བདེ་སྦྱིན་མ།
ཟླ་འོད།
འབྲོག་མོ་ཞིག་གི་བཞོ་ཟེའུ་འགྱེལ་ཏེ་རྩ་གསེབ་ལ་ཕོས་པའི་འོ་མ་སྣུམ་པོ།
བྱིས་པ་ཞིག་གི་དྲན་ཤེས་སུ་བསྒོས་ཏེ་ཡུན་རིང་ལ་འབྱར་བའི་བུ་རམ་མངར་མོ།
ཟླ་འོད།
གྲོང་ཁྱེར་གྱི་ནམ་མཁར་མི་ཤོང་བའི་དངུལ་གྱི་མེ་ལོང་།
ཕ་ཡུལ་གྱི་མཚན་མོའི་རི་རྒྱལ་ལ་བཏེགས་པའི་དུང་གི་ཅོད་པན།
ཟླ་འོད།
ཨ་མས་ཤུག་དམར་གྱི་འོ་ཟོ་ལ་ཡང་ཡང་དཀྲོགས་པའི་མར་ལོ་དཀར་པོ།
ན་ཆུང་མའི་གནག་སྣུམ་གྱི་ལན་བུར་དཔྱངས་བའི་དུང་གི་རལ་རྒྱན།
ཟླ་འོད།
ཡུལ་གྱར་བ་ཞིག་གིས་ཕ་ཡུལ་དྲན་པའི་གཞས་ར་ཕྲ་མོ།
འབྲོག་ཐང་ལ་གྱེས་ཡུན་རིང་བའི་བུ་མོ་ཞིག་གི་སྨྲེང་སེམས་རྣལ་མ།
འུ་ཅག་གི་འཇིག་རྟེན་སྦྲེལ་བྱེད་དུང་ཟླ་སྒོར་མོ་འདི།
གཞིས་བྱེས་ཀྱི་དྲན་པར་ཟུག་པའི་རྨ་ཁ་ཟབ་མོ་འདི།
སྟོན་དུས་ཀྱི་མཚན་ལྗོངས་ལ་བྱུགས་མྱོང་བའི་དངུལ་གྱི་ཞུན་མ་འདི།
གྲོང་ཁྱེར་སྙིམ་པ་ལས་འཛར་ཚར་བའི་ཕུན་ཚོགས་ལོངས་སྤྱོད་འདི།
དྲོལ་ཁོལ་ཡལ་བའི་ཧྲེང་ཧྲེང་གི་ཟླ་འོད་འཁྱག་པ་འདི།
ད་ལྟ་ཁྱོད་དང་ཕ་ཡུལ་གྱིས་རྨི་ལམ་ནང་སྦྲུམ་ནས་ཡོད།
མེ་ཏོག་གི་རྫི་མ་བརླན་པའི་མིག་ཆུའི་ཕྲེང་ཐག་ཆད་དེ།
སྤང་ཐང་གི་སྙིང་ཁོང་ལ་སྲོག་ཤིང་ཆག་པའི་འཇིག་རྟེན་འདིའི་གྲུ་ཟུར་རེ་རེ་ན།
ཕན་ཚུན་དྲན་པའི་གདུང་སེམས་ལོ་ཟླ་རུ་བཞུས་ཏེ་སྒུག
༢༠༡༤/༤/༩