སྐྱོ་བྲག་དགའ་དབང་།
ཨོཾ་སྭསྟི།
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་པ། །
རི་བོ་གྲུ་འཛིན་རྩེ་ན་སྤྱན་རས་གཟིགས། །
ཁ་བ་ཅན་ན་དཔལ་ལྡན་ཀརྨ་པར། །
གྲགས་པའི་གདུགས་དཀར་འཛིན་པ་མཆོག་ལ་འདུད། །
རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་གསང་བའི་བདག །
རྒྱལ་གསུང་བཀའ་ཡི་སྡུད་པོ་ཀུན་དགའ་བོ། །
རྒྱལ་མཆོག་ཀརྨ་པ་ཡི་གདུང་འཛིན་པ། །
རྒྱལ་ཚབ་གོ་ཤྲི་ཆེན་པོའི་ཞབས་ལ་འདུད། །
དེ་ཡང་། སྤྱིར་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་གྱིས། མཐོང་ཐོས་དོན་ལྡན་གྱི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་མངའ་བ་ལས། དབུ་ཞྭ་མཐོང་གྲོལ་བསྒྲོན་མཇལ་གྱི་མཛད་པས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད་པ་འདི་ནི། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས་དག་གི་རྣམ་པ་ཐར་པ་ཁོ་ན་ཡིན་ཅིང་།
དབུ་ཞྭའི་བྱུང་རབས་ལྟར་ན། མདོ་མཚན་ཉིད་ཐེག་པ་ལས་ནི། བདག་ཅག་གི་སྟོན་པ་ལྷའི་བུ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་བྱོན་པ་ན། རང་གི་ཅོད་པན་རྒྱལ་བ་བྱམས་པའི་དབུ་ལ་བཅིངས་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་ནས། དེང་སང་དགའ་ལྡན་དུ་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ཀྱི་མཛད་པ་དང་པོ་སྟོན་བཞིན་བཞུགས་པར་བཤད་ལ།
གསང་སྔགས་རྡོ་རྗེ་ཐེག་པ་ལས་ནི། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གིས་སྲིད་པ་དང་ཞི་བ་གཉིས་ཀྱི་མཐའ་གཉིས་ལས་རྣམ་པར་རྒྱལ་བའི་མི་གནས་པའི་མྱང་འདས་ཀྱི་སེང་གེའི་ཁྲི་ཆེན་པོར། ཁམས་གསུམ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོར་མངའ་གསོལ་བ་སྟེ།
དཔལ་རྒྱལ་དབང་ཀརྨ་པ་སྔོན་གྱི་ཚེ། རི་རབ་ཀྱི་བྱང་ཕྱོགས་སུ་དྲང་སྲོང་དཀོན་པ་སྐྱེས་སུ་གྱུར་པའི་ཚེ་ན། རྒྱལ་བ་རྣམས་ཀྱིས་མཁའ་འགྲོ་མ་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཀྱི་དབུ་སྐྲ་ཉག་མ་རེ་རེ་ལས་གྲུབ་པའི་ཅོད་པན་གྱིས་དབང་བསྐུར་བ་དེ། སྒྲིབ་པ་བསྲབས་པ་རྣམས་ཀྱི་ངོར་རྒྱལ་བའི་དབང་པོའི་སྐྱེས་རབས་ཀྱི་ཕྲེང་བ་ཐམས་ཅད་ཀྱི་དབུར་འབྲལ་མེད་དུ་ཡོད་མོད་ཀྱི། སྒྲིབ་པ་སྟུག་པོའི་ཚང་ཚིང་དུ་ཉལ་བའི་བྱིས་པ་དག་གི་ངོར་ཕན་གདགས་པའི་སླད་དུ། ངོ་བོ་དེ་མཚོན་བྱེད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞྭ་ནག་པོ་གསེར་གྱི་མདོངས་ཅན་བཞེས་ཤིང་། སློབ་མའི་གཙོ་བོ་འགའ་ཡང་། རྒྱལ་བ་ཉིད་དང་རྣམ་དབྱེ་མེད་པར་བསྟན་འགྲོའི་དོན་ཆེན་སྒྲུབས་ཤིག་པའི་བཀའ་རྟགས་ཀྱི་ཅོད་པན། ཐུགས་བསྐྱེད་རྟེན་འབྱུང་སྨོན་ལམ་དང་བཅས་ཏེ། ཆོས་ཀྱི་རྒྱལ་སར་མངའ་གསོལ་བའི་ལུགས་སྲོལ་མཆིས་པ་ལས།
དྲུང་ན་རིམ་བདུན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ། མཚོ་སྐྱེས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས། མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི། །རྣམ་འཕྲུལ་རྒྱལ་བའི་ཕྲིན་ལས་པར། །བཀའ་རྟགས་དབང་གི་ཅོད་པན་གསོལ། །རྒྱལ་བསྟན་འཕེལ་བའི་རྟེན་འབྲེལ་ཡོད། །ཅེས་ལུང་བསྟན་པ་ལྟར། བླ་མ་དགོངས་པ་འདུས་པའི་དབུ་ཞྭ་མཐོང་གྲོལ་བསྒྲུབས་ཏེ། གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ངོ་བོར་བྱིན་གྱིས་བརླབས་ནས། རྒྱལ་ཚབ་སྐུ་ཕྲེང་གཉིས་པ་བཀྲ་ཤིས་རྣམ་རྒྱལ་གྱི་དབུ་ལ་བཅིངས་ཏེ། སྟོན་འཁོར་དགོངས་པ་ཐ་མི་དད་པའི་ཞལ་བཞེས་གནང་ཞིང་། བཀའ་རྟགས་ཀྱི་ཅོད་པན་འདི་དང་མི་འབྲལ་བའི་སྒོ་ནས། སྤྱིར་རྒྱལ་བའི་བསྟན་པ་མཐའ་དག་དང་། བྱེ་བྲག་ཏུ་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་སྐྱོང་བ་ལ་རྟེན་འབྲེལ་གྱི་སརྒཿམ་ལོག་པ་གྱིས་ཤིག །ཅེས་གསུངས་ཏེ། ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ལགས།
དབུ་ཞྭ་མཐོང་གྲོལ་བསྒྲོན་མཇལ་གྱི་ཚེ་ན། རྟེན་ཁྱད་འཕགས་ལ་མི་ཕྱེད་དད་པ་དང་། །ཡུལ་ཁྱད་འཕགས་ལ་མི་འགྱུར་བློ་གཏད་དང་། །དུས་རྒྱུན་དུ་གསོལ་འདེབས་མོས་གུས་ཀྱིས། །སྐྱབས་ཀུན་འདུས་བླ་མ་གཙུག་ཏུ་སྒོམས། །སེམས་མ་བཅོས་རྣལ་མའི་རང་ངོ་སྐྱོངས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་འབད། །དེ་དབུ་ཞྭ་མཇལ་བའི་དགོས་ཆེད་ལགས། །ཞེས་རྒྱལ་བ་ཡབ་སྲས་མཐིང་དམར་གྱི་ཅོད་པན་འཆང་བའི་བསྟན་འགྲོའི་གཙུག་རྒྱན་ཐམས་ཅད། དཔྲལ་བའི་མིག་དང་། ཁོང་པའི་སྙིང་ལྟར་ཤེས་པའི་སྒོ་ནས། རང་འདོད་ཆགས་སྡང་གི་དྲི་མས་མ་བསླད་པའི་ཡིད་རབ་ཏུ་དྭངས་པ། མཐར་ཐུག་གི་འབྲས་བུ་ལ་མངོན་པར་འདོད་པ། བློ་གཏད་ལིང་སྐྱུར་གྱི་ཡིད་ཆེས་པའི་དད་པ་གསུམ་དང་ལྡན་པའི་སྒོ་ནས་སེམས་ཉིད་རང་ངོ་བསྐྱངས་ཤིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་པ་ཡིན།
དབུ་ཞྭ་མཐོང་གྲོལ་བསྒྲོན་པ་མཇལ་བ་དང་མཆོད་པའི་སྤྲིན་སྤྲོ་བ། གསོལ་བ་འདེབས་པ་དང་སྨོན་ལམ་ལ་བརྩོན་པ་དག་གི་འབྲས་བུ་ནི། སྐལ་མཆོག་རྣམས་ཀྱིས་མཐོང་བའི་མོད་ཉིད་ལ། །ས་དང་ལམ་གྱི་ཡོན་ཏན་སྩོལ་བར་མཛད། །སྐལ་མེད་སྡིག་ཅན་དག་གིས་མཐོང་བའི་ཚེ། །བསྐལ་སྟོང་སོགས་བསགས་སྡིག་སྒྲིབ་འཛད་པར་བྱེད། །ཚེ་འདིའི་ཕུན་ཚོགས་ཇི་ལྟར་འདོད་པ་རྣམས། །ཁྱོད་ལ་དམིགས་ནས་གསོལ་བ་བཏབ་པའི་ཚེ། །ཡིད་ལ་རེ་བ་ཇི་བཞིན་འགྲུབ་པར་འགྱུར། །ཞེས་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཚེགས་མེད་དུ་སྐྱེ་ཞིང་། ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་བ་དང་། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །
སླར་སྨོན་པ། དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །
བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །
མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །
གྲོགས་མཆེད་བསྟན་ཆོས་ཀྱི་རམ་འདེགས་ལ་བརྟེན་ནས། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས། དྲུང་གོ་ཤྲི་རྒྱལ་ཚབ་པའི་དབུ་ཞྭ་མཐོང་གྲོལ་བསྒྲོན་མཇལ་གྱི་ངོ་སྤྲོད་དུ་སྦྱར་བའོ། །
རྡོར་གདན་ལ་དབུ་ཞྭ་མཐོང་གྲོལ་མཇལ་རྒྱུ་སྒོ་སྐབས་ཐོབ། འདིར་དབུ་ཞྭ་མཐོང་གྲོལ་འགོད་གནང་མཛད་པར་བཀྲིན་དགའ་ཚོར་ཞུ།
ངས་རྟོག་གེ་བ་ཁྱོད་ཚོ་ལ་སྙིང་གཏམ་ཞིག་ཞུ་འདོད་བྱུང་། མཁའ་འགྲོ་མ་བྱེ་བ་ཕྲག་སུམ་བཅུ་རྩ་གཉིས་ཀྱི་དབུ་སྐྲ་ལས་བཟོས་པའི་གཏམ་ནི་ཤིན་ཏུ་ནས་གད་མོ་ཤོར་བའི་གནས་སུ་མཆིས། འདི་ནི་ཡེ་ཤུ་པ་ཚོས་འཇིག་རྟེན་ཁམས་ལྷ་དཀོན་མཆོག་གིས་ཉིན་བདུན་གྱི་རིང་ལ་བཟོས་པར་འདོད་པ་དང་གཅིག་མཚུངས་རེད། སྐུ་མཁྱེན་འདི་འདྲའི་གཏམ་གྱིས་མི་མང་ལ་མགོ་སྐོར་མ་གཏོང་རོགས། ད་ལྟའི་དུས་འདིར་ལྷ་སྒྲུང་ལྟ་བུས་མི་མང་གི་སེམས་བསླུས་མི་ཐུབ་པར་མ་ཟད་ལོག་ལྟ་སྐྱེ་བའི་རྒྱུ་རུ་འགྱུར་བར་ངེས་པས། དེ་འདྲའི་ལོ་རྒྱུས་རབ་ཡིན་ན་ནག་བསུབ་བཏང་ན་བཟང་བར་སེམས་སོ། གང་ཡིན་ཞེ་ན་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གསེར་འདྲ་བོ་འདི་ལ་མིང་ཆད་ངན་པ་འབྱུང་སྲིད་དོ། འདི་ལྟ་བུའི་གཏམ་བརྒྱུད་ནི་གསེར་སྐུའི་ཞལ་ལ་ཐལ་བས་བྱུག་པ་དང་གཅིག་མཚུངས་ལགས། སྔོན་ཆེན་པོ་ཧོར་གྱིས་རྒྱལ་སྲིད་བཟུང་བའི་དུས་སྐབས་སུ་རྒྱལ་བློན་གྱི་གོ་གནས་མཐོ་དམན་ཞྭའི་དབྱིབས་དང་ཏོག་གིས་ཁྱད་པར་འབྱེད་ཀྱི་ཡོད་པར་བདོག། དེ་དུས་ཀརྨ་པཀྴི་ལའང་ཧོར་རྒྱལ་པོས་ཞྭ་ནག་གསེར་མདོངས་ཅན་ཕུལ་བར་གྲགས་ཤིང་དེ་ནས་བཟུང་དེ་ལྟར་གྲགས་པར་མངོན་ནོ། །
ད་བཀའ་བརྒྱུད་བླ་མ་གོང་མ་རྣམས་ཀྱིས་མཇལ་ན་ངུ་ཤོར་དགོས་རྒྱུ་འདི་འདྲ། ན་རོ་པ་ལ་ཞྭ་མོ་ཞིག་ཡོད་སྐད་མི་འདུག མིད་ལའི་ཞྭ་མོ་ཞིག་མེད་སྐད། ད་འདིར་ཞབས་འདྲེན་པ་ཚོས་འདྲ་མི་འདྲ་བཟོས་ནས་བདག་གི་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་འདི་ལ་རྨ་བྱིན་པར་བྱེད། ཞྭ་མོ་མཐོང་ནས་སངས་རྒྱས་ཀྱི་ཡོད་ན། མིད་ལ་དང་མར་པ་རྣམས་ལྐུགས་པ་རེད།་དཀའ་ལས་འདི་འདྲས་བརྒྱབ།
དྲང་པོ་བཤད་ན། ཞྭ་ནག་པའི་དབུ་ཞྭ་དེ་མཁའ་འགྲོ་མས་བཟོས་པ་མ་རེད། རྒྱ་ནག་གོང་མས་བཟོས་ནས་སྤྲད་པ་ཡིག་ཆའི་ནང་གསལ་པོ་འདུག དེ་ལ་རྒྱལ་དབང་ཀརྨ་པས་མཁའ་འགྲོའི་ཞྭ་ཅེས་རྩ་བ་གཉིས་ནས་ཁོང་རྣམ་པའི་གསུང་འབུམ་ནང་མེད། རྗེས་མ་རྟོག་བཟོ་རེད།་རང་གིས་རང་ལ་མགོ་སྐོར་ཐུབ་ཀྱང་། བློ་གཟུ་བོར་གནས་པ་རྣམས་ཀྱིས་རིམ་བཞིན་ཐོན་ནས་སད་པར་བྱེད། དེས་ན་ཡག་ཤོས་ལ་ཕྱག་ཆེན་དང་ན་རོ་ཆོས་དྲུག་དེ་ཚོ་ངོམས་ནས་ཁྲི་ལ་བསྡད་ན་ངོ་མ་བཀའ་བརྒྱུད་བླ་མ་རྣལ་མ་རེད། དེ་མིན་མགོ་སྐོར་བ་ཤ་སྟག་ལས་གཞན་ཅང་མེད་ཚོད། ཀརྨ་པ་མཁྱེན་ནོ། བླུ་བྲིད་པ་དེ་ཚོའི་མགོ་ལ་གཅིག་རྒྱོབས། ཀརྨ་པ་མཁྱེན་ནོ།
ཀརྨ་བཀའ་བརྒྱུད་བླ་མའི་ནང་ལ་རྒྱལ་ཚབ་རིན་པོ་བླ་མ་ཉམས་ལེན་ཅན་ཞིག་ཡིན་སྐད་འདུག ཀརྨ་པའི་དབུ་ཞྭའི་བསྐོར་ལ་ཡིག་རྙིང་ཡོད་ན་ཆོས་སྦྱིན་གནང་རོགས།
༄༅། དབུ་ཞ་འདྲ་མི་འདྲ་བཟོས་ནས་རྫུ་འཁྲུལ་བསྟན་གྱི་རེད་མ་གསུང་རོགས་གནང།
བོད་གངས་ཅན་ཡུལ་དེ་རྒྱ་དམར་པོས་ཧམ་ཟས་ཀྱིས་ད་ཆ་གང་ཡང་མེད་པ་ཆགས་སོང་བ་
འདིའི་སྐབས་སུ་དབུ་ཞ་རྗིག་པོ་དེ་ཚོའི་གང་ཡང་མ་ཕན་པ་མ་ཚད་རྒྱ་མི་མཐོང་སྐབས་བྲོས་
ནས་ཕྱིན་པ་རེད།
སྔོན་དུ་མི་མང་རྣམས་ནས་བླ་མ་དགེ་འདུན་གྲ་པ་ཚོར་ཧ་ཅང་དད་མོས་ཆེན་པོ་རེད།
དུས་རབས་ཉི་ཤུ་རྕ་གཅིག་གི་སྐབས་སུ་རྨོངས་དད་བྱེད་མཁན་ཉུང་ཉུང་རེད།
༧གོང་ས་མཆོག་གིས་་་རྨོངས་དད་མ་བྱེད་།་དབང་སྣོན་ཆོས་ཀྱི་རྗེས་བྲང་བྱེད་དགོས་པ་ལས
དབང་སྣོན་དད་པའི་རྗེས་བྲང་མ་བྱེད་གསུངས་པ་ཤེས་མ་སོང་ངམ།
སྐུ་མཁྱེན་ཆོས་ཡང་དག་པ་ཞི་མ་བྱེད་པར་སྡུག་སློག་རྗིག་པོ་གྱོན་ནས་རྗུ་འཕྲུན་བསྟན་རྒྱུ་ཡོད་
མདོག་མདོག་མ་བྱེད་རོགས་གནང། རྒྱ་གུང་བྲན་ལ་ངོ་ཚ།
གོ་ཤྲི་ནི་་་་རྒྱ་མིང་སྟེ་རང་ཉིད་དང་རང་གི་འཁོར་བཅས་རྒྱ་ལ་གཏད་དེ་ཐོབ་པའི་རྔན་པ་ཞིག་གི་མིང་།
རྒྱུ་ཆ། ཟ་འོག་དང་རྒྱ་སྨུག་ལས་གྲུབ་པའི་ཞྭ་མོ་ཞིག་གོ
དེང་སང་ཡང་རྒྱ་མིང་གོ་ཤྲི་དང་ཏཱ་པོ་ཝ་ཝང་སྤྱད་དེ་རྒྱ་བླ་བྱས། རྒྱ་དངུལ་བསགས། བསྟན་པ་འཛིན་ཁུལ་དང་། འཁོར་སྐྱོང་ཁུལ་གྱི་རྒྱ་བསྐྱེད་པ་ཤིན་ཏུ་མང་།
༄༅། མེད་དོ་མེད་དོ་དད་པ་མེད་དོ། དབུ་ཞ་རྗིག་པོར་དད་པ་མེད་དོ།
མེད་དོ་མེད་དོ་གོས་སློག་རྗིག་པོར་དད་པ་མེད་དོ།
རྟོགས་པ་བསྟེན་ཡོད་ན་བསྟེན་རོགས།
རྗེ་བཙུན་མི་ལ་རས་པ་ལ་དབུ་ཞ་རྗིག་པོ་གྱོན་རྒྱུ་མེད། བཞུགས་ཁང་རྗིག་པོར་བཞུགས་ས་མེད།
སྡུག་སློག་རྗིག་པོ་གྱོན་རྒྱུ་མེད་ཀྱང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་རེད།
དེ་འདྲ་མ་བྱུང་ཡང་མི་མང་ལ་རྨོངས་དད་བྱེད་པའི་སྲོལ་མ་སྟོན་རོགས།
རབ་བྱུང་ནས་སྟོན་པའི་གཞུང་ལ་སྦྱང་ནས་ཆོས་་་ཆོས་སུ་འགྲོ་བ་ཞིག་ཅི་ནས་གནང་དགོས།
ང་གྲ་པ་མིན། ང་བླ་མ་ཡང་མིན། ང་དགེ་བཤེས་ཀྱང་མིན། ཡིན་ཡང་ནང་ཆོས་རིས་མེད་ལ་
དོ་སྣང་དང། རྗེ་མི་རས་པའི་མཛད་རྣམ་སྐོར་གང་ཙམ་ཤེས།
ལྟོ་བགྲང་ཉི་མས་དྲོས་དུས་ཆོས་པའི་གཟུགས། དཀའ་ངལ་ཐོག་ཏུ་འབབ་དུས་འཇིག་རྟེན་པ་ཞེས་དང།
རྗེ་བཙུན་མི་ལས། ཡར་འཕགས་དང་འདིར་འཕགས་ངས་མི་ཤེས།
ས་འདི་ནས་འཕགས་ན་འཕགས་པ་ཡིན་ཞེས་དང།
དལ་བ་དང་གདུལ་བ་ངས་མི་ཤེས་། རང་སེམས་ངན་པ་འདི་འདུལ་ལ་འདུལ་བ་རེད་གསུངས་པ་
ཤིན་ཏུ་ནས་དད་དོ། སྐྱབས་སུ་མཆི།
དག་ཆ་ནོར་ཡོང་ན་དགོངས་དག་། ནོར་བཅོས་གནང་རོགས་གནང།