རྩོམ་པ་པོ། སོག་མདའ།།
གླུ་ཨ་ལ་ཨ་ལ་ཨ་ལ་ལེན།།
གླུ་ཐ་ལ་ཐ་ལ་ཐ་ལ་ལེན།།
གླུ་ཐ་ལ་ཐེངས་གསུམ་མ་བླངས་ན།།
ངའི་སྟོང་བའི་དབྱངས་འདི་འགུགས་ལེ་དཀའ།།
གནས་དཔལ་རི་རི་ཡི་ཕོ་བྲང་ནས།།
ལྷ་ཨུ་རྒྱན་པད་མ་འབྱུང་གནས་མཁྱེན།།
འཁོར་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར།
ས་གླིང་དཀར་སྟོད་ཀྱི་ས་ཆ་ནས།།
གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་མཁྱེན།།
འཁོར་དཔའ་རྟུལ་སུམ་བཅུའི་བསྐོར་ནས་བཞུགས།།
ས་འདི་ཡི་ས་ངོ་མ་ཤེས་ན།།
འདི་ཡོ་རོབ་གླིང་གི་དཀྱིལ་སྙིང་གི།
གནས་ལྗོན་བཟང་ཚང་ཚིང་འཁྲིགས་པའི་ཀློངས།
ཆུ་ཡན་ལག་བརྒྱད་ལྡན་འབབ་སའི་མགོ།།
རི་ལྷུན་ཆགས་རི་བོ་སྤུན་གསུམ་ལ།།
རྗེ་བླ་མའི་ཞབས་ཀྱིས་བཅགས་པའི་གནས།།
ལྷ་རིགས་གསུམ་མགོན་པོའི་གནས་རི་ཞེས།
མགོན་སྐྱེས་བུ་དམ་པའི་བྱིན་གྱིས་རླབས།།
རྟ་འདོ་བའི་འཚེར་སྐད་སིང་སིང་སིང་།།
འབྲི་ཐུལ་མས་འུར་སྒྲ་འུ་རུ་རུ་རུ།།
བྱ་བྱེའུ་ཚོགས་སྐད་སྒྲ་གྱུ་རུ་རུ་རུ།།
གནས་དབེན་ཡུལ་བཀྲ་ཤིས་རབ་བརྟན་གླིང་།།
ཆོས་དཀར་བོའི་དུང་སྐད་སྒྲོགས་ས་ཡིན།།
མགོན་ཉམ་ཐག་བྱམས་ཀྱིས་སྐྱོང་ས་ཡིན།།
མཐོ་ཇོ་དར་རྒྱལ་མཚན་བསྒྲེངས་ས་ཡིན།།
བསང་དུད་སྤྲིན་སྨུག་ལུང་འཐིབས་ས་ཡིན།།
གནས་འདི་རུ་གནས་པའི་མི་ཕྱུགས་ཀུན།།
འཚེ་མི་འདོད་འཁྲུགས་རྩོད་རབ་ཞི་ནས།།
བག་ཞི་བདེའི་དཔལ་ལ་རོལ་ནས་ཡོད།།
མི་ང་དང་ང་ངོ་མ་ཤེས་ན།
ང་སྐྱེས་ཡུལ་གངས་ཅན་བོད་ཡུལ་གྱི།།
ས་རྩེ་གཞུང་རིང་མོས་འགྲམ་ངོགས་ནས།།
རྟ་འདོ་བ་གཞོན་ནས་གཉོམ་ལག་རྒྱས།།
ལུས་རྩལ་དྲུག་རྫོགས་པ་དེ་དོན་རེད།།
དཀར་འོ་མ་འཐུང་ནས་ལུས་སྟོབས་རྒྱས།།
ལུས་བྱད་གཟུགས་ཡག་པ་དེ་དོན་རེད།།
ཕ་རྒོད་པོ་ཞིག་གི་བསྐྱངས་ནི་ཡིན།
བློ་ཁོག་རྒྱ་ཡངས་པ་དེ་དོན་ཡིན།།
མ་བྱམས་སེམས་ཅན་པོས་གཅེས་ཕྲུག་བྱས།།
བྱམས་སྙིང་རྗེ་ཆེ་བ་དེ་དོན་ཡིན།།
མི་གཅིག་ལ་མིང་གཉིས་ཐོག་ལེ་ཡིན།
དྲིན་ཕ་མའི་དང་པོ་མིང་ཞིག་བཏགས།
མིང་བཏགས་པ་བཀྲ་ཤིས་རབ་བརྟན་ཡིན།།
བར་ཨ་མྱེ་རྒན་པོའི་མིང་ཞིག་གནང་།།
མིང་མགོན་པོ་སྐྱབས་ཞེས་ཡོངས་སུ་གྲགས།།
དོན་ཡིན་ལུགས་བཤད་ན་འདི་མོ་རེད།།
འདིར་གསོན་དང་ཞུ་བའི་སྙིང་པོ་ལ།།
རྗེ་བླ་མ་དཔལ་དགྱེས་རྡོ་རྗེ་མཆོག།
དཔའ་དགྲ་ལྷའི་སྤྲུལ་བའི་སྐྱེས་བུ་ལགས།།
དབྲ་བསེ་ཁྱུང་གླིང་དཀར་སྟོད་ཀྱི་ཡུལ།།
གནས་འདི་རུ་འཁྲུངས་པ་བསྐལ་བ་བཟང་།།
མ་འགྲོ་དྲུག་ཐར་བའི་དོན་ཆེན་ཕྱིར།།
རྗེ་བླ་མའི་ཡང་སྲིད་འཁྲུལ་མེད་ལ།
སྐུ་སླར་ཡང་བྱོན་པ་བཀའ་དྲིན་ཆེ།
སྐུ་ན་སོ་ཧ་ཅང་ཕྲ་བའི་དུས།
དྲིན་ཕ་མ་བཞག་ནས་ཆོས་གྲྭ་འགྲིམས།།
རྗེ་བླ་མ་བཟང་པོའི་བྱིན་རླབས་ཀྱིས།།
ཆོས་བདུད་རྩིའི་བཅུད་བཟང་ཐུགས་ཀྱིས་མཁྱེན།།
གནས་ངེས་མེད་རི་ཁྲོད་འགྲིམས་འགྲིམས་ནས།།
ནང་རྟོགས་པ་འབར་བ་ཀློང་དུ་བརྡོལ།།
རྗེ་ཕེབས་པ་རྒྱ་ནག་ཡུལ་ངུ་ཕེབས།
རྒྱ་ནག་པོའི་གནས་རི་བྱིན་རླབས་ཅན།།
གནས་རི་བོ་རྩེ་ལྔའི་ཞིང་ལ་ཕེབས།
ལྷ་འཇམ་དཔལ་དབྱངས་ཀྱིས་བྱིན་རླབས་ཞུས།།
རྗེ་ཕེབས་པ་རྒྱ་གར་ཡུལ་ལ་ཕེབས།།
གནས་རྡོ་རྗེའི་གདན་གྱི་ཞིང་ལ་ཕེབས།།
མགོན་ཟས་གཙང་སྲས་ཀྱི་བྱིན་རླབས་ཞུས།།
རྗེ་བཞུགས་པ་དབྱིན་ཡུལ་དཔལ་དུ་བཞུགས།།
གནས་མི་འགྱུར་ཀུན་བཟང་ཆོས་གླིང་ནས།།
འབངས་བརྩེ་བའི་འགྲོ་དོན་བསྐྱངས་ནས་བཞུགས།།
ཡང་གསོན་དང་ཞུ་སྙིང་འདི་འདྲ་ལགས།།
སྟོད་གངས་དཀར་ལྷུན་པོའི་ཡང་སྟེང་ན།
སེང་དཀར་མོའི་གཡུ་རལ་ངོམས་ནས་ཡོད།།
ནགས་རྒྱ་རྫོང་ཕྱུགས་མོའི་ནང་ཤེད་ལ།།
སྟག་དམར་ཡག་འཛུམ་དྲུག་འཁྱིལ་ནས་ཡོད།
སྟོན་ཟླ་གསུམ་འཁྱིལ་བའི་སྤང་ལུང་ན།།
ཝ་དམར་པོའི་གྲལ་ཁ་འཛོམས་ནས་ཡོད།།
ལས་དེ་གསུམ་འཛོམས་པའི་རྟེན་འབྲེལ་གྱིས།།
རྗེ་བླ་མའི་སྐུ་ཚེ་བརྟན་ནས་བཞུགས།།
སྐྱིད་གཡང་ཁྱིམ་ཚང་གི་ཡར་དཀྱིལ་ན།
དྲིན་ཨ་མའི་སྐུ་ཚེ་རིང་ནས་ཡོད།།
དགོན་ཀུན་བཟང་ཆོས་གླིང་ཕོ་བྲང་ན།
འབངས་ཆོས་གྲོགས་ཐུགས་སེམས་འདྲིས་ནས་ཡོད།།
བོད་གངས་ཅན་ཁ་བའི་ཡུལ་ལྗོངས་ན།།
ནང་ཕུ་ནུའི་ཕྱིར་ཕེབས་སྒུག་ནས་ཡོད།།
ལས་དེ་གསུམ་འཛོམས་པའི་རྟེན་འབྲེལ་ལ།།
རྗེ་བླ་མའི་སྐུ་ཚེ་བརྟན་ནས་བཞུགས།།
ད་མང་པོ་ཞུས་ནས་དོན་གོ་ཆུང་།།
དོན་ཡིན་ལུགས་བརྗོད་ན་འདི་འདྲ་གདའ།
རྗེ་བླ་མའི་སྐུ་ཚེ་རིང་པ་ལ།།
ལྷ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག།།
རྗེ་བླ་མའི་གསུངས་དབྱངས་སྙན་པ་ལ།།
ལྷ་འཇམ་དཔལ་དབྱངས་ཀྱིས་བཀྲ་ཤིས།།
རྗེ་བླ་མའི་ཐུགས་སེམས་དྭངས་པ་ལ།།
རྗེ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག།
སྐུ་མི་འགྱུར་རྡོ་རྗེའི་གོ་འཁྲབ་ལ།།
གླིང་སེང་ཆེན་རྒྱལ་པོའི་བཀྲ་ཤིས་ཤོག།
གླུ་འཁྲུལ་བ་བྱུང་ན་མཐོལ་ལོ་གཤགས།།
ངག་འཆལ་བ་བྱུང་ན་བཟོད་པར་གསོལ།
རྗེ་བླ་མའི་ཐུགས་ལ་འདི་ལྟར་ཞུ།།
སྤྱི་ལོ་༢༠༡༧་ལོའི་ཟླ་༡༠་ཚེས་༦་ཉིན་རང་ཤག་ནས་བྲིས་པ་དགེ་ལེགས་འཕེལ།