ཤིས་ཚང་ལྗང་མྱུག
————–
གོ་ཐོས་སུ་འུ་ཚོའི་བོད་པ་བྱེས་སུ་མ་གྱར་བའི་ཡར་སྔོན་དེར་དྷ་རམ་ས་ལ་(Dharamsala)ན་རླངས་འཁོར་འགྲིམ་འགྲུལ་གྱི་གཞུང་ལམ་མེད་ལ།ཐོག་བརྩེགས་ཅན་གྱི་མགྲོན་ཁང་དང་ཟ་ཚོང་ཁང་སོགས་དེ་བས་ཀྱང་མེད་པར་སྐད། ཕྱི་ལོ་༡༩༦༠ལོར་བོད་བཙན་བྱོལ་གཞུང་འདིར་དབུ་བརྙེས་པ་ནས་བཟུང་རིམ་བཞིན་དྷ་རམ་ས་ལར་གྲོང་བརྡལ་ཞིག་གི་རྨང་གཞི་ཆགས་ཤིང་། ད་ལྟ་དྷ་རམ་ས་ལ་ནི་རྒྱ་གར་ཡུལ་མི་དང་བྱེས་གྱར་བོད་མི།གཞན་ཕྱི་གླིང་ཡུལ་སྐོར་བ་སོགས་མི་རིགས་སྣ་འདུས་ཀྱི་ས་ཚིགས་ཆེན་པོ་ཞིག་ཆགས་ཡོད་ལ། འཛམ་གླིང་ས་ཁྲའི་སྟེང་དུ་སུས་ཀྱང་དོ་སྣང་བྱེད་ཡུལ་གྱི་ས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།དེ་བས་དྷ་རམ་ས་ལར་ད་ལྟ་ཉིན་ལྟར་བོད་པ་ཐེ་བའི་མི་རིགས་འདྲ་མིན་གྱི་འགྲུལ་བ་བརྒྱ་ལྷག་རེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་པའི་ཚོད་དཔག་བྱས་ཀྱང་རྫུན་དུ་འགྲོ་མི་སྲིད་སྙམ། དྷ་རམ་ས་ལ་ཞེས་པ་ནི་རྒྱ་གར་སྐད་དེ། དེ་བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་མགྲོན་ས་ཞེས་སུ་འབོད་པར་བཤད།
ད་ལྟའི་དྷ་རམ་ས་ལ་ན་ཁ་ལྕེ་གློག་ཞགས་ལྟར་འཁྱུག་པའི་ཆབ་སྲིད་པ་ཡོད་ལ།མགོ་བདེ་དྲན་འཕྲུལ་ལ་བྱང་བའི་སྐབས་འཚོལ་བའང་ཡོད། ད་དུང་། མི་རིགས་རང་སྲོག་ལ་བསྡོ་བའི་རྒྱལ་ཞེན་པ་ཡོད་ལ།ཁུ་ཚུར་ཞེན་ཁོག་ཏུ་ངོམ་པའི་གདོང་འབག་ཅན་ཡང་ཡོད། དྷ་རམ་ས་ལ་ན། གཤིས་རྒྱུད་ལྷག་བསམ་གྱིས་གཏམས་པའི་ཤེས་ཡོན་པ་ལས་མེད་དུ་ལྷག་པ་ཡོད་ལ།རྐུབ་སྟེགས་ཨུ་ཚུགས་ཀྱིས་སྲུང་བའི་ཤེས་དམན་པ་གཞུང་ཞབས་སུ་འགྱིང་བའང་ཡོད། དྷ་རམ་ས་ལ་ན། བོད་ཡིག་དང་བོད་སྐད་མི་འཁྱོངས་པའི་བོད་པ་ཡོད་ལ།རྒྱལ་ཁབ་དང་མི་རིགས་མི་མཁོ་བའི་བོད་པའང་ཡོད། ད་དུང་དྷ་རམ་ས་ལ་ན་ཅི་ཡང་ཡོད།ནང་ཆོས་ཉམས་ལེན་བསམ་སྟེ་ནུབ་ཕྱོགས་ནས་ཆེད་དུ་ཡོང་བའི་ཕྱི་གླིང་བ་ཡོད་ལ། རྒྱལ་བའི་ཐུགས་གཤིས་ཀྱིས་བཀུག་སྟེ་བོད་དོན་ལ་སེམས་ཁུར་ནོན་པའི་ཡུལ་སྐོར་བའང་ཡོད།ཡང་དེ་ལས་ལྡོག་སྟེ་མི་ཚེའི་གཉེན་དོན་གྱི་ཆེད་དུ་བཟའ་ཟླ་དགའ་གྲོགས་བཙལ་བའི་ནུབ་ཕྱོགས་པ་ཡོད་ལ། སྐྲ་ལོའི་ཁ་དོག་བསྒྱུར་སྟེ་ཕྱི་གླིང་ཨ་མར་གཉེན་དུ་བསྡེབས་པའི་ལོ་གཞོན་བོད་པ་ཡང་ཧ་ཅང་མང་། དྷ་རམ་ས་ལ་ན་ངོ་མ་ཅི་ཡང་ཡོད། གྲྭ་སའི་སློབ་གཉེར་བཞག་སྟེ་སྐྲ་ལོ་ལྟག་ལ་ཤད་པའི་གྲྭ་བཙུན་མང་ལ།ཕྱིར་བགྲོད་ཐོངས་ཆེན་ཕྱིར་དུ་མགོ་བོའི་སྐྲ་ལོ་གཏུབ་པའི་སྐྱ་བོའང་ཡོད།
མདོར་ན། དྷ་རམ་ས་ལ་ན། མི་རིགས་ཤིག་གི་བདེན་དོན་སྐྱོར་བའི་ཆབ་སྲིད་འཛིན་སྐྱོང་གི་ལྟེ་བ་ཡོད་ལ། ཉིན་མཚན་དུས་དྲུག་ཏུ་བོད་པའི་བདེ་སྡུག་ཐུགས་སུ་བརྣག་པའི་གངས་རིའི་མགོན་པོའི་གཟི་བྱིན་མཆིས།
དྷ་རམ་ས་ལ། མི་ལོ་ལྔ་བཅུའི་ལོ་ཟླ་རེ་སྒུག་གིས་ཟད་པའི་ངེད་བོད་པ་ཚང་གི་ལོ་རྒྱུས་ཀྱི་དཔང་བོ་ཉིད། ངོ་མ་ཁྱོད་ཀྱི་པང་ན་ཅི་ཡང་མངའ་ལ། ཅི་ཡང་མཆིས།
༢༠༠༨།༡༢།༢༦དགོང་མོར་བྲིས།
དྲ་གྲོགས་ཤིས་བུ་ལགས། ངོ་མ་རེད། རྡ་རམ་ས་ལ་སྣ་མང་འདུས་ས་ཞིག་རེད། ད་དུང་དེའི་མ་ཚད་གཟན་དམར་འོག་ནས་གློག་དམར་འཁྲབ་མཁན་སོགས་མང་པོ་ཡོད།
དྲ་གྲོགས་ཤིས་བུ་ལགས། ངོ་མ་རེད། རྡ་རམ་ས་ལ་སྣ་མང་འདུས་ས་ཞིག་རེད། ད་དུང་དེའི་ཚད་གཟན་དམར་འོག་ནས་གློག་དམར་འཁྲབ་མཁན་སོགས་མང་པོ་ཡོད།
དྷ་རམ་ལ་ན་ཅི་བས་མང་བ་དེ་གྲྭ་པ་ཆོས་མེད་དེ་ཚོ་རེད། དེ་ཚོས་ཕྱི་གླིང་མགོ་སེར་དེ་རྐུབ་ལྡག་ནས་འགྲོ་བ་མངོན་གསལ་དུ་མཐོང་རྒྱུ་ཡོད། འོན་ཀྱང་ལྷོ་ཕྱོགས་ཀྱི་གདན་ས་ཁག་ན་སློབ་གཉེར་ལ་རྩེ་གཅིག་ཏུ་འབད་པ་བྱེད་མཁན་ཡོད་ལ། ཆོལ་ཁ་ཆོས་ལུགས་ཀྱི་རྩོད་པ་རྐྱང་རྐྱང་མགོ་འཁོར་མཁན་གྱི་གྲྭ་གཟུགས་འཛིན་པའང་དེ་བས་མང་པོ་ཡོད། ད་དུང་ཨ་ནེ་གྲྭ་པས་གློག་བརྙན་སེར་པོ་འཁྲབ་པའི་ལོ་རྒྱུས་ཀྱང་གསལ་ལྗེན་དུ་མཐོང་རྒྱུ་ཡོད། སྤྱི་ཚོགས་གང་ཡིན་ཡང་ཡོད་མོད། དེ་དག་རེ་རེ་བཞིན་འབྲི་ཐུབ་ན་ལྟད་མོ་མང་པོ་ཡོད།
འདིར་བསམ་ཚུལ་དང་མཐོང་ཐོས་འདྲ་མིན་ཁྱེར་ནས་ཤོག་དང་ང་ཚོས་བགྲོ་གླེང་ལྷུག་པོར་བྱ་ཆོག དྲ་གྲོགས་ཚོ།
ཆོས་གོས་སེར་པོ་མནབས་པའི་གྲྭ་བཙུན་མང་། །
མགོ་སྐྲ་སེར་པོ་ཅན་གྱི་ཕྱི་གླིང་མང་། །
གློག་བརྙན་སེར་པོ་འཁྲབ་པའི་འཆལ་སྤྱོད་མང་། །
རྡ་སའི་རི་གྲོང་ཁ་དོག་སེར་པོ་ཡིན། །
རྡ་སའི་གྲོང་གི་སྐྱོན་ཆ་མ་གཏོགས་ལེགས་ཆ་རེ་མཐོང་རྒྱུ་འདུག་གམ། དྲ་གྲོགས་ཚོ་ཡོད་ན་གསུང་རོགས་ཞུ།