ལྷ་རྩེའི་ཁུ་བྱུག
སྒ་སྐྱེ་དགུ་མདོའི་སྲང་ལམ་དང་གཞི་མདོ། ཟ་ཁང་དང་ཚོང་ཁང་སོགས་སུ་ལྗོན་བཟང་འདྲ་བའི་ན་གཞོན་ཕོ་མོ་སྐོར་ཞིག་དང་། མེ་ཏོག་འདྲ་བའི་སློབ་ལོ་ལོན་པའི་བྱིས་པ་སྐྱེ་མཆེད་གྲུང་པོ་འགའ་དང་། སྟག་གཟིག་འདྲ་བའི་གྲྭ་གཞོན་འབོལ་ཆེན་ཞིག་གིས་ཡར་འགྲོའི་མི་ལ་ལག་གཟེད། ཕྱིར་ཡོང་མི་ལ་མཐེ་བོང་ཀེར། ཟ་བའི་འགྲམ་ནས་སྐད་རྒྱག འཐུང་བའི་གློ་ནས་རེ་བ་བཏོན། ཉོ་སའི་འཁྲིས་ནས་ལྕེ་སྣར་བའི་སློང་མོ་བ་བོད་རིགས་ན་གཞོན་དར་མའི་ཁྱུ་ཚོགས་ཤིག་འདུག འདི་ཚོ་ཞ་ལོང་ལྐུག་གསུམ་གྱི་སྐྱོན་དང་། ཡན་ལག་ཉིང་ལག་ཆད་པའི་རིགས་དང་། རྒས་འཁོགས་སྟོབས་ཉམས་ཀྱི་ཚད་ལ་ཐོན་མི་འདུག
རིག་གནས་སློབ་ན་དབང་པོ་གསལ་ཐིག ངལ་རྩོལ་བརྒྱབ་ན་ལུས་སྟོབས་དར་སྒང་། རང་ཁ་གསོས་ན་རྣམ་ཤེས་བཟང་བའི་དུས་ཚོད་དེར་ཏག་ཏག་བསླེབས་འདུག ངའི་མཐོང་ལམ་དུ་ཡོད་པའི་སྤྲང་པོའི་ཁྱུ་ཚོགས་འདི་སྒ་སྐྱེ་དགུའི་མདོ་ཁོ་ན་ལ་བབས་པ་ཞིག་ལར་ནས་མིན་ཏེ་དབུས་ཉི་མ་ལྷ་ས་ནས་རྒྱ་ཁྲིན་ཏུའི་གྲོང་གི་བར་དུ་གྲོང་དང་གྲོང་བརྡལ་སོགས་སུ་ལས་ཀ་དང་སློབ་གྲྭ་ལས་བྱོལ་བའི་ན་གཞོན་སེར་སྐྱ་སྤྲང་པོ་ཅི་བས་མང་བ་འདུག །ཁོ་པ་དག་གཞན་སྔུན་ནས་འུ་ཐུག་ག་ཆད་ཀྱིས་མཐེབ་མོ་སྒྲེང་མཁན་ཤ་སྟག་རེད། འདིས་ང་ཚོའི་གནས་སྟངས་མཚོན་ནམ། དགའ་ཕྱོགས་མཚོན་སུས་ཤེས།
ཡིན་ནའང་། སྡུག་མི་རིག་ལྷམ་ནང་ཀོ་སོ་ཟེར་བའི་དཔེ་ལྟར། ཁོ་པ་ཚོས་གདོང་སྐྱོ་པོ་མི་ལ་བསྟན་ནས་གཞོན་ལག་འདང་ཆེན་གཞན་ལ་གཟེད་ནས་སྤྲང་ཉུལ་རྒྱག་དགོས་པ་འདི་ཐབས་མེད་དབང་མེད་དུ་འཁྱམས་པ་ཡིན་ནམ། རང་ཁ་གསོ་བའི་ངལ་རྩོལ་ལ་འཇིགས་ཏེ་ངན་པ་ལང་ཤོར་དུ་སོང་བ་ཡིན་ཤོད་ཚོད་མི་འདུག
ཕྱི་ལོ་2014 ཟླ་10 ཚེས་03 ཉིན་སྒ་སྐྱེ་དགུའི་མདོ་ནས་ཤར་མར་བྲིས།
ཨ་ཁ་ཁ། སྙིང་གཅེས། སྤྱི་སྒེར་གཉིས་ཀས། ཕན་ཐོགས་གང་ཐུབ་བྱེད་དགོས།
ཁོང་ཚོ་ལ་དངུལ་སྤྲད་པ་ལས་ཁོང་ཚོའི་ལག་ཏུ་ཏོག་ཙེ་དང་ལྕགས་འཁྱེམ་ཁབ་དང་སྐུད་པ་སྤྲད་ན་ལེགས་་་་ཡང་ན་དེང་སང་དགོན་པ་ཁག་ཏུ་གྲྭ་བ་བྱེད་མཁན་མི་རེག་པའི་དཀའ་ངལ་ཡོད་འདུག་པས་དགོན་པར་བཏང་ནས་རིག་གནས་སྦྱོང། ཡང་ན་འབྲོག་སར་བསྡོད་མཁན་མི་རེག་པའི་དཀའ་ངལ་ཡོད་འདུག་པས་འབྲོག་པར་བཏང་ནས་རྫི་བོར་གཏོང། དངུལ་དམར་རྐྱང་སྤྲད་ན་ངན་ལངས་སུ་ཤོར་ནས་ལས་ཀ་བྱེད་འདོད་ཀྱི་མ་རེད།