང་བོད་ཀྱི་ཆབ་སྲིད་གནས་བབས་སྐོར་ལ་ཟུར་ཐོ་དོན་ཚན་བདུན་དང་བཅས་པའི་ཆིངས་ཡིག་དོན་ཚན་བཅུ་གཅིག་ཅན་ཞིག་བཞག་སྐབས་རྒྱ་ནག་གིས་མཐའ་མའི་མིང་རྟགས་མ་བཀོད་པར་ཕྱིར་འཐེན་བྱས་ནའང་དབྱིན་བོད་གཉིས་ཀྱིས་མིང་རྟགས་བཀོད། (ཁ) དེའི་སྐབས་དབྱིན་བོད་སྐུ་ཚབ་གཉིས་ཀྱིས་རྒྱ་གར་དང་བོད་ཀྱི་ས་མཚམས་སྐོར་གྲོས་མཐུན་གནང་སྟེ་མེག་མོ་ཧོན་ས་ཐིག་ཅེས་པར་བོད་གཞུང་གིས་ཁས་ལེན་བྱས་པས་མོན་རྟ་དབང་ཕྱོགས་རྒྱ་གར་ལ་ཤོར་ནའང་ ༡༩༥༡ ལོར་མ་གཏོགས་རྒྱ་གར་གཞུང་གིས་བདག་བཟུང་ཆ་ཚང་མ་བྱས། (ག) ཡང་སྐབས་དེར་དབྱིན་བོད་གཉིས་དབར་ཚོང་དོན་སྐོར་སྒྲིག་གཞི་དོན་ཚན་བཅུ་གཅིག་ཅན་ཞིག་གཏན་འབེབས་བྱས། (ང་) བོད་ལ་དབྱིན་གཞུང་གིས་མེ་མདའ་རིང་མདའ་ལྔ་སྟོང་དང་མདེའུ་འབུམ་ལྔ་ཙམ་བཙོང་རྒྱུའི་ཁས་ལེན་བྱས་ཏེ་གང་འཚམས་ཤིག་སྐབས་དེར་བོད་དུ་འབྱོར། (ཅ) འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པས་བོད་གཞུང་གིས་དབྱིན་ཇི་ལ་དམག་རོགས་གཏོང་དགོས་མིན་འབྲས་སྤྱི་བློན་ཆེན་བརྒྱུད་ཞུས་ལན་དུ་དཔུང་རོགས་ཞུ་དགོས་བྱུང་ཚེ་ངེས་པར་ཞུ་རྒྱུ་ཡིན་ཚུལ་གྱི་ལན་འབྱོར།
༡༩༡༧ ལོར། བྱང་རྩེ་ཆོས་རྗེ་ཏྲེ་ཧོར་བྱམས་པ་ཆོས་གྲགས་སོགས་ཆེད་གཏོང་གིས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་ཉམས་གསོ་ལེགས་པར་མཛད་པར་གོར་ཥ་རྒྱལ་བློན་རྣམས་ཀྱིས་ཡི་རང་མཐུན་འགྱུར་ཞུས།
༡༩༡༨ ལོར། (ཀ) ཆབ་མདོ་དང་རོང་པ་ཚ་སོ་སོར་དབྱིན་ཇི་བར་བཞུགས་ཀྱིས་རྒྱ་བོད་དབར་དམག་འཁྲུག་མཚམས་འཇོག་སྐོར་དང་གནས་སྐབས་ཀྱི་ས་མཚམས་སྐོར་ལ་ཆིངས་ཡིག་དོན་ཚན་བཅུ་གསུམ་ཅན་དང་བཞི་ཅན་གཉིས་བཞག དེའི་ས་མཚམས་དབྱེ་སྟངས་ལས་འབྲི་ཆུའི་ཤར་ཕྱོགས་ལ་རྒྱ་སྡེ་དང་ནུབ་ཕྱོགས་ལ་བོད་སྡེར་ཐོགས། (ཁ) འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་བསྒྲིལ།
༡༩༢༠ ལོར། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ནས་གོར་ཥའི་རྒྱལ་པོར་ཕྱག་འཕྲིན་བསྩལ་ཏེ་གོར་བོད་དབར་གྱི་འབྲེལ་བ་གོང་འཕེལ་ཡོང་ཐབས་མཛད།
བཞི་པ། གཙོ་བོར་དབྱིན་ཇི་དང་། རུ་སོག རྒྱ་ནག་གོ་མིན་ཏང་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༩༢༡ ནས་ ༡༩༣༠ བར།)
ཕྱི་ལོ་ ༡༩༢༡ ལོར། (ཀ) འབྲས་སྤྱི་བློན་ཆེན་ཅཱལ་སི་བྷེལ་གྱིས་སྣེ་ཁྲིད་པའི་དབྱིན་ཇིའི་སྐུ་ཚབ་ཚོགས་པ་ཞིག་ལྷ་སར་འབྱོར་ཏེ་དབྱིན་གཞུང་གིས་བོད་ལ་དམག་མཁོའི་མཚོན་ཆ་སོགས་ཀྱི་རོགས་རམ་བྱེད་ཕྱོགས་སྐོར་གྲོས་མཐུན་གསར་པ་ཞིག་བཞག (ཁ) ཉི་ཧོང་གིས་བོད་ལ་གོ་མཚོན་སྤྲོད་རྒྱུར་མོས་མཐུན་བྱས་པ་ལྟར་ལོ་མང་རིང་གོ་མཚོན་མཁོ་སྤྲོད་བྱས། (ག) རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་སྤེལ་བའི་བསྒྲགས་གཏམ་ནང་། བོད་དང་། ཡུ་གུར། སོག་པོ་གསུམ་རྒྱ་ནག་གི་མངའ་ཁོངས་ནས་རང་བཙན་བྱེད་ཆོག་པར་བརྗོད་ཡོད་པ་དང་། དེའི་རྗེས་སུའང་རྒྱ་ནག་དམར་ཤོག་གི་ཚོགས་འདུ་རིམ་པའི་ཐོག་ནས། སོག་པོ་དང་། བོད། ཡུ་གུར་བཅས་ཁག་གསུམ་དུ་རང་སྐྱོང་ལག་བསྟར་བྱས་ཏེ་དམངས་གཙོའི་རྒྱལ་ཕྲན་རང་སྐྱོང་བྱེད་རྒྱུ། ཞེས་དང་། རྒྱ་ནག་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཚང་མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་མ་ཟད། ཐ་ན་མི་རིགས་སོ་སོས་རྒྱ་ནག་དང་ཁ་བྲལ་ཏེ་རང་དབང་གི་རྒྱལ་ཁབ་གསར་འཛུགས་བྱ་རྒྱུའི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ། ཞེས་སོགས་ཀྱི་གྲོས་ཆོད་རིམ་པར་བཞག
༡༩༢༢ ལོར། བོད་གཞུང་གིས་འབྲས་ལྗོངས་ཀྱི་ཉེན་རྟོག་དཔོན་ལེགས་ལྡན་ལགས་ཞེས་པ་གདན་ཞུས་ཀྱིས་ལྷ་སར་དེང་རབས་ཅན་གྱི་ཉེན་རྟོག་པ་བཙུགས།
༡༩༢༣ ལོར། (ཀ) ཟླ་ ༡༡ ནང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གཙང་ནས་བྲོས་ཕེབས་ཀྱིས་རྒྱ་ནག་ཏུ་གོ་མིན་ཏང་གི་སྣེ་ལེན་མཐུན་འགྱུར་འོག་རྒྱུན་རིང་བཞུགས། (ཁ) དབྱིན་ཇིའི་སློབ་སྟོན་འོག་རྒྱལ་རྩེར་དབྱིན་ཡིག་གི་སློབ་གྲྭ་བཙུགས་ཀྱང་གདན་ས་ཁག་གིས་དེས་ནང་ཆོས་ལ་གནོད་ཚུལ་ཞུས་རྐྱེན་ལོ་གསུམ་ཙམ་རྗེས་སྒོ་བརྒྱབས།
༡༩༢༥ ལོར། དབྱིན་ཇིས་སླར་ཡང་བོད་ལ་གོ་མཚོན་མང་པོ་བཙོངས་ཤིང་། དམག་གི་སྦྱོང་བརྡར་སྣ་ཚོགས་སྤྲད།
༡༩༢༧ ལོར། སོག་པོའི་སྐུ་ཚབ་ཚོགས་པ་ཞིག་ལྷ་སར་འབྱོར་ཏེ་ལྷ་ས་དང་ཨུར་གར་ཕྱོགས་གཉིས་སོ་སོའི་ཕྱི་འབྲེལ་སྐུ་ཚབ་འཇོག་རྒྱུ་དང་ཚོང་འབྲེལ་སོགས་ཀྱི་སྐོར་བཀའ་མོལ་གནང་།
༡༩༢༨ ལོར། (ཀ) གོ་མིན་ཏང་གིས་ནན་ཅིན་དུ་བོད་སོག་ལས་ཁུངས་ཞེས་པ་བཙུགས། (ཁ) ཨུ་རུ་སུའི་དམག་དཔོན་ཞིག་གིས་སྣེ་ཁྲིད་པའི་རུ་སོག་གི་སྐུ་ཚབ་ཚོགས་ཆུང་ཞིག་ལྷ་སར་འབྱོར་ཏེ་ཟླ་གསུམ་རྗེས་ཕྱིར་ལོག (འདི་དང་སྔ་ལོའི་སྐུ་ཚབ་ཚོགས་ཆུང་གཉིས་གཅིག་ཡིན་ཟེར་བའང་ཡོད།)
༡༩༢༩ ལོར། པེ་ཅིང་གཡུང་དགོན་མཁན་པོ་སེར་སྨད་དཀོན་མཆོག་འབྱུང་གནས་བོད་དུ་ཕྱིར་ལོག་སྐབས་དེ་ཉིད་བརྒྱུད་རྒྱ་ནག་གི་གཙོ་འཛིན་ཅང་ཅེ་ཧྲི་ནས་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོར་འཚམས་ཞུས་དང་འབྲེལ་བོད་དོན་སྐོར་དྲི་བ་དོན་ཚན་བཅུ་ཙམ་འཁོད་པ་བཅས་ཀྱི་འཕྲིན་ཡིག་ཐེངས་དང་པོ་ཕུལ་བར་བཀའ་ལན་ཕྱག་བྲིས་སྩལ།(འདི་ ༡༩༢༧ ལོར་རེད་ཟེར་བའང་ཡོད།)
༡༩༣༠ ལོར། (ཀ) རྒྱ་མ་བོད་ཡིན་པའི་བུད་མེད་ཅིག་བརྒྱུད་ནས་ཅང་ཅེ་ཧྲི་དང་རྒྱལ་དབང་བཅུ་གསུམ་པའི་དབར་ཡིག་འབྲེལ་ཐེངས་གཉིས་པ་བྱུང་། (ཁ) ཁམས་ཁུལ་དུ་སླར་ཡང་རྒྱ་བོད་དམག་འཁྲུག་བྱུང་། (ག) རྒྱལ་དབང་བཅུ་གསུམ་པ་ཆེན་པོས་སོག་པོའི་རྒྱལ་ས་ཨུར་གར་ཡོད་པའི་ཁོང་གི་སྐུ་ཚབ་བརྗེ་ལེན་མཛད། (ང་) རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་ལོར་ཌ་ཨིར་ཝིན་ནས་འབྲས་སྤྱི་བློན་ཆེན་ཀཱལ་ནེལ་ལྷ་སར་ཆེད་གཏོང་གིས་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ལ་དབྱིན་བོད་འབྲེལ་བ་རྒྱུན་གནས་དགོས་སྐོར་ཕྱག་བྲིས་འབུལ་བཞེས་གནང་།
ལྔ་པ། གཙོ་བོར་རྒྱ་ནག་གོ་མིན་ཏང་དང་། དབྱིན་ཇི། ཨ་རི་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༩༣༡ ནས་ ༡༩༤༠ བར།)
༡༩༣༡ ལོར། (ཀ) ནན་ཅིན་དང་། པེ་ཅིན། དར་རྩེ་མདོ་བཅས་སུ་བོད་ཀྱི་དོན་གཅོད་ལས་ཁུངས་རེ་བཙུགས། རྗེས་སུ་གོ་མིན་ཏང་གི་རྒྱལ་ས་ནན་ཅིན་ནས་ཁྲུང་ཆིན་དུ་སྤོས་སྐབས་ནན་ཅིན་དོན་གཅོད་ཀྱང་དེར་སྤོས། (ཁ) རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་ལ་འཚམས་འདྲིའི་གསུང་འཕྲིན་འབུལ་གནང་མཛད།(ཁོང་རྣམ་གཉིས་དབར་ལོ་དུས་གཞན་དུའང་ཡིག་འབྲེལ་བྱུང་ཡོད་པར་བཤད།) (ག) རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་གསར་པ་ལོར་ཌ་ཝེལ་ལིང་ཊོན་ནས་༸གོང་ས་བཅུ་གསུམ་པ་ཆེན་པོར་དབྱིན་བོད་འབྲེལ་བ་གོང་འཕེལ་ཡོང་རེའི་སྐོར་ཕྱག་བྲིས་འབུལ་འབྱོར་བྱུང་། (ང་) སྐབས་དེ་ཤེད་དུ་ལྷ་སར་འབྱོར་བའི་ཨ་རི་པ་ཐོག་མ་སུ་ཀྲམ་ཀ་ཀྲིང་བརྒྱུད་ཨ་རིའི་སྲིད་འཛིན་ཧུ་ཝར་(Hoover)སོགས་ལ་༸རྒྱལ་དབང་རིན་པོ་ཆེ་མཆོག་ནས་ཕྱག་རྟགས་དང་ཕྱག་བྲིས་སྔ་རྗེས་ཕུལ་ཏེ་ཨ་རི་དང་བོད་དབར་དུ་བལ་ཚོང་བྱེད་ཕྱོགས་དང་རྒྱ་དངུལ་ཉོ་སྒྲུབ་སོགས་ཀྱི་སྐོར་བཀའ་བསྡུར་མཛད།
༡༩༣༢ ལོར། ལྡན་ཁོག་ཏུ་ཟི་ལིང་རྨཱ་པུ་ཧྤང་གི་དམག་དང་བོད་དམག་འཐབ་འཁྲུག་བྱུང་།
༡༩༣༣ ལོར། (ཀ) ཟླ་ ༢ ནང་སྤྲེ་ཚ་དགོན་དུ་ཟི་བོད་ཆིངས་ཡིག་དོན་ཚན་ལྔ་འཁོད་པ་ཞིག་བཞག (ཁ) རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ཉི་ཧོང་པ་ཐོ་ཀན་ཐད་ཅེས་པ་བརྒྱུད་ཉི་ཧོང་སྲིད་བློན་ལ་བོད་རྒྱའི་གནས་ཚུལ་སོགས་ཀྱི་སྐོར་ཞུ་སྐུལ་མཛད།
༡༩༣༤ ལོར། (ཀ)རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་ཞུ་མཁན་ཡིན་ཞེས་གོ་མིན་ཏང་གི་དམག་དཔོན་ཧོང་མུ་སུང་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ལྷ་སར་འབྱོར་ཏེ་དགོངས་རྫོགས་ཞུས། དེ་སྐབས་བོད་རྒྱའི་འབྲེལ་བའི་སྐོར་བཀའ་མོལ་གནང་ཡང་དོན་འབྲས་མ་སོན་པས་དེའི་མཇུག་སྐྱོང་ཞུ་ཆེད་ཡིན་ཞེས་ལྷ་སར་རྒྱ་ནག་གི་སྐུ་ཚབ་ཅིག་བཞག་སྟེ་ཧོང་མུ་སུང་རྒྱ་ནག་ཏུ་ཕྱིར་ལོག (ཁ) ལྷ་སར་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་དོན་གཅོད་བཙུགས།
༡༩༣༥ དང་ ༡༩༣༦ ལོར། (ཀ) རྒྱ་ནག་དམར་ཤོག་གི་གོམ་པ་རིང་པོའམ་དམར་དམག་རྒྱང་བསྐྱོད་ཀྱིས་བོད་ཤར་ཕྱོགས་སུ་བཙན་འཛུལ་བྱས་པར་བོད་མི་ཚོས་འཐབ་རྒོལ་བྱས། (ཁ) དཀར་མཛེས་ཁུལ་དུ་དམར་དམག་གི་རྒྱབ་སྐྱོར་འོག་བོད་པ་སྲིད་གཞུང་ཞེས་པ་(མིང་རྒྱས་པར་བོད་པ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་ཞེས་ཟེར་ཞིང་། དེ་ནི་སྐབས་དེར་རྒྱ་ནག་དམར་ཤོག་གིས་ཨུ་རུ་སུའི་མི་རིགས་སྲིད་ཇུས་ཀྱི་ལྟ་བ་གཞིར་བཟུང་སྟེ་རང་ཐག་རང་གཅོད་ཀྱི་སྲིད་གཞུང་འཛུགས་རོགས་བྱས་པ་ཞིག་རེད།)བཙུགས་ཀྱང་དུས་ཡུན་ཐུང་ངུ་ཞིག་ལས་མ་གནས།
༡༩༣༧ ལོར། (ཀ) རྒྱ་ནག་ཏུ་བཞུགས་པའི་༸པཎ་ཆེན་རིན་པོ་ཆེས་རྒྱ་གར་དབྱིན་གཞུང་གི་འབྲས་སྤྱི་བློན་ཆེན་སྔ་ཕྱི་དང་། ལྷ་སར་གནས་སྡོད་དབྱིན་ཇིའི་དོན་གཅོད་བཅས་ལ་ཡང་ཡང་འབྲེལ་བ་གནང་སྟེ་གང་ཉིད་བོད་དུ་ཕྱིར་ཕེབས་ཐབས་མཛད་ཀྱང་ཕེབས་མ་ཐུབ་པར་མཐར་ལོ་འདིའི་བོད་ཟླ་ ༡༠ ནང་སྐྱེ་རྒུ་མདོར་སྐུ་ཞི་བར་གཤེགས། (ཁ) སྐབས་དེ་དག་ཏུ་སིམ་ལའི་ཆིངས་ཡིག་སྐབས་ཀྱི་མེག་མོ་ཧོན་གྱི་ས་ཐིག་ལྟར་རྒྱ་གར་དབྱིན་གཞུང་གིས་མོན་རྟ་དབང་ཁུལ་དངོས་སུ་བདག་བཟུང་བྱེད་རྒྱུ་ཡིན་ཚུལ་གླེང་སློང་བྱས་ཀྱང་ལག་བསྟར་མ་བྱས། (ག) འདིའི་སྐབས་ཡས་མས་ཤིག་ལ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཨ་རིའི་སྲིད་འཛིན་དང་འཇར་མན་སྲིད་འཛིན་གཉིས་སོ་སོར་ཕྱག་བྲིས་རེ་གཏོང་གནང་མཛད་ནའང་གཉིས་ཀ་ཕལ་ཆེར་འབྱོར་མེད་ཚོད།
༡༩༣༩ ལོར། འཛམ་གླིང་འཁྲུག་ཆེན་གཉིས་པ་ལངས།
༡༩༤༠ ལོར། ༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་དབྱིན་ཇིའི་གོང་མ་དང་རྒྱ་གར་དབྱིན་གཞུང་། རྒྱ་ནག བལ་པོ། འབྲུག་སོགས་ཀྱི་སྐུ་ཚབ་ཀྱིས་ཁྲི་ཕེབས་རྟེན་འབུལ་ཞུས། དེ་དུས་རྒྱ་ནག་གི་སྐུ་ཚབ་བོད་སོག་ལས་ཁུངས་ཀྱི་འགོ་གཙོ་ཝུའུ་ཀྲུང་ཤིན་གྱིས་མཛད་སྒོ་གཙོ་སྐྱོང་བྱས་ལུགས་དང་རྒྱལ་བའི་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ངོས་འཛིན་ཆོག་མཆན་སྤྲད་ལུགས་སོགས་ཀྱི་རྫུན་གཏམ་བསྒྲགས།
དྲུག་པ། གཙོ་བོར་དབྱིན་ཇི་དང་། ཨ་རི། རྒྱ་གར། རྒྱ་ནག་གུང་ཁྲན་ཏང་། མཉམ་འབྲེལ་རྒྱལ་ཚོགས་སོགས་དང་འབྲེལ་བ།
(ཕྱི་ལོ་ ༡༩༤༡ ནས་ ༡༩༥༡ བར།)
༡༩༤༡ ལོར། ཉི་ཧོང་དང་རྒྱ་ནག་གི་དམག་འཁྲུག་སྐབས་ཨ་རི་དང་དབྱིན་ཇི་སོགས་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་རྒྱ་གར་ནས་བོད་བརྒྱུད་རྒྱ་ནག་ཏུ་བགྲོད་ལམ་བཟོ་ཆོག་པ་དང་དམག་མཁོའི་ཡོ་ཆས་འདྲེན་ཆོག་པ་ཞེས་བོད་གཞུང་ལ་ཞུས་པར་བོད་ནི་བར་གནས་རྒྱལ་ཁབ་ཡིན་པས་མི་འགྲིག་ཅེས་ཁས་ལེན་མ་གནང་།
༡༩༤༢ ལོར། (ཀ) བར་སྐབས་ཉམས་ཞན་དུ་སོང་བའི་བོད་གཞུང་ཕྱི་རྒྱལ་ལས་ཁུངས་སླར་གསོ་གནང་བའི་འགོ་འཛིན་(ཕྱི་འབྲེལ་དྲུང་ཆེ།)དུ་ཛ་སག་ཟུར་ཁང་ཟུར་པ་དང་། ཏཱ་བླ་མ་དཀོན་མཆོག་འབྱུང་གནས་གཉིས་བསྐོས། (ཁ) ལྷ་སར་ཨ་རིའི་གཞུང་གི་སྐུ་ཚབ་དཔོན་རིགས་གཉིས་འབྱོར་ཞིང་། སྐུ་ཚབ་དེ་གཉིས་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རུ་སི་ཝེལ་(Roosevelt)རྣམ་གཉིས་དབར་ཕྱག་བྲིས་དང་ཕྱག་རྟགས་འབུལ་རེས་མཛད། སྐུ་ཚབ་དེས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་གྲིལ་རྗེས་ཀྱི་ཞི་བདེའི་ཚོགས་འདུར་བོད་ཀྱི་སྐུ་ཚབ་ཞུགས་ཐུབ་ཐབས་བྱེད་རྒྱུ་ཡིན་ལུགས་བཤད་ཀྱང་རྒྱ་གར་དབྱིན་གཞུང་གིས་བོད་ནི་དམག་འཐབ་ནང་མཉམ་ཞུགས་བྱས་མེད་པས་ཚོགས་འདུ་འདིར་ཞུགས་རྒྱུ་འོས་པོ་མེད་ཚུལ་བཤད་པས་ཞུགས་མ་ཐུབ།
༡༩༤༣ ལོར། (ཀ) དབྱིན་ཇིའི་ཕྱི་འབྲེལ་ལས་ཁུངས་ནས་བོད་ཕྱི་རྒྱ་ཁོངས་ཞེས་པར་ངོས་འཛིན་གྱི་དེ་སྔའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་འགོ་བཏོན་ཀྱང་མཐར་དབྱིན་གཞུང་གིས་སྲིད་ཇུས་སྔ་མ་རང་འཇགས་འཛིན་རྒྱུར་ཐག་གཅོད་བྱས། (ཁ) བོད་གཞུང་གི་རེ་འདུན་ལྟར་རྒྱ་གར་དབྱིན་དམག་གིས་རྒྱལ་རྩེར་བོད་མི་ཚོར་དམག་སྦྱོང་སྤྲད། (ག) བོད་གཞུང་གིས་རྒྱ་གར་ནས་གོ་ལག་དུ་མ་ཉོས། (ང་) ཅང་ཅེ་ཧྲི་རྒྱ་ནག་གི་གཙོ་འཛིན་(ཀྲུའུ་ཞི)ལ་བསྐྱར་དུ་བསྡད་པར་བོད་གཞུང་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཕུལ།
༡༩༤༤ ལོར། (ཀ) བོད་གཞུང་གིས་ལྷ་སྡོད་དབྱིན་ཇིའི་དོན་གཅོད་བརྒྱུད་སློབ་སྤྱི་ཞིག་གླས་ཏེ་ལྷ་སར་དབྱིན་ཡིག་སློབ་གྲྭ་བཙུགས་ཀྱང་ལྷ་སྡོད་རྒྱ་མིའི་གཡོ་ཇུས་འོག་གདན་ས་ཁག་གིས་ངོ་རྒོལ་བྱས་པས་ཟླ་ཤས་རྗེས་སློབ་གྲྭ་དེ་སྒོ་བརྒྱབས། (ཁ) མེག་མོ་ཧོན་ས་ཐིག་དང་འབྲེལ་བའི་མོན་རྟ་དབང་སྐོར་ལ་རྒྱ་གར་དབྱིན་གཞུང་དང་བོད་གཞུང་དབར་བསྐྱར་དུ་གྲོས་མོལ་ལོ་སྔ་ཕྱིར་བྱས་ཀྱང་ཐག་གཅོད་མ་བྱུང་།
༡༩༤༥ ལོར། (ཀ) གོ་མིན་ཏང་གི་གཙོ་འཛིན་ཅང་ཅེ་ཧྲིས་བོད་ལ་ད་ལྟ་རང་སྲིད་རང་སྐྱོང་སྤྲོད་རྒྱུ་དང་། གལ་ཏེ་མ་འོངས་པར་རང་བཙན་གྱི་དགོས་འདུན་བཏོན་ཅིང་ཆབ་སྲིད་དང་དཔལ་འབྱོར་གཉིས་ཆ་ནས་རང་བཙན་གྱི་ཆ་རྐྱེན་ཚང་ཚེ་དེའི་གནས་བབས་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། (ཁ) འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་བས། བོད་གཞུང་གིས་ཛ་སག་ཐུབ་བསྟན་བསམ་འཕེལ་དང་། ཛ་སག་ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བཏང་སྟེ་དབྱིན་ཇི་(རྒྱ་གར་དབྱིན་གཞུང་བརྒྱུད།)དང་། ཨ་རི་(ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་བརྒྱུད།) རྒྱ་ནག་བཅས་ལ་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུས། སྐུ་ཚབ་ཚོགས་པ་དེ་བརྒྱུད་བོད་གཞུང་ནས་རྒྱ་ནག་གོ་མིན་ཏང་གི་གཙོ་འཛིན་ཅང་ཅེ་ཧྲི་ལ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་རྒྱུན་སྐྱོང་དགོས་པ་དང་ས་མཚམས་ཀྱི་གནད་དོན་སོགས་ཀྱི་སྐོར་དོན་ཚན་དགུ་འཁོད་པའི་ཕྱག་བྲིས་ཤིག་ཕུལ་ནའང་ལན་གསལ་མ་བྱུང་། དེ་དུས་རྒྱ་ནག་གི་རྩ་ཁྲིམས་གཏན་འབེབས་ཀྱི་ཚོགས་ཆེན་སྐབས་ཁེལ་བས་སྐུ་ཚབ་རྣམས་ཚོགས་ཆེན་ལ་ཟུར་ཉན་དུ་བཅར། (ག) སྐབས་དེ་དག་ཏུ་རྭ་སྒྲེང་རིན་པོ་ཆེས་རང་ཉིད་ལ་རྒྱལ་ཚབ་ཀྱི་སྐུ་དབང་རང་འཇགས་ཐོབ་ཆེད་རྒྱ་ནག་གོ་མིན་ཏང་ལ་དམག་རོགས་ཡོང་བའི་འབོད་སྐུལ་སྔ་རྗེས་གནང་།
༡༩༤༧ ལོར། (ཀ) ཨ་རི་གཙོར་བྱས་པའི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་དང་ཨུ་རུ་སུ་གཙོར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དབར་གྱི་གྲང་དམག་འཐབ་རྩོད་ཀྱི་འགོ་ཚུགས། (ཁ) རང་བཙན་འཐོབ་ལ་ཉེ་བའི་རྒྱ་གར་གྱི་བར་བརྒལ་གཞུང་གིས་ལྡི་ལིར་སྐོང་ཚོགས་གནང་བའི་ཨེ་ཤི་ཡའི་འབྲེལ་ལམ་ཚོགས་འདུར་ཨེ་ཤི་ཡའི་རྒྱལ་ཁབ་སུམ་ཅུ་ལྷག་གི་སྐུ་ཚབ་གདན་ཞུ་བྱས་པའི་ཁོངས་སུ་གཅིག་མཚུངས་གདན་ཞུ་གནང་བ་ལྟར་བོད་ཀྱི་སྐུ་ཚབ་ཐའི་ཇི་བསམ་ཕོ་ཚེ་དབང་རིག་འཛིན་དང་། མཁན་ཆུང་བློ་བཟང་དབང་རྒྱལ། སྐད་སྒྱུར་སྐྱིད་སྦུག་པ་བློ་བཟང་དབང་འདུས་བཅས་མཉམ་ཞུགས་གནང་། དེའི་སྐབས་སྐུ་ཚབ་རྣམས་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་དང་། པཎྜིཏ་ནེ་ཧལ་རུ་སོགས་རྒྱ་གར་གྱི་དབུ་ཁྲིད་དུ་མ་དང་། ལྡི་ལིར་བཅའ་སྡོད་རྒྱ་ནག་གོ་མིན་ཏང་གི་གཞུང་ཚབ་སོགས་ལ་མཇལ་འཕྲད་གནང་། (ག) དབྱིན་གཞུང་དང་རྒྱ་གར་གཞུང་གཉིས་ཀས་རྒྱ་གར་རང་བཙན་ཐོབ་རྗེས་བོད་ལ་འབྲེལ་བ་འཛིན་སྟངས་སྔར་རྒྱུན་བཞིན་བྱེད་རྒྱུའི་ཡི་གེ་འབྱོར། རྒྱ་གར་རང་བཙན་ཐོབ་པར་བོད་གཞུང་གིས་བཀྲ་ཤིས་བདེ་ལེགས་སོགས་ཀྱི་འཚམས་འཕྲིན་བཏང་། དབྱིན་ཇིས་རྒྱལ་རྩེ་དང་། སྣ་གདོང་། སྒར་ཐོག་བཅས་སུ་ཡོད་པའི་ཚོང་དོན་སྐུ་ཚབ་དང་། ལྷ་སར་ཡོད་པའི་དོན་གཅོད་རྣམས་རྒྱ་གར་གཞུང་གི་མིང་ཐོག་བསྒྱུར། (ང་) ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་དང་། མཁན་ཆུང་ཆང་ཁྱིམ་པ། སྤོམ་མདའ་རིམ་བཞི། ཟུར་ཁང་མདའ་དཔོན་བཅས་ལས་གྲུབ་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་རྣམས་རྒྱ་གར་དང་། རྒྱ་ནག ཨ་རི། དབྱིན་ཡུལ་བཅས་སུ་བོད་རང་གི་ཕྱི་བསྐྱོད་ལག་འཁྱེར་སྟེང་ནས་ཕེབས་ཤིང་། རྒྱ་གར་གྱི་སྲིད་བློན་ནེ་ཧལ་རུ་དང་། རྒྱ་ནག་གི་སྲིད་འཛིན་ཅང་ཅེ་ཧྲི། ཨ་རིའི་རྒྱལ་དོན་བློན་ཆེན། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་སོགས་ལ་མཇལ་འཕྲད་ཞུས་ཏེ་ཚོང་དོན་དང་སྲིད་དོན་སྐོར་ཡང་བཀའ་མོལ་གནང་། (ཅ) རྒྱ་ནག་གི་གོ་གུང་དམག་འཁྲུག་ནང་གོ་མིན་ཏང་ཕམ་པའི་སྐབས་དང་བསྟུན་ལྷ་སར་ཡོད་པའི་རྒྱ་ནག་གོ་མིན་ཏང་གི་སྐུ་ཚབ་དོན་གཅོད་ཀྱིས་གཙོས་རྒྱ་མི་ཡོངས་རྫོགས་ཕྱིར་ཕུད་བཏང་།
༡༩༤༨ ལོར། (ཀ) ལྷ་སའི་རླུང་འཕྲིན་བཙུགས་ཏེ་བོད་ཀྱིས་ཕྱི་རོལ་འཛམ་གླིང་ལ་གནས་ཚུལ་རྒྱང་སྲིང་ཐེངས་དང་པོ་བྱས། (ཁ) ཅང་ཅེ་ཧྲི་རྒྱ་ནག་གི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་བོད་གཞུང་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་བཏང་། (ག) ཞྭ་སྒབ་པ་སོགས་བོད་ཀྱི་ཚོང་དོན་སྐུ་ཚབ་རྣམས་དབྱིན་ཡུལ་ནས་རྒྱ་གར་དུ་ཕྱིར་འབྱོར་སྐབས་ལྡི་ལིར་བོད་གཞུང་གི་གཞུང་ཚབ་ཅིག་འཛུགས་རྒྱུ་རྒྱ་གར་གཞུང་ལ་ཞུས་པར་དེ་བཙུགས་ན་མཛད་དཀའ་ཡོང་ཞེས་ཁས་ལེན་མ་བྱས་ནའང་། ཚོང་དོན་མཇུག་སྐྱོང་ཆེད་ཚོང་དོན་ལས་ཁུངས་ཤིག་འཛུགས་ཆོག་པ་དང་དེ་བརྒྱུད་སྲིད་དོན་གྱི་འབྲེལ་བའང་གནང་ཆོག་གསུངས། འོན་ཀྱང་ཚོང་དོན་ལས་ཁུངས་དེ་ལྡི་ལིར་འཛུགས་མ་ཐུབ་པར་ཀ་ལི་ཀ་ཏར་བཙུགས། (ཨ་རི་དང་དབྱིན་ཡུལ་དུའང་བོད་ཀྱི་ཚོང་དོན་སྐུ་ཚབ་རེ་འཇོག་རྒྱུའི་བཀའ་མོལ་བྱུང་ཡོད་པ་འདྲ།)
༡༩༤༩ ལོར། (ཀ) ཟླ་ ༡ ནང་རྒྱ་གར་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལོའེ་ཧན་ཌིར་སོན་ (Loy Henderson) གྱིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསང་ཏར་ཕུལ་བའི་ནང་། གལ་སྲིད་དམར་ཤོག་གིས་རྒྱ་ནག་ཡོངས་སུ་དབང་བསྒྱུར་བྱས་ཚེ། ཨ་རིའི་གཞུང་ངོས་ནས་དེ་སྔ་རྒྱ་ནག་ལ་བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱས་ཡོད་པ་དེའི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ། ངེས་པར་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དགོངས་པ་བཞེས་དགོས་པ་དང་། དེ་ནི་ཨ་རིའི་དགོས་མཁོ་སྟེ་ཨེ་ཤི་ཡའི་ཤར་ལྷོ་ཕྱོགས་ནས་རྒྱ་ནག་དམར་ཤོག་བཀག་སྡོམ་བྱེད་པའི་དགོས་མཁོ་དང་བསྟུན་དགོས་ཚུལ་ཞུས། གནས་ཚུལ་དེ་རྒྱལ་སྤྱིའི་གུང་ཁྲན་(གཙོ་བོ་ཨུ་རུ་སུའི་དམར་ཤོག)ཞེས་པའི་དམར་ཤོག་ཚོགས་པར་ཐོབ་སྟེ། སི་ཏཱ་ལེན་གྱིས་བོད་ལ་རང་བཙན་ཐོབ་ན་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མཐུན་པ་དང་། གྲང་དམག་འཐབ་རྩོད་ཁྲོད་རང་ཕྱོགས་ལ་རྒྱལ་ཁ་འཐོབ་རྒྱུའི་འགལ་རྐྱེན་དུ་འགྱུར་བར་ངོས་འཛིན་གྱིས་གྲངས་ཉུང་མི་རིགས་ལ་རང་སྐྱོང་སྤྲོད་རྒྱུ་ལས་རང་བཙན་སྤྲོད་མི་རུང་ཞེས་རྒྱ་ནག་དམར་ཤོག་གཞུང་ལ་སློབ་སྟོན་བྱས། རྒྱ་ནག་གིས་ཀྱང་དེ་བཞིན་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་མི་རིགས་རང་ཐག་རང་གཅོད་ཀྱི་ལམ་ལུགས་མེད་པར་བཟོས་ནས་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་བཟོས། (ཁ) རྒྱ་ནག་རྒྱལ་ཁབ་གསར་ཚུགས་དང་འབྲེལ་བོད་བཅིངས་གྲོལ་གཏོང་རྒྱུ་ཡིན་ལུགས་རྒྱ་ནག་དམར་ཤོག་གཞུང་གིས་ཁྱབ་བསྒྲགས་བྱས་པས། བོད་ཀྱི་ཕྱི་རྒྱལ་ལས་ཁུངས་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་ལ་ཡི་གེ་བཏང་སྟེ་བོད་འདི་སྔར་ནས་བཟུང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ལུགས་གསལ་སྟོན་བྱས། (ག) ཨ་མདོར་བཞུགས་པའི་༸པཎ་ཆེན་རིན་པོ་ཆེའི་སྐུ་འཁོར་ཚོས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་མཚན་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་མའོ་ཙེ་ཏུང་དང་། ཀྲུའུ་ཏེ། ཕིང་ཏེ་ཧུའི་སོགས་ལ་འཚམས་འཕྲིན་བཏང་སྟེ་རྒྱལ་ཁབ་གསར་པ་དབུ་བརྙེས་པར་རྟེན་འབྲེལ་དང་། བོད་བཅིངས་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས། བོད་གཞུང་ནས་དབྱིན་ཇི་དང་ཨ་རི་ལ་ཞི་དྲག་གི་རོགས་རམ་ཡོང་བའི་ཡི་གེ་ཕུལ་ཀྱང་རེ་འབྲས་མ་སོན་པས་བསྐྱར་དུ་དབྱིན་ཇི་དང་། ཨ་རི། བལ་ཡུལ། རྒྱ་གར་བཅས་སུ་ཞི་དྲག་གི་རོགས་རམ་དང་ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་སྐུལ་ཐབས་འཚོལ་ཞུ་ཆེད་སྐུ་ཚབ་ཚོགས་པ་རེ་རེ་གཏོང་རྒྱུའི་གྲ་སྒྲིག་གནང་ནའང་དབྱིན་ཇི་དང་ཨ་རིས་འཐད་མོས་མ་བྱས་པས་དེ་བཞི་ཀར་སྐུ་ཚབ་གཏོང་རྒྱུ་ཕྱིར་འཐེན་གནང་། (ཅ) ཕྱོགས་གཞན་ཞིག་ནས་རྒྱ་གར་གྱི་སྲིད་བློན་ནེ་ཧལ་རུ་དང་ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཧན་ཌིར་སོན། རྒྱ་ནག་དམར་ཤོག་གི་དམག་སྤྱི་ཀྲུའུ་ཏེ་བཅས་སོ་སོས་སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་བརྒྱུད་བོད་གཞུང་ལ་འབྲེལ་བ་གནང་སྟེ། རྒྱ་གར་དང་ཨ་རིས་བོད་ལ་དམག་དོན་རོགས་རམ་གནང་རྒྱུ་དང་། རྒྱ་ནག་གིས་པེ་ཅིན་དུ་གྲོས་མོལ་གནང་མཁན་སྐུ་ཚབ་གཏོང་དགོས་ལུགས་བཤད། (སྐབས་དེར་ཨ་རིས་བོད་ལ་གསང་བའི་སྒོ་ནས་དམག་དོན་རྒྱབ་སྐྱོར་བྱེད་རྒྱུའི་འགོ་བཙུགས་པ་ནི་གོང་སྨོས་ལྟར་གཙོ་བོར་ཨུ་རུ་སུ་དང་རྒྱ་ནག་སོགས་དམར་ཤོག་ལ་རྒོལ་བའི་སྐབས་དེའི་གྲང་དམག་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཡིན་པ་ལས་བོད་ཀྱི་ཆེད་དུ་དམིགས་པ་ཞིག་མིན་པར་བཤད།)
༡༩༥༠ ལོར། (ཀ) བོད་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་དང་གྲོས་མོལ་གནང་མཁན་དུ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་དང་རྩེ་ཕྱག་མཁན་ཆུང་ཐུབ་བསྟན་རྒྱལ་པོ་གཉིས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་བརྒྱུད་ཧོང་ཀོང་དུ་བཏང་ནའང་ཧོང་ཀོང་དུ་འགྲོ་རྒྱུར་དབྱིན་ཇིས་ཐོངས་མཆན་མ་སྤྲད་པས་རྒྱ་གར་དུ་རྒྱ་ནག་དམར་ཤོག་གི་གཞུང་ཚབ་གསར་པ་དང་མཇལ་འཕྲད་ཀྱིས་བཀའ་མོལ་གནང་ཞིང་། རྒྱ་གར་སྲིད་བློན་ནེ་ཧལ་རུ་དང་ཕྱི་སྲིད་དྲུང་ཆེ། ལྡི་ལིར་བཅའ་སྡོད་ཨ་རིའི་གཞུང་ཚབ་དང་བལ་ཡུལ་གཞུང་ཚབ་སོགས་ལའང་མཇལ་མོལ་གནང་། (ཁ) དུས་མཚུངས་སུ་བོད་གཞུང་གིས་རྒྱ་གར་དང་ཨ་རི་གཉིས་ལ་དམག་དོན་རོགས་རམ་སྐོར་བཀའ་མོལ་ཞུ་ཆེད་ཚོང་དོན་སྐུ་ཚབ་ཚོགས་པ་ཞེས་བཏགས་པ་ཟུར་ཁང་མདའ་དཔོན་དང་མཁན་ཆུང་བློ་བཟང་ཚེ་དབང་སོགས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དུ་བཏང་ནའང་རྒྱ་གར་གཞུང་གི་དེ་སྔའི་བསམ་བློ་ལ་འགྱུར་བ་ཐེབས་པས་ཁས་ལེན་མ་བྱས་ཤིང་། ཨ་རིའི་གཞུང་ཚབ་ལ་ཐུག་རྒྱུ་ནི་ཕྱིར་འཐེན་བྱས།(དེ་ནི་བོད་རྒྱའི་གྲོས་མོལ་ལམ་ལྷོང་ཆེད་ཡིན་པར་བཤད།) (ག) བོད་རྒྱའི་གྲོས་མོལ་འགོ་མ་བཙུགས་གོང་རྒྱ་དམག་གིས་ཁམས་ཁུལ་ནས་བཙན་འཛུལ་བྱས་པར་བོད་དམག་གིས་འཐབ་ཀྱང་བཟློག་མ་ཐུབ་པས་ཆབ་མདོ་ཤོར། མདོ་སྤྱི་ང་ཕོད་ངག་དབང་འཇིགས་མེད་སོགས་རྒྱ་ལག་ཏུ་ཚུད། (ང་) ཞྭ་སྒབ་པ་སོགས་རྒྱ་གར་དུ་ཟླ་བ་བརྒྱད་ཙམ་ལྷག་རྗེས་པེ་ཅིང་དུ་ཕེབས་ཐོན་གནང་ལ་ཉེ་བའི་མཚམས་སུ་བཀའ་ཤག་གིས་འཆར་གཞི་ལ་འགྱུར་བ་བཏང་སྟེ་སྐུ་ཚབ་ཚོགས་པ་དེ་ཕྱིར་བསྡུ་གནང་། (ཅ) བོད་གཞུང་གིས་ཕྱི་ཟླ་ ༡༡ ནང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་ལ་སྟངས་འཛིན་གནང་རོགས་ཞེས་ཞུ་གཏུགས་ཐེངས་དང་པོ་བྱས་ཤིང་། རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུའི་འདྲ་བཤུས་རེ་རྒྱ་གར་གཞུང་དང་། དེ་བཞིན་ལྡི་ལིར་བཅའ་སྡོད་དབྱིན་ཇི་དང་། ཨ་རི། བལ་ཡུལ། ཧྥ་རན་སི། ཨི་ཊ་ལི། ཨོ་སེ་ཀྲོ་ལི་ཡ། ཁེ་ན་ཊ། འབར་མ། སི་ལོན། ཐའེ་ལན། ཨིན་ཌོ་ནི་ཤི་ཡ། བྷེལ་ལྗམ། ཧོ་ལན་ཌི་བཅས་ཀྱི་གཞུང་ཚབ་སོ་སོར་ཕུལ་ཏེ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཀྱང་དེ་དག་གི་རྒྱབ་སྐྱོར་མ་ཐོབ། འོན་ཀྱང་ལྷོ་ཨ་རིའི་རྒྱལ་ཁབ་ཨལ་སལ་བ་ཌོར་ནས་རྒྱབ་སྐྱོར་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་ཞུ་གཏུགས་སྐོར་གྲོས་འགོ་བཏོན་སྐབས། གཙོ་བོ་དབྱིན་ཇི་དང་རྒྱ་གར་གཉིས་ཀྱི་སྐུ་ཚབ་ཀྱིས་བོད་ཀྱི་གནས་བབས་ནི་ཁྲིམས་ཐོག་ནས་གསལ་པོ་མེད་པ་དང་བོད་ཀྱི་དཀའ་རྙོག་ནི་ཞི་བའི་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད་པས་རྒྱལ་ཚོགས་ནས་གྲོས་བསྡུར་གནང་རྒྱུ་ངང་འཐེན་བྱས་ན་ལེགས་ཚུལ་བརྗོད་པའི་རྐྱེན་གྱིས་བོད་ཀྱི་ཞུ་གཏུགས་དེར་དོན་འབྲས་མ་སོན། (ཆ) དེའི་ཟླ་བ་རྗེས་མའི་ནང་བོད་གཞུང་གིས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ལ་༸སྙན་ཞུ་ཐེངས་གཉིས་པ་ཕུལ་ཏེ། རྒྱ་བོད་ཀྱི་གནས་སྟངས་གསལ་རྟོགས་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་སྐུ་ཚབ་ཅིག་བོད་དུ་ཕེབས་གནང་ཡོང་བའི་གདན་ཞུ་ཕུལ་ཞིང་། དེའི་དོན་དུ་ཟུར་ཁང་ཛ་སག་དང་། ཛ་སག་རྒྱས་རྟགས་པ། མཁན་ཆུང་ཆོས་འཕེལ་ཐུབ་བསྟན། རྩེ་ཕྱག་ཐུབ་བསྟན་རྒྱལ་པོ། རྩིས་དཔོན་ཞྭ་སྒབ་པ་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་ངོ་གཅར་ཆེད་བཏང་བ་རྒྱ་གར་དུ་འབྱོར་ཏེ་དབྱིན་ཇི་དང་། ཨ་རི། ཁེ་ན་ཊ་བཅས་ལ་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུས་པར་ཨ་རིས་རྒྱབ་སྐྱོར་བྱ་རྒྱུའི་ལན་གསལ་བྱུང་། དེ་དུས་ཨ་རིའི་གཞུང་གིས་དབྱིན་ཇིའི་གཞུང་ཚབ་ལ། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་མ་ཟད། བོད་རང་བཙན་ཡིན་པར་ངོས་འཛིན་བྱེད་རྒྱུའི་སྐོར་ལ་དགོངས་བཞེས་གནང་ཆོག་ཚུལ་བཤད། འོན་ཀྱང་སྐབས་དེར་བོད་ཤར་ཕྱོགས་ཁུལ་དུ་གནས་སྟངས་ཛ་དྲག་ཏུ་གྱུར་པས་བོད་གཞུང་གིས་ཞུ་གཏུགས་དེ་ཕྱིར་འགྱངས་ཀྱིས་ལམ་སེང་རྒྱ་ནག་གཞུང་དང་གྲོས་མོལ་གནང་ཐབས་བྱས།
༡༩༥༡ ལོར། བོད་གཞུང་གིས་རྒྱ་ནག་གཞུང་དང་གྲོས་མོལ་གནང་ཆེད་ང་ཕོད་ངག་དབང་འཇིགས་མེད་ཀྱིས་གཙོས་མཁན་ཆུང་ཐུབ་བསྟན་ལེགས་སྨོན། བསམ་ཕོ་སྲས་བསྟན་འཛིན་དོན་འགྲུབ། ཛ་སག་ཁེ་སྨད་བསོད་ནམས་དབང་འདུས། མཁན་དྲུང་ཐུབ་བསྟན་བསྟན་དར་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིན་དུ་བཏང་སྟེ་གྲོས་མོལ་བྱས་མཐར། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གི་འཇིགས་སྐུལ་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བོད་ཀྱི་སྐུ་ཚབ་ཚོས་མི་འདོད་བཞིན་དུ་མིང་རྟགས་བཀོད་དེ་བོད་ཀྱི་སྣོད་བཅུད་གཉིས་ཀར་གོད་ཆག་བློ་ཡུལ་ལས་འདས་པ་ཞིག་བྱུང་དང་འབྱུང་བཞིན་པ་འདིའོ།།
དེ་ལྟར་ལོ་ངོ་དྲུག་ཅུའི་རིང་བྱུང་བའི་བོད་དང་ཕྱིའི་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བའི་གནས་ཚུལ་དེ་དག་ལ་བརྟེན་ནས་བོད་རང་ཉིད་ལ་ཕན་གནོད་ཅི་འདྲ་ཞིག་བྱུང་ཡོད་མེད་ནི་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་ཏེ་བརྗོད་དགོས་པའི་བརྗོད་བྱ་གཞན་ཞིག་ཡིན་པས་འདིར་ཞིབ་ཏུ་གླེང་བའི་རྔོ་མི་ཐོགས་ནའང་། རགས་པ་སྤྱི་ཡི་རིམ་པ་ཙམ་ནི། གཙོ་བོར་དབྱིན་ཇི་དང་། ཨུ་རུ་སུ། ཨ་རི། རྒྱ་གར། རྒྱ་ནག་བཅས་ཀྱིས་རང་རང་གི་ཁེ་ཕན་གྱི་ཆེད་དུ་བོད་ཀྱི་ཐོག་ལ་ལག་པ་རིང་ཐུང་སྣ་ཚོགས་ཤིག་བརྐྱངས་པའི་མཐའ་མར་བོད་འདི་གྲང་དམག་འཐབ་རྩོད་ཀྱི་འཐབ་རོལ་ཏུ་ཚུད་ཅིང་། དེའི་སྐབས་ཨུ་རུ་སུའི་སློབ་སྟོན་ལྟར་རྒྱ་ནག་གིས་ལམ་སེང་བོད་འདི་བཙན་བཟུང་བྱས་ཏེ་དམར་པོའི་ཤོག་ཁག་གི་སྟོབས་ཤུགས་འཛམ་གླིང་ལ་རྒྱ་བསྐྱེད་གཏོང་སའི་གཡུལ་ས་གསར་པ་ཞིག་དང་རྒྱ་ནག་གི་མི་སེར་སྤེལ་ཡུལ་གསར་པ་ཞིག་ཏུ་གྱུར། ཨུ་རུ་སུ་འཐོར་ཞིག་ཏུ་སོང་བ་དང་མཉམ་དུ་གྲང་དམག་མཇུག་བསྒྲིལ་བར་བཤད་ནའང་། དོན་དངོས་སུ་གྲང་དམག་འཐབ་རྩོད་ཀྱི་རྒྱུན་ད་ལྟའང་ཆད་མེད་པ་དང་། གྲང་དམག་གི་མཇུག་དངོས་སུ་མ་བསྡུས་བར་དུ་བོད་འདིའང་གྲང་དམག་རྒྱག་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཚོའི་དབར་གྱི་ཆབ་སྲིད་ཀྱི་རྩེད་ཆས་སུ་འདི་མུར་ལྷག་རྒྱུ་ལྟ་བུ་ལས་མེད་ཅིང་། ད་ལྟའི་གནས་སྟངས་ལ་བལྟས་ཚེ་གྲང་དམག་གི་མཇུག་དངོས་སུ་བསྡུ་རྒྱུ་ནི་རྨི་ལམ་ཙམ་དུ་ཟད་པས། བོད་རང་གི་ཆིག་སྒྲིལ་དང་སྲིད་འབྱོར་རིག་གསུམ་གྱི་ནུས་ཤུགས་སྔར་བས་ཇེ་ཆེར་བཏང་སྟེ་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཚོའི་དབར་གྱི་ཆབ་སྲིད་ཀྱི་རྩེད་རྭའམ་གྲང་དམག་གི་འཐབ་རྭ་ལས་ཡོངས་སུ་ཐར་ཐུབ་པ་ཞིག་བྱེད་རྒྱུ་ནི་གནད་ཀྱི་དོན་པོར་སེམས་སོ། །
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༡ ལ།
ཐུགས་རྗེ་ཆེ། བློ་སྐྱེད་མི་དམན་པ་ཐོབ་སོང་།
ཧཧ་་ད་ང་ཚོའི་རྩོད་དགོས་པའི་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་མ་རྩོད་ནས་མི་དགོས་པའི་ཆབ་སྲིད་སྟོང་པའི་ཁ་སྒྲུང་ལྔ་དང་ལྔ་བཅུའི་འཆར་སྣང་དང་དྲུག་དང་དྲུག་བཅུའི་ཕྱི་འབྲེལ་བཤད་ནས་མི་ཡུལ་དུ་དབུ་མའི་ལམ་རྔས་ལ་བཅུག་ནས་ཉལ་འདོད་མ་རེད་དམ།