ཚེ་དབང་རྒྱལ་མཚན།
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པ་དུས་ཚོད་༩ དང་སྐར་མ་ ༥ སྟེང་དིང་རི་རྫོང་གཙོས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། གྲམ་མཚོ་ཁུལ། མཚོ་སྒོ་ཁུལ། ཆུ་ལྷོ་ཁུལ་བཅས་རྫོང་ཁག་དང་ས་ཁུལ་དྲུག་དང་། གྲོང་སྡེ་ཉེར་དྲུག་དུས་གཅིག་ལ་འགུལ་ཞིང་གཡོམ། རྒྱ་ནག་གཞུང་གིས་སྐར་ཆ་འགའི་གཡོ་སྐྱོམ་གྱི་ཁྲོད་ལོ་ངོ་སྟོང་ཕྲག་རིང་གནས་ཡུལ་འདིར་སྐྱེས་ཤིང་འཕེལ་རྒྱས་བྱུང་བའི་རིགས་གཅིག་སྤུན་ཟླ་ ༦༧༥༠ ཡི་མགོ་ཁང་ཐལ་བའི་རྡུལ་ཏུ་བརླགས་ཤིང་། ཤ་ཁྲག་རིགས་རྒྱུད་ཀྱི་འབྲེལ་བའི་སྤུན་ཟླ་ ༡༣༤ རྐྱེན་འདས་སུ་ཕྱིན་ཞིང་བརྒྱ་ཕྲག་འགར་རྨས་སྐྱོན་ཁྲོད་ལྷག་ཡོད་ཚུལ་བསྒྲགས། གནོད་ཐེབས་ས་ཁུལ་སྤྱིའི་གོད་ཆག་ལ་བལྟས་པ་ཡིན་ན་ཤི་རྨས་བྱུང་བའི་གྲངས་ཀ་ཡང་འདི་ལས་ལྡབ་འགྱུར་གྱིས་མང་བ་ཟུར་བལྟས་ལེབ་མཐོང་ཡིན། ཕྱི་སྡོད་བོད་མིའི་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གངས་ཅན་བོད་ཀྱི་ཕྱོགས་སུ་ཅེར་བའི་མིག་ཟུང་དེ་བཙུམ་མ་མྱོང་ལ། ལྷག་པར་ས་ཡོམ་གྱི་འཇིག་ཉེན་འདི་ལྟ་བུ་བྱུང་སྐབས། ལས་བྲེལ་གྱི་བར་སེང་ནས་མིག་གིས་ཅེར་ཞིང་རྣ་བས་ཤུགས་ཀྱིས་ཉན། གོད་ཆག་བྱུང་རྗེས་ཀྱི་པར་བརྙན་སོགས་རྒྱའི་དམ་དྲག་གི་ལྕགས་རི་ལས་བརྒལ་ཏེ་ཕྱིའི་དྲྭ་ལམ་ཁག་ཏུ་རིམ་བཞིན་ཁྱབ་སྟེ་མིག་གི་མདུན་དང་རྣ་བའི་སྦུགས་སུ་ལྷུང་། རང་གིས་མཐོང་ཐོས་ཐམས་ཅད་ཟིན་བྲིས་སུ་བཏབ་ནས་ཡང་ལྟ་བསྐྱར་ལྟ་ཅི་ཙམ་བྱས་ཀྱང་། རང་གི་ཡུལ་ངོར་ཡང་སྲིད་ཤར་ཡོང་བ་ནི་རྒྱ་ནག་གཞུང་གིས་གནའ་ནས་ད་ལྟའི་བར་བསྒྲགས་པའི་༼བོད་ལྗོངས་ཀྱི་འཕེལ་རྒྱས༽༼རྒྱ་ནག་གི་འབོད་ཚིག་༽ཟེར་བ་གང་ན་ཡོད་དམ་ཞེས་པའི་དྲི་བ་འདི་རེད། ས་ཡོམ་བྱུང་འཕྲལ་མགོ་ཁང་གཅིག་སྟོང་ལྔ་བརྒྱ་ཐམ་པ་དང་དགོན་པ་བཅུ་གྲངས་ཤིག་རུལ་ཏུ་བཏང་། ས་ཡོམ་གྱི་འགུལ་རིམ་དེ་ཡང་གསང་བ་དང་རྩོད་གཞིའི་ངོ་བོ་ཞིག་ཏུ་གྱུར། ཨ་རིའི་ས་ཁམས་རིག་པའི་དཔྱད་ཞིབ་པས་ ༧་༡ དང་རྒྱ་གཞུང་གིས་འགུལ་ཚད་༦་༨ དུ་བསྒྲགས། ད་དུང་ས་ཡོམ་གྱི་གནོད་སྐྱོན་ཚབ་ཆེན་བྱུང་ཡང་རྒྱ་གཞུང་གི་མྱུར་སྐྱོབ་དམག་སྡེ་མ་འབྱོར་སྔོན། བོད་མདོ་དབུས་ཁམས་གསུམ་གྱི་རིགས་གཅིག་སྤུན་ཟླའི་དཔུང་སྡེ་འབྱོར་ཡོད་པའི་སྐད་ཆ་ཡང་ཡོད། གང་ལྟར་བོད་དང་བོད་མི་རིགས་ཀྱི་གནའ་དེང་གི་གནས་བབ་དངོས་ལ་རྒྱུས་་མངའ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན། ས་ཡོམ་བྱུང་རྗེས་ཀྱི་རྣམ་པ་མཐོང་འཕྲལ། ཕྱི་ལོ་༡༩༥༩ ནས་ ༢༠༢༥ བར་ལོ་ངོ་ཧྲིལ་བོ་༦༥ ལྷག་གི་རིང་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་དང་འཛིན་སྐྱོང་བྱས་རྗེས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ས་ཡོམ་འདི་བརྒྱུད་ཆོལ་གསུམ་རིགས་གཅིག་སྤུན་ཟླ་གཙོས། འཛམ་གླིང་མི་མང་ལ་ལྟ་བའི་མིག་དང་གོ་བའི་རྣ་ཅོག་ཡོད་ན། བཤམས་ཤིང་བཤད་ནས་འདུག །
དང་པོ། དིང་རིའི་འཕེལ་རྒྱས་གང་ན་ཡོད་དམ།
བོད་ཡུལ་ཆོལ་ཁ་གསུམ་གྱི་ཡ་གྱལ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁོངས་གཏོགས་སྟོད་དིང་རི་རྫོང་ཁུལ་དུ་ཚད་རིམ་ ༧་༡ བྱུང་འཕྲལ། བརྙན་པར་མཐོང་ལམ་དུ་མངོན་པ་ཐམས་ཅད་ཞིག་རུལ་ཏུ་གྱུར་བའི་མགོ་ཁང་དང་ཐལ་རྡུལ་དང་མིག་ཆུའི་ཁྲོད་ཀྱི་རིགས་གཅིག་སྤུན་ཟླ་དག་རེད། གྲོང་སྡེ་གཅིག་ནང་དུད་ཁྱིམ་བཞི་བཅུ་འདུག ས་ཡོམ་བྱུང་རྗེས་མགོ་ཁང་ཡར་ལངས་རྐང་གཅིག་ལྷག་མི་འདུག ས་ཡོམ་ཁྲོད་ཞིག་རུལ་ཏུ་གྱུར་བའི་གྲོང་སྡེ་དེ་དག་གི་ནང་ལྕགས་དང་ཨར་འདམ་བླུགས་པའི་ཀ་བ་རྐང་གཅིག་བསྟན་རྒྱུ་ཡོད་དམ། འདས་པའི་བདུན་གཉིས་ལྷག་གི་རིང་པར་བརྙན་དང་ཡུལ་དངོས་ཐད་གཏོང་སོགས་ཞིབ་ཏུ་ཉུལ་ཞིང་བལྟས་པ་ཡིན་མོད་མཐོང་བའི་ཡུལ་དུའང་མ་བྱུང་། ཡིན་ཡང་རྒྱ་གཞུང་གིས་དྲིལ་བསྒྲགས་ནང་། བོད་ལྗོངས་འཕེལ་རྒྱས་ཀྱི་རྩེར་སོན། བོད་ལྗོངས་མི་དམངས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་པ་ལྟ་བུའི་དྲིལ་བསྒྲགས་རྣ་བར་ལྷུང་མྱོང་མཁན་ཞིག་དང་དེའི་ནང་གི་ཁྱད་རྩལ་ཡིད་འོང་གི་པར་བརྙན་དེ་དག་མཐོང་མྱོང་མཁན་ཞིག་ཡིན་ཕྱིན། ས་ཡོམ་གྱི་གོད་ཆག་འདི་བརྒྱུད་དྲིལ་བསྒྲགས་ནང་གི་དག་ཞིང་གི་བོད་ལྗོངས་དེ་རྒྱ་ནག་གི་འཁྲབ་སྟོན་དང་པར་བརྙན་ལེན་སྒྲིག་སྦྱོར་བ་དག་གི་ལག་སྣེར་ཡོད་པ་གསལ་བོར་མངོན་ཐུབ་ཡོད། དེ་མིན་རྫོང་དང་ཡུལ་ཚོ་དྲུག་དང་གྲོང་སྡེ་ཉེར་དྲུག་ནང་འདས་པའི་ལོ་ངོ་རེ་ལྔའི་རིང་འཕེལ་རྒྱས་དེ་ཅིའི་ཕྱིར་མ་སླེབ་པ་ཡིན་ནམ། གང་ལྟར་སྔ་མོའི་རྡོ་བརྩིགས་དང་རྩིག་གྱང་གི་ཁང་པ། ཕྱི་འདམ་གྱིས་གཡས་པ། མདུན་དུ་ཤེལ་གྱི་དྲ་མ་འགའ་ཡོད་པ་ཙམ་མ་གཏོགས་ ༡༩༥༩ སྔོན་གྱི་གནས་བབ་ཡང་འདི་ལས་ཡག་ཙམ་མིན་ན། དེ་ལས་སྐྱོ་བ་མིན་པ་ཁ་མཚོན་བཅད་ནས་བཤད་ཐུབ། འཚོ་རྟེན་ནི་ར་ལུག་ཉུང་ངུ་རེ་དང་། དུད་ཁྱིམ་འགར་མཛོ་མོ་རེ་ཟུང་ཡོད་པ་ལས། གཞན་ངལ་རྩོལ་གཡོག་རྒྱུག་རྐྱང་པ། ད་དུང་བརྙན་ལམ་ན་གསལ་བའི་མི་མང་གི་ངོ་གདོང་དང་ལག་པ། འགྲམ་ན་རྒྱ་སྐད་རྒྱག་བཞིན་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་བྱིས་པ་ཆུང་ཆུང་དག མདོར་ན། རྒྱ་ནག་གཞུང་གིས་བཙན་བཟུང་འོག་ལོ་ངོ་རེ་ལྔ་འཁོར་རྗེས་ཀྱི་དེ་རིང་། ས་ཡོམ་གནོད་ཐེབས་ས་ཁུལ་འདི་དག་གི་མི་མང་གི་འཚོ་བར་རྒྱ་གཞུང་གིས་བསྒྲགས་བཞིན་པས་འཕེལ་རྒྱས་རྩ་བ་ནས་བྱུང་མེད་ཀྱང་། བོད་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་བའི་སྲིད་བྱུས་ཀྱི་འཕེལ་རྒྱས་ཡང་རྩེར་སོན་ཡོད་པ་གསལ་བོར་མཐོང་སོང་།
གཉིས་པ། བོད་ཡུལ་ཆོལ་ཁ་གསུམ་གྱི་དིང་རི།
དིང་རིའི་ས་ཡོམ་གྱི་གནས་ཚུལ་དྲ་ལམ་དུ་ཁྱབ་མ་ཐག་བོད་གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་རིགས་གཅིག་མཐུན་སྤུན་ཟླའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། དིང་རི་བ། ཤུགས་རྒྱོབ། དིང་བ། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད། དིང་རི་བ། ང་ཚོ་ཁྱོད་ཚོའི་རྒྱབ་ཏུ་ཡོད་ཟེར་བ་ལྟ་བུའི་འབོད་སྒྲ། ད་དུང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱ། ལས་རྒྱུ་འབྲས་དང་ཚེ་རབས་ཕྲེང་བརྒྱུད་ཀྱི་རྣམ་གཞག་ཁས་ལེན་མཁན་ཞིག་མཚོན་ན། དེ་བས་ཀྱང་གལ་ཆེ་བའི་སྐྱིད་སྡུག་མཉམ་མྱོང་བྱེད་ཐབས་ཤིག་ཡོད་པ་ནི་སྣང་གསལ་མཆོད་མེའི་དཀར་ངོགས་སུ་དད་པ་དང་དམ་ཚིག་གཙང་བའི་བོད་མི་ས་ཡ་མང་པོའི་གསོལ་འདེབས་སྨོན་ལམ་སྐྱབས་འཇུག་ཞུ་བཞིན་པ་དེ་རེད། དེ་ནི་མེ་མདའ་དང་དྲག་ཆས་དམག་དཔུང་གི་དམ་དྲགདང་དེང་རབས་ཚན་རྩལ་གྱི་བརྙན་མིག་ལས་བརྒལ་ཏེ་ཡིད་ཀྱི་ཟབ་སར་གནས་པའི་དྭངས་གཙང་གི་དད་དམ་ཞིག ང་ཚོ་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་མ་འཇིག་མ་ཉམས་པའི་རྐྱེན་རྩ་འདི་ཡིན་ལ། མ་འོངས་འཚོ་གནས་ཐུབ་མིན་གྱི་རྩ་བ་ཡང་འདིར་ཐུག་ཡོད། དད་པ་དང་རེ་སྨོན་ལ་འཇུས་པའི་ང་ཚོ། དད་པ་ལས་བརྟན་པ་མེད། རེ་སྨོན་ལས་རིང་བ་མེད་པས། དིང་རི་བར་བྱུང་བའི་ས་ཡོམ་འདིས་ཡང་བསྐྱར་ཤ་རུས་གདུང་རྒྱུད་གཅིག་ཅིང་། དད་དམ་ལྷག་བསམ་གཙང་བས་གངས་ཅན་པའི་རྒྱལ་ཁམས་སྨད་ཀྱི་མཆོད་རྟེན་དཀར་པོ་ནས་སྟོད་ཀྱི་གངས་དཀར་ཏི་སེའི་བར་ཆོལ་གསུམ་རིགས་མཐུན་སྤུན་ཟླའི་ལས་དབང་གཅིག་དང་སྐྱིད་སྡུག་གཅིག མ་འོངས་རེ་སྙེག་ཡང་གཅིག་ཡིན་པས་དྲན་སྐུལ་ཐེངས་ཤིག་ཐེབས་སོང་།
དེ་ནི་ཕྱི་ལོ་ ༡༩༨༨ ལོའི་ལྷ་སའི་ཡར་ལངས། ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ། ཕྱི་ལོ་ ༢༠༠༨ ལོའི་ས་བྱིའི་ཞི་རྒོལ་ཆེན་མོ། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་གྱི་ཡུལ་ཤུལ་ས་ཡོམ། ཐེངས་འདིའི་དིང་རིའི་ས་ཡོམ་སོགས་ཁྲག་དང་མིག་ཆུ་ལ་བརྗེས་པའི་ལོ་ཟླ་འདི་དག་ལས་ང་ཚོ་བོད་མི་རིགས་ཀྱི་ཤོར་བ་མང་ལ་ཐོབ་པ་དེ་བས་ཀྱང་མང་། དེ་ནི་གཅིག་གྱུར་གྱི་འདུ་ཤེས་དེ་རེད། གཞོན་སོ་དཀར་ནས་རྒན་མགོ་དཀར་བར་དད་པ་དང་དམ་ཚིག་ལ་བཏགས་པའི་རེ་འདུན་གཅིག་ཡིན་པ་དེ་ངོ་འཕྲོད་ཅིང་དོན་དུ་གནས་སོང་བ་དེ་རེད།
གསུམ་པ། རྒྱལ་སྤྱིའི་མིག་ནང་གི་དིང་རིའི་ས་ཡོམ།
དིང་རིའི་ས་ཡོམ་བྱུང་འཕྲད་རྒྱལ་སྤྱིའི་གསར་ཁང་མང་ཆེ་བས་བསྒྲགས་ཤིང་། དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་བསྒྲགས་པ་དང་རྩ་བ་ནས་མི་གཅིག གསར་འགྱུར་འདི་བཀོད་པར་རྒྱལ་སྤྱིའི་གསར་འགོད་པ་དག་ལ་ཡང་དཀའ་ཁག་ཆེ། དེ་ཡང་ས་ཡོམ་བོད་དུ་བྱུང་བས་བོད་དུ་ས་ཡོམ་བྱུང་འདུག་ཅེས་འབྲི་དགོས་སམ། ཡང་ན་ཀྲུང་གོའི་བོད་ལྗོངས་ཀྱི་ས་ཁུལ་དིང་རི་ཞེས་སམ་ཡང་རྒྱ་ནག་གི་ལྷོ་ཕྱོགས་སུ་ཞེས་འཁོད་དགོས་པ་ཡིན་ནམ། གང་ལྟར་རྒྱ་ནག་གི་བདག་དབང་ཡོད་པའི་རྣམ་པ་ཞིག་མེད་ན། ཁོང་ཚོའི་ཆེད་ལས་དང་འཚོ་གནས་གཉིས་ཀར་ཉེན་ཁ་ཡོད། དེ་ལས་ཀྱང་གལ་ཆེ་ཞིག་ནི། ཉེ་སྔོན་ནས་བོད་ལ་བོད་ཅེས་འབོད་མི་ཆོག་པར་ཤིས་ཙང་ཞེས་འབྲི་དགོས་པ་དེ་རེད། དང་པོའི་བོད་དང་དེ་ནས་ཀྲུང་གོའི་བོད། ད་ལྟའི་ཆར་དེ་གཉིས་ཀ་འབོད་མི་ཆོག་པར་ཤིས་ཙང་ཟེར་བ་ཞིག་ཏུ་བསྒྱུར་བས། རྒྱལ་སྤྱིའི་གསར་འགོད་པ་དག་ཡང་མགོ་བོ་རྨོངས་བའི་ཚོད་དུ་ཡོད་པར་སྙམ།
ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབང་འཛིན་མི་སྣ་དང་ཆབ་སྲིད་པ་མང་དག་གིས་རང་སོའི་སྤྱི་ཚོགས་བརྒྱུད་ལམ་འདྲ་མིན་བརྒྱུད་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་ལུགས་གནང་སྟངས་དེ་རེད། སྟོབས་འབྱོར་ཞན་པའི་རྒྱལ་ཁབ་པ་ཁི་སྲི་ཐན་ལྟ་བུའི་ཆེས་མཐོའི་ཆབ་སྲིད་དབང་འཛིན་པས་རྒྱ་ནག་གིས་ཅི་བཤད་ལམ་སྟོན་ལྟར་སྒྲུབ་པ་ལས་གཞན་མང་གཙོ་དང་རང་དབང་གཙིགས་སུ་འཛིན་མཁན་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཆོས་ལུགས་ཁག་གི་དབུ་འཛིན་པ་དག་གིས་བོད་འམ་ཨིན་དབྱིན་ཡིག་ཐོག་(Tibet)ཅེས་པ་ད་དུང་བློས་གཏོང་གནང་མེད་ལ། དིང་རིའི་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་བརྗོད་ཚིག་ཡང་གང་མང་ཐོན་ཡོད།
དཔེར་ན།
༡ ཧྤ་རན་སུའི་སྲིད་འཛིན་མཆོག་ནས། སྤྱི་ཚོགས་དྲ་རྒྱ་བརྒྱུད་བོད་དུ་ས་ཡོམ་གོད་ཆག་ཁྲོད་ཚེ་སྲོག་ཤོར་ཟིན་པས་ནང་མིར་མྱང་ངན་ཐུགས་གསོ་དང་ས་ཡོམ་གནོད་སྐྱོན་ཐེབས་ཡུལ་ལ་རོགས་སྐྱོར་གནང་རྒྱུའི་གྲ་སྒྲིག་ཡོད་ཅེས་འཁོད།
༢ ཐེ་ཝན་སྲིད་འཛིན་མཆོག་ནས། ས་ཡོམ་གྱི་གོད་ཆག་ཁྲོད་ཤི་རྨས་ཐེབས་པའི་ནང་མིར་མྱ་ངན་ཐུགས་གསོ་དང་ང་ཚོའི་སེམས་པ་ཐེངས་འདིའི་གོད་ཆག་བྱུང་བའི་མི་མང་དང་མཉམ་དུ་ཡོད་ལ་ཁྱེད་ཅག་གང་མགྱོགས་འཇིག་ཉེན་ལས་ཐར་བའི་སྨོན་ལམ་ཡོད་ཅེས་འཁོད།
༣ ནེ་རྡར་ལན་ཌིའི་ཕྱི་སྲིད་བློན་ཆེན་ནས། ང་ཚོའི་སེམས་པ་བོད་ནང་ས་ཡོམ་གྱི་གནོད་སྐྱོན་བྱུང་བ་དག་དང་ལྷན་དུ་ཡོད། ཁྱེད་ཅག་གི་སྙིང་ནས་བརྩེ་བའི་ནང་མི་ཤི་རྨས་བྱུང་བ་དག་ལ་ཐུགས་གསོའི་མྱ་ངན་ཞུ་བཞིན་ཡོད་ལ་མྱུར་སྐྱོབ་ཚད་འཕེར་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད།
༤ རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། བོད་རང་སྐྱོང་ལྗོངས་ཁོངས་སུ་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་རྒྱ་གར་གཞུང་དང་མིང་མང་གཉིས་ནས་ཤི་རྨས་བྱུང་དང་དེ་དག་གི་ཤུལ་ལུས་ནང་མིར་ཐུགས་གསོའི་མྱ་ངན་དང་སྨོན་ལམ་ཡོད་ཅེས་འཁོད།
༥ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཟླ་དང་པོའི་ཚེས་བདུན་ཉིན་བོད་ཀྱི་ལྷོ་ངོས་སུ་ས་ཡོམ་གྱི་གནོད་སྐྱོན་ཐེབས་པ་དག་ལ་ཨ་རིའི་ཐུགས་གསོའི་མྱ་ངན་ཞུ་བཞིན་ཡོད་ལ། ཨ་རིའི་ཡུལ་དངོས་ཀྱི་གནས་སྟངས་ལ་ཞིབ་ཚགས་ལྟ་མུས་ཡིན་པ་དང་ཨ་རིའི་གཞུང་ལ་རོགས་སྐྱོར་གྱི་རེ་ཞུ་བྱུང་ན་གྲ་སྒྲིག་ཡིན་ཞེས་འཁོད།
༦ ཨ་རིའི་དམིགས་བསམ་བོད་དོན་འབྲེལ་མཐུན་པས། ཐེངས་འདིའི་བོད་ཀྱི་ལྷོ་ངོས་སུ་ས་ཡོམ་གོད་ཆག་བྱུང་ཞིང་གནམ་གཤིས་གྲང་ངར་ཀློད་ཀོར་འོག་གི་ཚད་རིམ་ཡིན་དུས། ཤི་རྨས་དང་གནས་སྤོ་བྱ་དགོས་བྱུང་བ་དག་དང་དེ་དག་གི་ནང་མི་ཉེ་འབྲེལ་ཡོངས་ལ་སྙིང་དབུས་ནས་ཐུགས་གསོའི་མྱ་ངན་ཞུ། ང་ཚོའི་ཐེངས་འདིའི་ས་ཡོམ་གྱི་གནོད་སྐྱོན་ཐེབས་པའི་བོད་རིགས་གཙོས་སྤྱི་ཚོགས་གཞན་དག་གི་གནས་སྟངས་གང་མགྱོགས་གནས་སྟངས་ཡར་རྒྱས་ཡོང་བའི་སྨོན་ལམ་ཡོད་ཅེས་འཁོད།
༧ ཨོ་སི་ཏོ་ལི་ཡའི་གྲོས་ཚོགས་འཐུས་མི་པེ་ནེས་ཝང་ནས། བོད་ཀྱི་ལྷོ་ཕྱོགས་སུ་བྱུང་བའི་ས་ཡོམ་གྱི་གོད་ཆག་ཁྲོད་ཚེ་སྲོག་ཤོར་ཟིན་པ་དག་གི་ཤུལ་ལུས་ནང་མིར་ཐུགས་གསོའི་མྱ་ངན་ཞུ། ཨ་སི་ཏོ་ལི་ཡའི་སེམས་པ་ཁྱེད་ཚོ་དང་མཉམ་དུ་ཡོད་ཅེས་འཁོད།
༨ རྒྱ་གར་དབུས་གཞུང་བློན་ཆེན་ཀེ་རན་ར་རྗོས་མཆོག་ནས། ང་ཚོའི་སེམས་པ་བོད་ནང་ས་ཡོམ་གྱི་གནོད་ཐེབས་དེ་དག་དང་མཉམ་དུ་ཡོད། ཤུ་རྨས་བྱུང་བ་དག་ལ་སྨོན་ལམ་དང་ཧ་ཅང་གི་དཀའ་ཁག་ཁྲོད་ལྷག་པའི་གནོད་ཐེབས་མི་མང་གང་མགྱོགས་དཀའ་ཁག་ལས་གྲོལ་བར་སངས་རྒྱས་ལ་གསོལ་སྨོན་ཞུ། ཨོཾ་མ་ཎི་པ་དྨེ་ཧཱུྃ།ཞེས་འཁོད།
༩ རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་པདྨ་མཁའ་འགྲོ་མཆོག་ནས། བོད་དང་བལ་ཡུལ་གྱི་ས་མཚམས་སུ་ས་ཡོམ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚད་མེད་བཟོས་འདུག་པ་ཤེས་འཕྲད་ཡིད་གདུང་ཚད་མེད་བྱུང་། ས་ཡོམ་ཁྲོད་ཤི་རྨས་ཐེབས་པའི་ནང་མིར་ཐུགས་གསོའི་མྱ་ངན་དང་འདས་པོ་དེ་དག་གི་རྣམ་ཤེས་བདེ་ཅན་དུ་སྐྱེ་བར་སྨོན་ཞེས་འཁོད།
༡༠ ཨི་རི་སིའི་སྲིད་འཛིན་པི་ཏྲིན་ནས་ཡང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བོད་དུ་ས་ཡོམ་རིམ་ཚད་༦་༨ བྱུང་སྟེ་མི་༩༥་ལྷག་གི་ཚེ་སྲོག་ཤོར་བར་མྱ་ངན་ཐུགས་གསོའི་འཚམས་ཞུས་བྱས་ཡོད་འདུག
༡༡ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས། དེ་རིང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཕྱོགས་སུ་ས་ཡོམ་གྱི་རྐྱེན་པས་ཚེ་སྲོག་ལ་གོད་ཆག་བྱུང་བར་ཐུགས་གསོ་མྱ་ངན་དང་ཤུལ་ལུས་ནང་མི་རྨས་སྐྱོན་བྱུང་བ་དག་གང་མགྱོགས་དྲག་སྐྱེད་ཡོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་གནས་བབ་འདིར་གཟབ་ནན་ལྟ་རྟོག་བྱ་མུས་དང་རོགས་སྐྱོར་དགོས་པའི་རེ་སྐུལ་བྱུང་ན་གྲ་སྒྲིག་ཨང་གསར་ཡིན་ཟེར།
༡༢ ཧིན་དྷུའི་ཆོས་ལུགས་ཀྱི་བླ་ཆེན་སྭོ་འ་མི་ཅི་དྷ་ནན་དྷ་སྭ་རཱ་སི་ཊ་ཏི་མཆོག་ནས། དེ་རིང་རྒྱ་གར་བྱང་ཕྱོགས་ཡུ་པོ་མངའ་སྡེའི་གནས་མཆོག་སངྒམ་ཆུ་བོའི་འགྲམ་ནས་ཉེ་ལམ་བོད་ནང་བྱུང་བའི་ས་ཡོམ་གོད་ཆག་སྐབས་རྐྱེན་ལམ་དུ་ཕྱིན་པ་དང་། གཞིས་ཁྱིམ་ལ་གཏོར་བཤིག་ཕྱིན་པ་དག་ལ་སྨོན་ལམ་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ད་རེས་ཀྱི་མར་མེའི་མཆོད་པ་འདི་ཡང་ཁོང་རྣམས་ལ་ཆེད་དུ་དམིགས་པ་ཞིག་ཡིན་ལ། ང་ཚོ་རྒྱ་གར་མི་མང་ཚང་མ་ཁྱེད་ཅག་དང་མཉམ་དུ་ཡོད། རྒྱ་གར་དང་རྒྱ་ནག་བོད་གསུམ་པོ་ཇི་སྲིད་བར་འཆམ་མཐུན་དང་ཞི་བདེ་མཉམ་གནས་སུ་གནས་དགོས་པ་ཡིན་ཟེར།
༡༣ པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ནི་བོད་འམ་ཨིན་ཡིག་གི་(Tibet)་ཀྱི་ཚབ་ཏུ་ཤིས་ཙང་ཞེས་འབོད་མཁན་ཐོག་མ་དེ་ཆགས་ཡོད། ད་དུང་གསུང་འཕྲིན་དེ་ཡང་རྒྱ་ནག་མི་མང་ལ་ཐུགས་གསོའི་མྱ་ངན་ཞུས་པ་བོད་མི་མང་ལ་ཞུས་མི་འདུག་པས། འདིར་བཀོད་འདོད་མ་བྱུང་།
བཞི་པ། ཕྱི་སྡོད་བཙན་བྱོལ་བོད་མིའི་སེམས་ནང་གི་དིང་རི།
ལོ་ངོ་ ༦༥ ཡི་ཡར་སྔོན་དུ་བོད་མི་རིགས་གཞིས་བྱེས་གཉིས་སུ་གྱེས་ཤིང་། གྱེས་དོན་དེ་ཡང་བཙན་འཛུལ་བས་དྲག་པོའི་དམག་དཔུང་ལྷ་ལྡན་ཞིང་དུ་འབྱོར་ཞིང་། མེ་མདའ་དང་མེ་སྒྱོགས་༸རྒྱལ་བ་རིན་པོའི་ཆེའི་བཞུགས་གནས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁར་མ་གཏད་བར་ཞི་འགྲིག་གནས་འཇགས་ཡོང་ཐབས་ལ་འབད་འབུངས་བྱས་ཀྱང་།་གྲུབ་འབྲས་མ་ཐོན་པར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཡུལ་དང་ཞལ་གྱེས་ཏེ་བཙན་བྱོལ་བ་ཆགས། དུས་དེ་ནས་བཟུང་བོད་གཞིས་བྱེས་གཉིས་སུ་གྱེས། ཡིན་ཡང་འདས་པའི་ལོ་ངོ་ ༦༥ རིང་དད་པ་དང་དམ་ཚིག་ལ་བཏགས་པའི་མི་རིགས་གཅིག་དང་རྩ་དོན་གཅིག་གི་ངོ་བོར་གཡོ་འགུལ་སྤུ་ཙམ་ཡང་བྱུང་མྱོང་མེད།
དེ་ཡང་དིང་རིར་ས་ཡོམ་བྱུང་མ་ཐག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཚེས་༧ ཉིན་ཐེངས་འདིའི་དིང་རི་གཙོས་གནོད་ཐེབས་གཞིས་བཞུགས་མི་མང་ལ་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་འོག་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་དང་། མི་མང་རྒན་གཞོན་ཕོ་མོ་སྟོང་ཕྲག་བརྒལ་བས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པར་ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།
དེ་འབྲེལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་དང་དེ་དག་ཁོངས་གཏོགས་དགོན་སྡེ་ཁག་ཡོངས་ནས་ཀྱང་ཐུགས་སྨོན་སྐྱབས་འཇུག་དང་མཆོད་འབུལ་སྨོན་ལམ་འཚོགས། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་རྨས་སྐྱོན་དང་ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་དུ་གཞུང་འབྲེལ་ལས་མཚམས་བཞག་ཐོག་མཆོད་འབུལ་སྨོན་ལམ་འཚོགས། ད་དུང་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཀྱི་གཞུང་ཁོངས་མ་ཡིན་པའི་སྒྲིག་འཛུགས་ཁག་དང་གང་ཟག་སྒེར་སོགས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཀྱི་མཆོད་འབུལ་སྨོན་ལམ་དང་སྐྱབས་བསྔོ་རྟེན་འབུལ་གྱི་དྲ་ལམ་ཁེངས་ཤིང་དིང་རི་དང་འབྲེལ་བའི་རང་གི་སེམས་ཚོར་དང་བརྙན། རྩོམ་ཡིག་སོགས་སྤེལ་ཏེ། ལས་པོ་ཁག་ཁག་ཡོད་ཀྱང་། སེམས་པ་མཉམ་དུ་ཡོད་པའི་བདེན་པའི་དཔང་པོ་ཚད་འཕེར་བྱུང་།
ལྔ་པ། རྒྱ་མི་རིགས་ཀྱི་མིག་ནང་གི་དིང་རི་བ།
དིད་རིར་ས་ཡོམ་བྱུང་རྗེས་ཀྱི་ཉིན་འགའི་རྗེས་སུ་རྒྱ་མི་རིགས་ཀྱི་ཕྱུག་བདག་Jack ma གཙོས་གློག་བརྙན་འཁྲབ་སྟོན་པ། གཞས་པ་གཞས་མ། སྙན་གྲགས་ཅན་གྱི་སྒྱུ་སྩལ་བ། ཐད་གཏོང་བ་དང་ཚོང་པ། སྒེར་གྱི་རོགས་སྐྱོར་ཚོགས་པ་སོགས་ཀྱིས་དིང་རིར་རོགས་སྐྱོར་དངུལ་འབོར་ཕོན་ཆེན་བསྒྲགས་སོང་ལ། ད་དུང་རྒྱ་རིགས་མང་པོ་ཞིག་རྒྱ་ནག་ནས་གནམ་གྲུ་དང་མེ་འཁོར་ལ་བསྡད་དེ་ས་ཡོམ་བྱུང་སའི་ཡུལ་དངོས་ལ་འགྲོ་གིན་འདུག་མོད། གཏོང་ཕོད་ཅན་གྱི་རྒྱ་མི་རིགས་དེ་དག་གི་རོགས་སྐྱོར་དོན་དངོས་ཡིན་པའི་དབང་དུ་བྱས་ཀྱང་། དིང་རིའི་གནོན་ཐེབས་མི་མང་གི་འཚོ་གནས་ལ་ཕན་ཐོགས་འབྱུང་མི་སྲིད་པ་འདས་པའི་ལོ་རྒན་དྲུག་ཅུ་རེ་ལྔའི་འཕེལ་རྒྱས་ཀྱིས་བདེན་པའི་དཔང་པོ་བྱས་ནས་ཡོད་པ་བཅས་སོ།།