གནས་ཚུལ་གཏོང་མཁན། རྨེའུ་དཀོན་རྒྱམ།
ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་ལྔ་ཡས་མས་སུ་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་ཡུལ་ཚོའི་རུ་ཆེན་གསུམ་པའི་མགོན་ཁོ་ཚང་གི་ཡིན་པའི་རྩོམ་པ་པོ་རྨེའུ་བཟོད་པ་ལགས་རྨེའུ་རུ་མའི་ཡུལ་ཚོ་ནས་རྔ་བ་རྫོང་ཐོག་ཏུ་རླངས་འཁོར་ཞིག་གི་ནང་དུ་འགྲོ་བཞིན་པའི་ལམ་བར་ནས། རྔ་བ་རྫོང་གི་བདེ་འཇགས་ལས་ཁུངས་ཟེར་བ་དང་ཉེན་རྟོག་མི་སྣ་མཉམ་རུབ་ཀྱིས་རྫིག་རྫིག་གིས་དྲག་རྔོམ་ཆེན་པོའི་ཐོག་ནས་ཁོང་དང་ཁོང་གི་ཅ་དངོས་སོགས་མཉམ་དུ་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ཡང་ཁོང་བཙན་ཁྲིད་བྱེད་དགོས་དོན་རྒྱུ་མཚན་ཁ་གསལ་བྱུང་མེད་ནའང་། ཡུལ་མི་དང་འབྲེལ་ཡོད་རྣམས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཁོང་གིས་༼རྨེའུ་བཟོད་པའི་འཕྲིན་སྟེགས་༽ཟེར་བའི་སྒེར་ངོས་ནས་ཟིན་བྲིས་ཤིག་གཉེར་ནས་རང་དང་གཞན་གྱིས་བྲིས་པའི་བོད་ཀྱི་རང་དབང་དང་རང་ལུས་མེར་སྲེག་སྐོར། བོད་དོན་འཐབ་རྩོད་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྔ་ཕྱིར་བརྒྱུད་སྤེལ་བྱས་དང་བྱེད་བཞིན་པ་མ་ཟད། ལྷག་པར་སྒེར་གཉེར་ཟིན་བྲིས་དེའི་ནང་དུ་༼རང་དབང་གི་ཆེད་དུ་ལག་པ་གནམ་ལ་ཕྱར་བ།༽ཞེས་པ་དང་། ཉིན་ཤས་སྔོན་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་མོ་ཚེ་པེ་སྐྱིད་ལགས་ཀྱི་བློས་གཏོང་དང་ཆོད་སེམས་ཀྱི་སྐོར་ལ་ཁོང་གིས་རྒྱ་ཡིག་ཐོག་བྲིས་པའི་༼དཔའ་མོ།༽ཞེས་པ་དང་། ༼ཁྱི་རྒན་ཚང་ད་འདུག་གི་མི་འཇུག་ནས། བཙན་འཛུལ་བྱེད་རྒྱུ་མང་མེད་ན་ཉུང་མེད་༽སོགས་ཀྱིས་རྐྱེན་མིན་འགྲོ་སྙམ་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག
ཁོང་གི་ཕ་ཡུལ་ནི་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་ཡུལ་ཚོའི་རུ་ཆེན་གསུམ་པ་ནས་ཡིན་པ་དང་། ཁྱིམ་མིང་ལ་མགོན་ཁོ་ཚང་ཟེར་ཞིང་ཁོང་ད་ལྟ་རང་ལོ་ ༢༡ ཡིན་པ། ཨ་ཕའི་མིང་ལ་མགོན་ཁོ་དང་ཨ་མའི་མིང་ལ་དཔལ་ཁོ། སྲིང་མོ་གཅིག་བཅས་ཡོད་འདུག སྔོན་མ་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ཞིག་ཡིན་ཞིང་ད་སྐབས་ལན་ཀྲུར་རྟེན་གཞི་བྱས་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་ཞུགས་ཆེད་སྦྱོང་འཛིན་གྲྭ་གཉིས་པ་ཡིན་འདུག་ལ། ཁོང་གི་ཆེད་སྦྱོང་སློབ་ཚན་ནི་རྩོམ་རིག་སྐོར་ཡིན་འདུག
རྒྱ་གཞུང་གིས་ ༢༠༠༨ ལོའི་ཞི་རྒོལ་རྗེས་སུ་རྔ་བ་ཁུལ་ལ་ཆབ་སྲིད་ཀྱི་སློབ་གསོ་༼དགུ་སྣོན་གསུམ་སློབ་གསོ་༽ཟེར་བ་སོགས་ནི་ཞིང་འབྲོག་དམངས་ཚོགས་དཀྱུས་མའི་བྱིས་པ་ལོ་བཅོ་བརྒྱད་ལ་མ་ཟིན་པ་རྣམས་རྒྱ་ནག་ཁྲིན་ཏུའུ་སོགས་ལ་བཙན་ཁྲིད་བྱས་ཏེ་རྒྱ་གཞུང་གི་ལངས་ཕྱོགས་དང་རྒྱ་ནག་གི་གོམས་གཤིས་སོགས་འཇགས་ཐབས་ཀྱི་ཆེད་གཉེར་གྱིས་སྲིད་བྱུས་དེའི་ཁུངས་སུ་ཚུད་ནས་སློབ་གྲྭར་མི་འགྲོ་ཐབས་མེད་བྱུང་འདུག་རུང་། སློབ་གྲྭ་དེར་ཡུན་རིང་མ་བསྡད་པར་རྗེས་ནས་ནུབ་བྱང་མི་རིགས་སློབ་ཆེན་ལ་དངོས་ཞུགས་སློབ་མ་བྱས་པ་མ་ཟད། གུང་སེང་དང་སྟབས་བསྟུན་རང་གི་ཕ་ཡུལ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་ནས་ཁོང་དང་ཁོང་གི་གྲོགས་པོ་ཁག་ཅིག་གིས་༼སྨྲ་དབང་མེད་པའི་འུ་ཅག༽ཟེར་བ་སོགས་བགྲོ་གླེང་ཚོགས་འདུ་མང་པོ་ཞིག་གོ་སྒྲིག་བྱེད་མྱོང་ཡོད་འདུག
ཁོང་གི་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་སྐྱོ་བོ་ཞིག་ཡིན་པས། སློབ་གྲྭའི་གུང་སེང་དང་སྟབས་བསྟུན་རྨེའུ་རུ་མའི་ཡུལ་ཚོའི་སྟེང་ནས་༼བོད་སྒྲ་བརྙན་གླིང་༽ཟེར་བའི་འོད་སྡེར་བཙོང་ས་ཞིག་གཉེར་ནས་སློབ་ཡོན་རང་ངོས་ནས་བཙལ་བཞིན་ཡོད་འདུག རྒྱུན་ལྡན་ཁོང་ནི་དཔེ་ཀློག་དང་རྩོམ་ཡིག་འབྲི་རྒྱུ། བོད་ཀྱི་རྩ་དོན་སྐོར་བགྲོ་གླེང་བྱེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག འདི་ལོའི་དབྱར་ཁ་འཕྲུལ་རྟ་བརྡབ་སྐྱོན་བྱུང་ནས་ཁོང་གི་རྐང་བ་བཅགས་ནས་ད་དུང་དྲག་སྐྱེད་བྱུང་མེད་པ་མ་ཟད་ལག་རྟེན་ལ་མ་བརྟེན་པར་འགྲོ་སྐྱོད་མི་ཐུབ་པའི་གནས་སུ་ལྷུང་འདུག་བཅས།
གནས་ཚུལ་མཁོ་སྤྲོད་པ། དགུ་བཅུ་གསུམ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པའི་དྲུང་ཆེ་ཟུར་བ་རྨེའུ་དཀོན་རྒྱམ་གྱིས།
ཁ་པར་ཨང་གྲངས། 9816356766
གློག་འཕྲིན་ཁ་བྱང་། kungam2000@gmail.com
རྨེའུ་དཀོན་རྒྱམ། Kungam
(སྤྱི་ཁྱབ་དྲུང་ཆེ་ཟུར་བ། Former General Secretary)
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
GU-CHU-SUM Movement of Tibet
(Ex-political Prisoners’ Association)
Office, Mcleod Ganj Dharamsala
(HP) 176219 India
Tel: (+91)01892-220680/ 221379
www.gu-chu-sum.org
E-mail: guchusum1991@gmail.com
ལག་ཁྱེར་ཁ་པར་ཨང་གྲངས། 9816356766
གློག་འཕྲིན་ཁ་བྱང་། kungam2000@gmail.com
སྨྲ་བརྗོད་རང་དབང་དང་རྩོམ་འབྲི་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན། རྒྱ་དམར་གཞུང་གི་རྩ་ཁྲིམས་འོག་ཏུ་འདི་ལྟ་བུའི་སྤྱིར་བཏང་གི་རང་དབང་ཡང་མེད་པས། བོད་མིའི་རང་དབང་རྡོག་རོལ་གཏོང་མཁན་ཚང་མར་ངོ་རྒོལ་ཡོད།