ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གོ་སྒྲིག་གནང་མཁན་གྱི་ཞུ་ཚིག
ཤར་ཕྱོགས་ཁུག་རྟ།
༄༅། ། ཚེ་རབས་གཏན་གྱི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་མཁས་པའི་དབང་པོ་ཟམ་གདོང་རིན་པོ་རྣམ་གཉིས་ལ་གུས་ཕྱག་སྔོན་དུ་བཏང་ནས་ཤེས་ཡོན་པ་ཚང་མར་འཚམས་འདྲི་དང་བཅས་ཞུ་རྒྱུ། ན་གཞོན་ཤེས་ཡོན་པའི་བསམ་ཚུལ་སྤུངས་སའི་གླེང་སྟེགས་སྒོར་མོ་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་དོན་དང། དེ་བཞིན་གླེང་སྟེགས་སྒོར་མོ་ཐེངས་དང་པོའི་བརྗོད་གཞི་༼ རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་༽ཞེས་པའི་ཐད་རྒྱུན་གྱི་འཆར་སྒོ་ཁག་ལས་དྲན་པ་ཉུང་ཙམ་ཞུ་འདོད་བྱུང།
ལོ་ངོ་གཅིག་ཙམ་གྱི་གོང་དུ་རྩོམ་རིག་གཟེངས་རྟགས་ཀྱི་ལས་གཞི་ཞིག་དང་འབྲེལ་ནས་ན་གཞོན་ཤེས་ཡོན་པར་སྐབས་བབ་ཀྱི་གནད་དོན་ཐད་བསམ་ཚུལ་སྤུངས་སའི་སྡིངས་ཆ་འདི་འདྲ་ཞིག་ཡོད་ན་ཞེས་རེ་བ་བྱས་ནའང། རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ད་བར་དངོས་སུ་གོ་སྒྲིག་བྱེད་མ་ཐུབ། ད་ལྟ་མཁས་དབང་རྒན་རབས་པ་རྣམ་པའི་ངོས་དང་ན་གཞོན་ཤེས་ཡོན་ཅན་ཁྱེད་རྣམ་པ་བཅས་ཀྱི་གཟིགས་རྒྱང་ལ་བརྟེན་ནས་དེ་རིང་དངོས་སུ་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གྱི་སྡིངས་ཆ་བསྐྲུན་ཐུབ་པ་བྱུང་བ་ནི་ཕྲན་ནས་རྒྱུན་སྐྱོང་བྱ་དགོས་པའི་རླབས་ཆེན་གྱི་ལས་གཞི་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། ཤེས་ཡོན་ཅན་པ་ནི་ཁྱིམ་ཚང་དང་སྤྱི་ཚོགས་མི་རིགས་བཅས་ཀྱི་འཚོ་གནས་འཆའ་ཕྱོགས་ཀྱི་ངོ་བོ་དང་དེའི་སྙིང་དོན། མདུན་ལམ་བཅས་མཐོང་མཁན་གྱི་གང་ཟག་ཅིག་རེད་ཟེར་སྲོལ་ཡོད་ནའང། རང་ཅག་གི་གནས་བབ་བཙན་བྱོལ་བར་སོང། མི་རིགས་ཀྱི་ཁྱད་ནོར་ཁོངས་སུ་ཆུད་པ་དང། དེས་དྲངས་པའི་བོད་ཀྱི་རྩ་དོན་སྒྲུབ་འདུན་ཤར་བ་ཙམ་གྱིས་མི་འགྲིག་པར། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཁྲོམ་རྭའི་འགྱུར་རླབས་ཁྲོད་བོད་དང་བོད་ཀྱི་ཁྱད་ནོར་དང་བཅས་པ་སྲུང་འཛིན་ཐུབ་པ་གཏན་འཁེལ་གྱི། བོད་མིའི་མངོན་འདོད་དང་མཐུན་པའི་གནས་བབ་ཅིག་འཚོལ་བར་རྒྱུ་མཚན་ཡང་དག་གི་རྣམ་དཔྱོད་རང་རྒྱུད་དུ་སྐྱེ་བ་བར་བྱེད་པ་ནི་ང་ཚོའི་འོས་འགན་གོང་ན་མེད་པ་དེ་རེད་བསམས།
དེ་རིང་འདིར་འཛོམས་པའི་ཤེས་ཡོན་ཅན་རྣམས་ལ་བོད་ཀྱི་རིག་གནས་ཀྱིས་སྩལ་པའི་རྩ་དོན་སྒྲུབ་འདུན་གྱི་སྙིང་སྟོབས་གཞལ་དུ་མེད་པ་ཞིག་ཡོད་སྟབས། སྙིང་སྟོབས་དེ་གཞི་རྩ་བྱས་པའི་བཤད་མ་ཐག་པའི་གནས་བབ་ལག་དུ་སོན་རྒྱུར་སྲིད་དོན་ཚན་རིག་ལ་ཐུགས་སྣང་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་ལ། བཙན་བྱོལ་བོད་མིའི་ཤེས་ཡོན་པ་ནི་བོད་ཀྱི་ཁྱད་ནོར་ གཞི་རྩ་བྱས་པའི་ཆབ་སྲིད་ཐོག་ཆ་ཤས་ཤུགས་ཆེར་ལེན་མཁན་གྱི་གང་ཟག་ཅིག་ཡིན་དགོས་པར་ངོས་འཛིན་ཞུ་འདོད་བྱུང། ང་ཚོས་འབྱུང་འགྱུར་སྡིངས་ཆ་འདིར་བོད་རིག་པ་དང་སྐབས་བབ་ཀྱི་གནད་དོན་བྱེ་བྲག་པ་གང་ལ་གྲོས་བསྡུར་བྱ་ནའང། ང་ཚོའི་མི་རིགས་ཀྱི་འཆི་གསོན་དང་འབྲེལ་བའི་རྩ་དོན་ཆབ་སྲིད་ཐད་གླེང་སློང་མི་བྱེད་ག་མེད་ཡིན་སྟབས། སྡིངས་ཆ་འདི་ཉིད་བཙན་བྱོལ་ཤེས་ཡོན་པའི་ལོ་རྒྱུས་དང་གནས་བབ་བཅས་ལ་མིང་དོན་མཐུན་པ་ཞིག་ཡོང་ཆེད་ད་ལྟ་ནས་ཚང་མས་ལམ་སྟོན་དང་དགོངས་འཆར་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་ཚད་དང། སྐད་ཡིག སློབ་གསོའི་ལམ་ལུགས། ཤེས་ཡོན་པ་སྐྱེད་སྲིང། རྩོམ་ཡིག་དང་བརྩམས་ཆོས་ངོས་འཛིན་དེར་ཆེར་བསྟོད་བྱ་རིམ་བཅས་ལ་ད་བར་ཤེས་ཡོན་ཅན་རྣམས་ནས་དམིགས་བསལ་ནུས་པ་ལྡན་ལ་སྒྲིག་འཛུགས་རང་བཞིན་གྱི་སྤྱི་སྨན་བསམ་འཆར་སྤེལ་མེད་སྟབས། དེ་དག་ཐད་མགྱོགས་ནས་མྱུར་ཏུ་གོམ་པ་མདུན་བསྐྱོད་ཀྱིས་སྡིངས་ཆ་ཐབས་ལམ་འདྲ་མིན་ཐོག་གོ་སྒྲིག་བྱ་འཆར་ཡིན་ལ། དཔེར་ན། བཙན་བྱོལ་ནང་གི་མཁས་དབང་རྒན་རབས་པ་དང་མཉམ་དུ་དྲི་བ་དྲིས་ལན་གྱི་ལམ་ནས་ཤེས་ཡོན་པ་ཚོས་གོང་གི་གནད་དོན་ཆེ་ཁག་ཐད་གྲོས་བསྡུར་བྱེད་པ། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་རྣམས་པ། གདན་སའི་མཁན་ལས་སྣེ་བཅས་དང་མཉམ་དུ་ད་ཡོད་སློབ་གསོའི་ལམ་ལུགས་ལ་ཤེས་རྟོགས་དང་དེར་སྤྱི་སྨན་བསམ་ཚུལ་འབུལ་ཐུབ་མིན་ལྟ་རྒྱུ་བཅས་རྣམ་གྲངས་མང་པོའི་ཐོག་ང་ཚོས་མཉམ་རུབ་བྱེད་དགོས་པ་ཁག་གི་ཟུར་ཙམ་འདིར་ཞུས་པ་ཡིན་ན་སྡིངས་ཆ་འདི་རྒྱུན་གནས་སྲ་བརྟན་ཡོང་མིན་གཙོ་བོ་གོང་གི་གནད་དོན་དེ་དག་དང་འབྲེལ་བ་ཡོད་ནའང། གནད་དོན་དེ་རྣམས་ལ་གླེང་སློང་བྱ་མཁན་གཙོ་བོ་ཤེས་ཡོན་པ་ཚོ་ཆགས་ཡོད་པས་རང་འགན་འཁུར་གྱིས་ལེན་རྒྱུར་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
སྐབས་དོན་དེ་རིང་ཚོགས་ཆེན་ཐེངས་དང་པོའི་བརྗོད་གཞི་དང་འབྲེལ་ནས་རང་ལུས་མེར་སྲེག་གིས་གླེན་ནག་འོན་ལྐུགས་བཟོས་ཟིན་པའི་ཁོ་བོར་མཚོན་ན། བློ་ཡིད་དུ་མི་ཤོང་པའི་ཁོང་རྣམས་ཀྱི་བློས་གཏོང་དེར་གུས་འདུད་རྗེས་དྲན་ཞུ་རྒྱུ་ཙམ་མ་གཏོགས། དེར་གྲུབ་འབྲས་ཐོན་ཐབས་ཀྱི་གདེང་ཚོད་བསྐྲུན་རྒྱུར་རྣམ་དཔྱོད་ཕག་གི་མཚུངས་ཟླར་སོང་ནའང། ཤེས་ཡོན་ཅན་རྣམས་ཀྱིས་གྲོས་བསྡུར་བྱས་ན། གཅིག་བྱས་ན་ཛ་དྲག་གི་སྐབས་འདིར་ང་ཚོས་སྤྱི་སྨན་བསམ་འཆར་རེ་བསྲུབས་ཐུབ་ཀྱི་རེད་ལ། གལ་སྲིད་མ་ཐུབ་ཀྱང། འདོད་ན་མི་འདོད་ན། ཤེས་ན་མི་ཤེས་ན་དུས་རབས་ ༢༡ ནང་གནས་བབ་ཚད་འདིར་ལྷུངས་པའི་བོད་ཟེར་བའི་མི་རིགས་འདིའི་བཙན་བྱོལ་ཤེས་ཡོན་པའི་གྲལ་དུ་དེ་རིང་གི་ཚོགས་ཞུགས་པ་རྣམས་མི་བརྩི་ཐབས་མེད་ཡིན་སྟབས། ལོ་རྒྱུས་ཀྱི་འགན་འཁྲི་དང་འོས་བབ་གཉིས་ཆ་ནས་ཛ་དྲག་གི་སྐབས་འདིར་སྦས་སྐུང་བྱ་ས་གཏན་ནས་མེད་སྟབས། ཚོགས་ཆེན་དང་པོའི་བརྗོད་གཞི་འདེམས་ཕྱོགས་ནི་ན་གཞོན་ཤེས་ཡོན་པ་ཚོར་བོད་ཀྱི་གནད་དོན་གང་ཅིའི་ཐད་རང་མགོ་རང་ཐོན་ཡོང་ཆེད་ཀྱི་གོམ་སྟབས་གསར་པ་ཞིག་ཡིན། ཚང་མས་མཁྱེན་གསལ་བཞིན། ཕྱི་ལོ་ ༢༠༠༩ ནས་དེ་རིང་བར་རང་ལུས་མེར་བསྲེགས་གཏོང་མཁན་ ༧༤ བྱུང་སྟེ། དེའི་ཁྲོད་ ༦༠ གཤེགས་ཟིན་པ་དང། གཞན་རྣམས་ཀྱི་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད། དེ་བཞིན་བཙན་བྱོལ་དུ་བོད་མི་ ༥ རང་སྲེག་བཏང་ནས་ ༢ གཤེགས་ཟིན། རང་སྲེག་གཏོང་མཁན་མང་ཆེ་བ་བོད་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་ཀྱི་མི་རབས་གསུམ་པའི་ཁོངས་སུ་གཏོགས་ཤིང། ཁོང་རྣམ་པའང་ང་ཚོ་ལྟར་སྤྱི་མཚུངས་སྐར་ལྔའི་དར་དམར་འོག་ནས་འཚར་ལོངས་བྱུང་བ་ཞེ་གཅིག་ཡིན། རྒྱ་ནག་གི་བཙན་དབང་བོད་ཐོག་ལག་བསྟར་བྱས་པ་ནས་ཚད་ལས་བརྒལ་ཞིང་མི་སྤྱོད་ལས་འདས་པའི་གཉའ་གནོན་རིམ་བྱས་ལ་བོད་གངས་ཅན་ལྗོངས་ཀྱི་མི་རབས་གསར་པ་ཚོའི་ངག་རྒྱུན་དུ་འཇགས་པའི་”ལྔ་དགུ་ལོ་”ཞེས་བགྲང་ན་སྐྱི་གཡའ་བའི་མིང་ཞིག་ཡོད་ཅིང། གནམ་ས་ཁྲག་གིས་བརྫུས་པའི་དུས་སྐབས་དེ་ནས་ལོ་རབས་དྲུག་ཅུ་དང། ལོ་རབས་བརྒྱུད་བཅུ། སྟོང་ལོ་གསར་པའི་ས་བྱི་ཞི་རྒོལ་བཅས་ཀྱི་བར། བོད་མི་ཚོས་བོད་ཀྱི་བདེན་དོན་འཐབ་རྩོད་བར་མ་ཆད་པར་གནང་བ་ནི་རང་སྲེག་འཐབ་རྩོད་ཀྱི་བརྒྱུད་རིམ་ཆགས་ཡོད།
ད་ལྟ་ང་ཚོའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ནང་རང་སྲེག་བྱུང་རྐྱེན་ནི་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་ཡིན་པར་ངོས་འཛིན་བྱེད་པ་ནི་དངོས་བདེན་དུ་གྲུབ་ཀྱང། རྒྱལ་སྤྱིའི་ནང་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་ལ་རྣོ་ངར་ཅན་གྱི་ཁ་གཏད་གཅོད་མཁན་ཕར་ཟད། ཐ་ན་རྣོ་ངར་ཅན་གྱི་ཚིག་འགྲོས་ཙམ་ཡང་བེད་སྤྱོད་བཏང་སྟེ་གཤེ་གཤེ་གཏོང་མཁན་གཅིག་ཀྱང་མ་བྱུང་བ་ནི། ང་ཚོར་ལན་མེད་པའི་དྲི་རྟགས་ཤིག་རེད། ང་ཚོས་དྲི་རྟགས་འདི་ལ་ཅི་ལྟར་ལན་འདེབས་བྱེད་ཀྱི་ཡིན་ནམ། རང་སྲེག་གི་གྲངས་ཚད་བརྒྱ་ལ་ཉེ་བར་རྒྱལ་སྤྱིས་རྒྱབ་སྐྱོར་གནང་ཕྱོགས་འདི་ནི་ང་ཚོའི་ད་ལྟའི་དངོས་ཡོད་གནས་བབ་རེད་དམ། གལ་སྲིད་རྒྱལ་སྤྱིའི་ནང་གི་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་འདི་འདྲ་ཞིག་ཡིན་ན། འཐབ་རྩོད་རང་སྲེག་འདི་ཉིད་གནས་བབ་དེ་དང་དོ་མཉམ་པ་ཞིག་རེད་དམ། རང་སྲེག་ནི་ཆབ་སྲིད་འཐབ་རྩོད་ཅིག་རེད་ལ་དེར་གྲུབ་འབྲས་ཤིག་ཀྱང་ངེས་པར་དུ་དགོས་པ་ཡིན། གང་ཡིན་ཞེ་ན། ཆབ་སྲིད་འཐབ་རྩོད་ཁག་གི་ནང་སྲོག་བཏང་བའི་འཐབ་རྩོད་ཅིག་ལ་གྲུབ་འབྲས་མ་ཐོན་པ་ཉུང་ཉུང་རེད། གལ་སྲིད་མ་འོངས་འགྱུར་བའི་ཁྲོད་རང་སྲེག་ལ་སྲོག་གི་རིན་ཐང་ལྡན་པའི་གྲུབ་འབྲས་ཐོན་གྱི་རེད་ཅེས་སྨྲ་མཁན་ཡོད་ན། འགྱུར་བ་ཅི་ལྟར་འགྲོ་ཚུལ་སྦོམ་ཚིག་ཙམ་མིན་པར་འགྲེལ་བཤད་རྒྱག་མཁན་ཡོང་བར་རེ་བ་བྱས་ནའང། རེ་བ་དེར་མ་འོངས་པ་ནི་མི་རྟག་པ་ཡིན་པ་ཙམ་གྱི་ལན་ལས་ཅི་ཡང་མ་རྙེད་སྟབས། ཕྲན་ནི་རང་སྲེག་གྲངས་བཅུ་ལ་ཉེ་བ་ནས་དངོས་ཡོད་གནས་བབ་དང་རང་ལྗིད་རང་ལོན། གྲུབ་འབྲས་སྔོན་དཔག་བཅས་ལ་བརྟེན་ནས་རང་སྲེག་ལས་འགུལ་མཚམས་འཇོག་ལ་འབོད་སྐུལ་བྱེད་མཁན་གྱི་གྲས་སུ་བསྡད་པ་ཡིན།
རང་སྲེག་བྱུང་བ་ནས་བོད་ནང་གི་འཐབ་རྩོད་བྱ་ཕྱོགས་ལ་བཀོད་གདམས་བྱེད་པའི་ཐོབ་ཐང་མེད་ཅེས་པའི་བཤད་སྲོལ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་བྱུང། དེ་ལ་རྒྱུ་མཚན་ཁྱོན་ནས་མི་ལྡན་ཅེས་ངས་སྨྲ་མི་ཐུབ། ཡིན་ནའང། དེ་ལྟར་མ་བྱེད་འདི་ལྟར་བྱེད་རོགས་ཞེས་འབོད་སྐུལ་བྱས་པ་ཡིན་ན་ཐོབ་ཐང་མེད་པ་དང་བཟང་སྤྱོད་དང་འགལ་ཡོད་པར་རྩ་བ་ནས་སྒྲུབ་བྱེད་མི་འདུག བཙན་བྱོལ་བོད་མི་ཚོ་གཞིས་ལུས་རྒྱ་ཆེ་མིང་མང་གི་ཁྱབ་བསྒྲགས་པ་ཁོ་ན་ཡིན་ན། ང་ཚོར་དུས་ནམ་ཡང་ཁོང་ཚོའི་འབྱུང་འགྱུར་མདུན་ལམ་འཚོལ་ཕྱོགས་ལ་རིག་པ་གསར་པ་འདོན་དབང་མི་འདུག་ལ། སྲིད་བྱུས་ལངས་ཕྱོགས་གང་ཡང་འཛིན་རྒྱུའི་ཐོབ་ཐང་རྩ་བྲལ་རེད། ད་དུང་ཁོང་ཚོའི་མདུན་ལམ་ཐད་ཀྱི་བསམ་ཚུལ་མ་བཏོན་སྔོན་ཁོང་ཚོར་བཀའ་འདྲི་ཞུ་དགོས་པ་མ་རེད་དམ། དེ་འདྲ་ཡིན་དུས་ང་ཚོའི་འཐབ་རྩོད་ཀྱི་ལོ་རྒྱུས་དང་དངོས་ཡོད་གང་ནི་ཆ་ནས་ཀྱང་བཙན་བྱོལ་བོད་མི་ཚོ་ཁོང་ཚོའི་ཁྱབ་བསྒྲགས་པ་གཅིག་པུ་མིན་པར། ཁོང་ཚོའི་རང་དབང་གི་ལོ་རྒྱུས་རྒྱུན་མཐུད་བྱེད་མཁན་གྱི་བཙན་བྱོལ་སྒྲིག་འཛུགས་ཀྱི་གྲུབ་ཆ་རེ་རེ་ཡིན་སྟབས། ཁོང་ཚོས་དུས་ནམ་ཡང་སྒྲིག་འཛུགས་དེ་ནི་རང་གི་བླ་ན་མེད་པའི་དབུ་ཁྲིད་དུ་བཀུར་ཞིང། འཆི་གསོན་སོ་མཚམས་ཀྱི་ཛ་དྲག་གནས་བབ་ནམ་བྱུང་སྐབས་དབུ་ཁྲིད་ཀྱིས་མི་མང་སྐྱོབ་ཐབས་ལ་ལམ་སྟོན་གནང་དགོས་པ་ནི་དབུ་ཁྲིད་ཡོད་པའི་དགོས་པ་ཡིན་སྟབས། རང་སྲེག་ཐད་བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་ཚོར་མཚམས་འཇོག་འབོད་སྐུལ་ཞུ་རྒྱུར་འོས་བབ་དང་ཐོབ་ཐང་ཆ་ཚང་མེད་ན་སུ་ལ་ཡོད།
རྒྱ་ནག་གིས་རང་སྲེག་གཏོང་མཁན་ཚོའི་གནས་སྟངས་བཤད་པ་དེས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་ཞིག་ལ་མགོ་སྐོར་ཐེབས་རེ་མེད་ཀྱང། མིའི་བློ་ངོར་དང་འཚམས་ལ་གནས་ཚུལ་ཞིབ་ཚགས་པ། གནས་ཚུལ་དངོས་ཡོད་དང་མཐུན་པ་ཞིག་གི་ལམ་ནས་ང་ཚོས་རང་སྲེག་གི་གནས་ཚུལ་བསྡུ་ལེན་བྱེད་མ་ཐུབ་པ་དང་ཁྱབ་བསྒྲགས་བྱ་མ་ཐུབ་པའི་གནས་སྟངས་ང་ཚོར་བྱུང་ཡོད། ང་ཚོས་རང་སྲེག་གཏོང་མཁན་ཚོར་རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་ལ་མ་འདོད་པར་བཤད་པ་དེའང་མི་འདོད་ཚུལ་ཅི་ལྟར་གང་ཟག་དེས་བསྟན་ཡོད་མེད་ང་ཚོས་གསལ་འགྲེལ་ཐུབ་ན་ཕན་རླབས་དེ་བས་ཆེ། མདོར་ན་གང་ཟག་དེ་འཚོ་བཞུགས་སྐབས་ཀྱི་འཚོ་བའི་རྒྱུད་རིམ་དང་གཤིས་སྤྱོད། ཤེས་ཚད་བསམ་བློ་གཏོང་ཕྱོགས། སྐུ་གཟུགས་བདེ་ཐང་གི་གནས་བབ། ཉེ་འབྲེལ་ལ་བཞག་པའི་བག་ཆགས། འཚར་ལོངས་བྱུང་ཡུལ་གྱི་རྒྱ་ནག་གི་ས་གནས་དཔོན་རིགས་ཀྱི་བྱེད་སྟངས་བཅས་ཀྱང་ང་ཚོས་ཁོང་རྣམས་ངོ་སྤྲོད་ནང་གླེང་ཐུབ་དགོས་པར་འདོད།
བཀུར་འོས་ང་ཚོའི་དབུས་སྒྲིག་འཛུགས་ནས་ད་བར་རང་སྲེག་ཁྱབ་བསྒྲགས་བྱ་ཕྱོགས་དང། གདུང་སེམས་མཉམ་བསྐྱེད་མཆོད་འབུལ་སྨོན་ལམ་ཞུ་སྟངས། མི་མང་ནང་རང་སྲེག་གིས་ཤུགས་རྐྱེན་ག་ཚོད་ཐེབས་ཡོད་མེད་བཅས་ནི་ང་ཚོའི་མཐོང་ཡུལ་མངོན་སུམ་ཡིན་ཅིང། ལྷག་པར་བོད་ནང་མཐུན་སྒྲིལ་དམ་ཚིག་ཇེ་བརྟན་དང་ནང་རྩོད་ཤོ་རྒྱག་རྒྱན་འཇོག་སྤངས་བ། མཚོན་ཆ་མེར་བསྲེགས་བཏང་བ་སོགས་གནང་ཡོད་ནའང། བཙན་བྱོལ་ནང་དཔའ་བོ་དཔའ་བོ་རྣམས་ཀྱི་ཞལ་ཆེམས་དང་སྐད་འབོད་ཀྱི་ནང་དོན་བྱེ་བྲག་པ་གཅིག དཔེར་ན་སྐད་ཡིག་རང་དབང་ལྟ་བུའི་ལས་དོན་ཐད་མི་མང་ནང་སྒྲིག་འཛུགས་རང་བཞིན་གྱི་ལས་འཆར་དམིགས་བསལ་བ་ད་བར་མགོ་འཛུགས་བྱ་ཐུབ་མེད་པ་ནི་ང་ཚོར་ལྷག་པའི་དྲི་བ་ཞིག་རེད་འདོད། རང་སྲེག་གི་རྗེས་འཇུག་སྒྲུབ་ཕྱོགས་ཁྱབ་བསྒྲགས་ཤུགས་ཆེ་བ་གནང་རྒྱུ་གཙོ་བོ་ཡིན་ནའང། ང་ཚོའི་ཁྱབ་བསྒྲགས་ཀྱི་ཁ་ཕྱོགས་ལའང་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་པར་འདོད། ནུབ་ཕྱོགས་སྤྱི་ཚོགས་ནི་ང་ཚོའི་མི་ལོ་ལྔ་བཅུ་ལྷག་གི་ཁྱབ་བསྒྲགས་བྱ་ཡུལ་ལྟ་བུར་ཆགས་ཡོད་པ་ནང་བཞིན་ཨེ་ཤ་ཡ་དང་ལྷག་པར་རྒྱ་རིགས་གནས་སའི་ཡུལ་ལུང་ཁག་ཏུ་དེ་ཙམ་གྱི་བོད་དོན་ཁྱབ་བསྒྲགས་གནད་འདྲོངས་ཐོན་པ་ཞིག་བྱུང་མེད་པ་ནི་གསལ་བོ་རེད། གནད་དོན་དེ་དག་ཐད་ང་ཚོས་དམིགས་བསལ་ཐབས་ལམ་འདོན་དགོས་པར་བསམས། དེ་བཞིན་དབུས་ནས་རང་སྲེག་གི་མདུན་ལམ་དང་འཕེལ་རིམ། རྒྱབ་ལྗོངས་བཅས་ལ་གཞིགས་ཏེ་ལངས་ཕྱོགས་གསལ་བོ་ཞིག་བོད་ནང་དང་རྒྱ་ནག་ནང་དུ་གསལ་གཏོང་བྱ་དགོས་བསམས། དེ་ནི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་དབུ་ཁྲིད་ཀྱི་གནང་ཕྱོགས་ལ་བལྟས་ཏེ་ཞུས་པ་ཡིན།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་སྟེ་ལོ་ཁོར་མོ་ཡུག་གཅིག་ཧྲིལ་གྱིས་འདས་པའི་རིང། གང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་གནང་ཕྱོགས་ལ་རྒྱལ་སྤྱིའི་སྟེང་བརྩི་བཀུར་སྔར་ལས་ཆེ་རུ་སོང་སྟེ་དབུས་སྒྲིག་འཛུགས་ལ་ཆེ་མཐོང་ཅི་ཙམ་ཐོབ་བཞིན་པ་ཚང་མས་གསལ་མཁྱེན་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་བློ་གྲོས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་ནའང། ཕྱི་གླིང་པ་དག་དང་འདྲ་བར་རང་ཅག་བོད་མིའི་ཤེས་ཡོན་ཅན་རྣམས་ཀྱི་མཉམ་གནད་དོན་གང་ཅིར་བགྲོ་གླེང་ལམ་སྟོན་ཞུས་པ་ཆེས་ཉུང་སྟབས། རང་སྲེག་གི་གནས་བབ་འདི་འདྲའམ། ཡང་ན་ཤེས་ཡོན་དང་སྤྱི་ཚོགས། ཆབ་སྲིད་སོགས་བརྗོད་གཞི་འདྲ་མིན་ཐད་དུས་ནས་དུས་སུ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བཀའ་དྲིན་མི་ཉུང་བ་ཐོབ་ཐབས་བྱེད་དགོས་པའི་ངོས་ཟིན་དང་འབྲེལ། རང་སྲེག་ཐད་༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འོས་འགན་ཡོད་མེད་ལ་མི་གཟིགས་པར་ཤི་བ་དང་གསོན་པའི་སྙིང་དོན་༧གོང་ས་མཆོག་ཡིན་སྙམ་མཁན་གྱི་མི་རིགས་འདིའི་རང་ལུས་དམར་སྲེག་བྱེད་པ་འདི་འདྲར་ངེས་པར་དུ་ལམ་སྟོན་གནང་རྒྱུའི་གསོལ་འདེབས་ཞུ་དགོས་པར་བསམས། དེ་ནི་རང་རེའི་བོད་མི་ས་ཡ་དྲུག་གི་མདུན་ལམ་གྱི་བྱེད་པོ་༧གོང་ས་མཆོག་ཉག་ཅིག་ཡིན་པས་ཡིན།
མདོ་དོན་རང་ཉིད་ནི་རང་སྲེག་གི་གྲུབ་འབྲས་ཁོ་ནར་སྔོན་དཔག་གིས་རང་སྲེག་མཚམས་འཇོག་ཡོང་བར་འབོད་སྐུལ་བྱེད་མཁན་ཞིག་མིན་པར། སྤྱིར་མིའི་འཚོ་གནས་ཀྱི་དོན་དམ་རང་དབང་འཚོལ་བའི་བྱ་སྤྱོད་ནང་མི་གསོད་པ་དང་རང་ཉིད་གསོད་པའི་ཆེས་གདམ་ག་མཐར་ཐུག་གི་སྤྱོད་པ་དང་ལེན་བྱེད་འདོད་མེད་མཁན་གྱི་གང་ཟག་ཅིག་ཡིན་སྟབས། འཐབ་རྩོད་བྱ་ཡུལ་དང་བྱ་མཁན་གཉིས་ཀའི་ལུས་སྲོག་ལོངས་སྤྱོད་དང་བཅས་པར་འགན་ཁུར་ལྡན་པའི་གཉིས་སྨན་ཐབས་ལམ་གྱི་དགོངས་དོན་ལ་ཡིད་ཆེས་རྩེ་གཅིག་གིས་རང་སྲེག་ལ་རྒྱབ་སྐྱོར་མི་བྱེད་མཁན་དང། དེ་མྱུར་ཏུ་མཚམས་འཇོག་ཡོང་བར་རེ་བ་ཞུ་མཁན་གྱི་གང་ཟག་ཅིག་ཡིན།
དེ་རིང་ནས་སང་ཉིན་ཉིན་གུང་བར་ང་ཚོས་རང་སྲེག་ཐད་སོ་སོའི་ལྟ་ཚུལ་བརྗོད་པ་དང། ལྟ་ཚུལ་གཅིག་ཏུ་སྤུངས་ཏེ་དེའི་རྒྱབ་ལྗོངས་བྱུང་རྐྱེན། རང་སྲེག་ངོས་འཛིན། མ་འོངས་བྱེད་ཕྱོགས་ཐད་རྣམ་གྲངས་མང་པོའི་ཐོག་རྣམ་དཔྱོད་རྩལ་དུ་འདོན་རྒྱུ་ཡང། ཚོགས་ཞུགས་པ་རྣམས་ནི་ཤེས་ཡོན་པ་ཞིག་དང་ཚོགས་འདུར་བརྒྱུད་ལམ་འདྲ་མིན་དང་ཕྱི་ནང་གི་མི་སྣ་མང་པོས་དོ་སྣང་དམིགས་བསལ་བྱས་ཡོད་པས་སྐད་ཆའི་ཁུངས་ལུང་དང། རིག་པ་རྒྱུ་མཚན་འདྲེན་ཕྱོགས། ཐ་ན་ཚིག་སྦྱོར་ཡན་ཆད་ཚད་དང་ལྡན་པ་ཞིག་ཡོང་བར་དོ་གལ་ཆེན་པོས་ནན་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་རང་སྲེག་བྱུང་བ་ནས་རྒྱལ་སྤྱིའི་གཞུང་སྒེར་ཁག་དང། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་འདྲ་མིན་ཁག་ ༨༡ ནས་རང་སྲེག་ཐད་བསྒྲགས་གཏམ་སྤེལ་བ་རྣམས་དང། རང་རེའི་དབུས་བཀའ་ཤག་ནས་རྒྱ་གཞུང་ལ་འབོད་སྐུལ་བསྒྲགས་གཏམ་སོགས་གྲངས ༥༡། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཧུའུ་ཅིན་ཐའོར་ཐད་ཀར་རེ་འདུན་བཏོན་པའི་བསྒྲགས་ཡིག་སོགས་ཁྱོན་བསྒྲགས་གཏམ་གྲངས ༣༤ བཅས་ལག་སོན་བྱུང་བ་རྣམས་ཕྱོགས་སྡེབས་པར་བསྐྲུན་གྱིས་རང་སྲེག་གི་རྒྱབ་མདུན་གླེང་གཞིའི་དཔྱད་ཡིག་མཁོ་འདོན་བྱས་ཡོད།
མཐའ་དོན་ཕྲན་ལ་རྒྱུན་ཏུ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་ཁག་ཅིག་གིས་ལས་དོན་འདིར་མཐུན་འགྱུར་རོགས་མགོན་གནང་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ཚོགས་འདུ་ལམ་ལྷོང་ཡོང་སྟེ་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བོད་མི་རིགས་ཀྱི་རྩ་དོན་སྟེང་ཕན་རླབས་ངེས་ཅན་ཡོང་བའི་སྨོན་འདུན་བཅས་རིག་འབྱུང་བློ་བཟང་ཆོས་འབྱོར་རམ་ཡོངས་གྲགས་ཤར་ཕྱོགས་ཁུག་རྟར་འབོད་པས།།
༢༠༡༢། ༡༡།༡༧། ཉིན།
བོད་ཀྱི་ཤར་ཕྱོགས་ཀྱི་ཁུག་རྟ་དང་ཨེ་རླུང་སྐལ་ལྡན་བློ་གྲོས་གཉིས་དེང་་སང་དྲེལ་བ་ཤིན་ཏུ་ཆེན་པོ་འདུག་དངོས་གནས་གྲུབ་འབྲས་ཞིག་ཐོན་གྲབ་ཡོད་ས་རེད་་་་་བཟང་ངན་གང་ཡིན་མི་ཤེས་
དེང་སྐབས་གངས་ཅན་དགའ་ཞིག་ཀྱིས་རང་ཉིད་དབུ་མའི་ལམ་ལ་མོས་པ་ཡོད་ཁུལ་གྱིས་རང་གཙན་འཐབ་རྩོད་པར་ཟུར་ཟ་དང་ངན་སྨྲས་སྣ་ཚོགས་བྱེད་པ་དང་ཡང་རང་ཉིད་རང་གཙན་འཐབ་རྩོད་པ་ཡིན་ཁུལ་གྱིས་དབུ་མའི་ལམ་གྱི་འཐབ་རྩོད་པར་ངན་སྨྲས་དང་ཟུར་ཟ་སོགས་མང་དག་གཅིག་བྱེད་པ་ནི་ཕན་ཚུན་གཉིས་ཀས་ཕྱོགས་སུ་ལྷུང་བ་ཁོ་ནའི་བྱ་སྤྱོད་ཡིན་པ་ད་དུང་ཡང་རྩ་བ་ནས་ཤེས་ཀྱི་མི་འདུག་
རང་རེ་གངས་ཅན་པ་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་སྐུ་ངལ་ཚད་མེད་འདི་ལྟ་བུ་ཞིག་སྐྱོན་བཞིན་པ་དང་གཞིས་ཞུགས་སྤུན་ཟླ་མང་པོ་དེ་ཙམ་སྐུ་སྲོག་བློས་གཏོང་འདི་འདྲ་ཞིག་གནང་བཞིན་པའི་སྐབས་འདིར་དབུ་མའི་ལམ་གྱི་འཐབ་རྩོད་པ་རྣམས་ཀྱི་མངོན་འདོད་དང་ཀུན་སློང་སོགས་ཤིན་ཏུ་ཡང་དག་པ་དང་རྒྱུ་མཚན་ལྡན་པ་ཞིག་རེད་
ཡང་རང་གཙན་འཐབ་རྩོད་པ་རྣམས་ཀྱི་མངོན་འདོད་དང་ཀུན་སློང་སོགས་ཀྱང་ཤིན་ཏུ་ཡང་དག་པ་དང་རྒྱུ་མཚན་ལྡན་པ་ཞིག་རེད་ཕན་ཚུན་གཉིས་ཀས་སྒྲུབ་བྱའི་དམིགས་མཐར་ཐུག་བོད་རྒྱ་ཆེའི་མི་དམངས་ཀྱི་བདེ་སྐྱིད་སྒྲུབ་རྒྱུ་དེ་རེད་དེ་མིན་ནང་ཁུལ་དཔུང་སྒྲིགས་ཀྱིས་འཐབ་རྩོད་དེ་འདྲ་ནི་ཤིན་ཏུ་ཡ་ང་བའི་བྱེད་ཐབས་ཞིག་རེད་
དབུ་མའི་ལམ་གྱི་འཐབ་རྩོད་པའི་མིང་འཁྱེར་བའི་ཤར་ཕྱོགས་ཁུག་རྟ་ཟེར་བ་དང་དེའི་རྗེས་འབྲང་ཕྱོགས་ལྷུང་ཅན་རྣམས་དང་རང་གཙན་འཐབ་རྩོད་པའི་མིང་འཁྱེར་བའི་འཇམ་དབྱངས་ནོར་བུ་ཟེར་བ་དང་དེའི་རྗེས་འབྲང་ཕྱོགས་ལྷུང་ཅན་རྣམས་ཀྱི་ཤེས་དགོས་རྒྱུ་གལ་ཆེ་བ་ནི་ཁྱེད་རྣམས་ལས་དོན་གཞན་གང་ཡང་མེད་ན་རང་རང་གི་བུ་ཁྲུག་གསོ་རྒྱུ་དང་ནང་མིར་ལྟ་རྟོག་ཡག་པོ་བྱས་ཏེ་རང་རང་ས་ན་ཁུ་སིམ་པོར་ཞུག་རོག་གནང་དེ་མིན་རང་རེ་གངས་ཅན་པ་རྣམས་ཕུ་བཀྲུགས་མདའ་བཀྲུགས་གཟོ་རྒྱུའི་བྱ་སྤྱོད་མང་པོ་མ་སྤེལ་རོག་ཞེས་སྙིང་ཁུང་ནས་ཞུ་བ་ཡིན་
དྲང་གཏམ་བུ་ལགས། ཡག་པོ་གསུངས་འདུག་མོད། ཡིན་ཡང་ཡིག་ནོར——-
༄༅། ། ཚེ་རབས་གཏན་གྱི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཞེས་བྲིས་འདུག་པས་༧གོང་ས་མཆོག་གི་མཚན་ཆ་ཚང་མ་སྨོས་བ་ནི་གུས་ཚིག་མེད་པ་ཞིག་ཏུ་མཐོང་སོང་།
ཤར་ཕྱོགས་ཁུག་རྟས།
༄༅། ། ཚེ་རབས་གཏན་གྱི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་མཁས་པའི་དབང་པོ་ཟམ་གདོང་རིན་པོ་རྣམ་གཉིས་ལ་་་་་་ འབྲི་སྟངས་འདི་དྷ་སའི་ཤེས་ཡོན་པའི་ཞབས་འདྲེན་ཞུས་མི་འདུག་གམ།
འདི་ཕྱི་གཏན་གྱི་སྐྱབས་གནས་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞེས་་་
༧གོང་ས་མཆོག་དང་ཁྲི་ཟུར་ཟམ་གདོང་གདན་གཅིག་ལ་བཞག་པ་ནི་འོས་པོ་མ་མཐོང་།
སྨོན་ལོག་ཅན་གྱི་ཁུག་རྟ་ངན་པ་འདིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྐུར་འདེབས་བྱས་ཡོད་པ་མཚོན་ང་ཚོའི་ཆབ་སྲིད་སྡེ་ཁག་གལ་ཆེན་གཞོན་ནུ་ལ་ཡང་བསྐུར་འདེབས་རབ་དང་རིམ་པ་བྱས་ཡོད་པ་དང་། སྲིད་སྐྱོང་མཆོག་ལ་ཡང་གཞི་མེད་བསྐུར་འདེབས་ག་རེ་བྱས་ཡོད་མེད་ཚང་མས་ཤེས་གསལ་ལྟར་རེད། ད་ཆར་ཟམ་གདོང་རིན་པོ་ཆེ་ལ་ཞུ་ཁུལ་གྱིས་༧གོང་ས་མཆོག་སྐུར་འདེབས་བྱེད་བཞིན་པ་ཟུར་ལྟོས་ལེབ་མཐོང་རེད། ༧གོང་ས་མཆོག་ལ་རྒྱལ་སྤྱིའི་གསར་འགོད་པས་བོད་ནང་རང་སྲོག་བློས་གཏོང་སྐོར་ལ་དྲི་བ་ཞུ་སྐབས་ཁོང་གིས་དེ་སྐོར་ལ་བཀའ་སློབ་མི་གནང་བའི་རྒྱུ་མཚན་སོགས་གསལ་ཞིང་གསལ་བ་མ་གོ་མ་ཐོས་མེད་པ་ཐེངས་མང་གནང་ཡོད་པ་ཁྱེད་ཀྱི་རྣ་འོན་སོང་ངམ་མིག་ཞར་སོང་ངམ། ག་དུས་ཡིན་ཡང་རང་རེའི་དཔའ་བོ་དཔའ་མོ་ཚོའི་མཛད་རྗེས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངན་སྨོས་དང་གྲུབ་འབྲས་མེད་སྐོར་བཤད་པ་ཇི་འདྲའི་སེམས་ཀྱིས་མི་བཟོད་པ་ཞིག་རེད། ངས་ཁྱེད་རང་ལ་དྲི། ཁག་ཅིག་གིས་དབུ་མའི་ལམ་ལ་གྲུབ་འབྲས་སོན་མེད་པ་བརྗོད་བཞིན་པའི་མཚོན། རང་བཙན་དང་། གཞན་ཡང་མར་མེ་ཁྲོམ་སྐོར་དང་། ཟས་བཅད་ངོ་རྒོལ་སོགས་མདོར་ན་ང་ཚོའི་འཐབ་རྩོད་ཆུང་ཕྲ་ཆེ་གསུམ་ཡོངས་རྫོགས་ལ་གྲུབ་འབྲས་ཐོན་མེད་པ་ངོས་འཛིན་རྒྱུ་ཡིན་ནམ། ཁྱེད་རང་གིས་གྲུབ་འབྲས་ཟེར་བ་གནམ་ནས་རྡོག་རྡོག་ཞིག་ལྷུང་རྒྱུ་ཡོད་པ་ཞིག་ལ་ངེས་འཛིན་ན་གང་ཤེས། ང་ནི་དེ་ཚོ་ཚང་མ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་གསལ་བོར་མཐོང་གི་འདུག། མདོར་ན་ད་ནས་བཟུང་སེམས་པ་བཟང་མདོག་གིས་རྣམ་པ་ན་གཞོན་དང་དབུ་མའི་ལམ་ལ་བརྫུས་ནས་རྒྱ་གཞུང་གིས་གང་ལབ་པ་ང་ཚོའི་སྤྱི་ཚོགས་ནང་བསྐྱར་ཟློས་ཡང་ཟློས་མ་བྱེད་རོགས།
ཁུག་རྟའི་སྐྱེས་སྦྱང་གི་ཡོན་ཏན་གྱི་དྲི་ཙམ་ཡང་མི་བྲོ་བ་ཁག་གཅིག་གིས་ཕྲག་དོག་གིས་གིས་དབང་གིས་ཁུག་རྟ་ལ་འཛིང་ཁུལ་བྱེད་མོད། དྲ་འབུ་གཅིག་གིས་མིང་རྫུན་ཁ་ཤས་རེ་སྤྱད་དེ། ཁུག་རྟ་ལ་ཇི་ལྟར་འཛིངས་ཀྱང་འདྲ། ཁུག་རྟས་རྟག་ཏུ་མིང་རྫུན་མ་སྤྱད་པར་མདུན་ལ་ཐོན་ནས་ཤོད་ཕོད་པ་དེ་རེད། དྲ་འབུ་ཁྱོད་ཅག་གིས་ནི་མིང་རྫུན་རེའི་འོག་ནས་ཁུག་རྟ་ལ་དཀྲུགས་ཤིང་ཞེས་འཛིང་ཡང་དོན་ལ་རང་ཉིད་དཀྲུགས་ཤིང་ཡིན་པ་ཤེས་དགོས་པ་རེད།
ཁུག་རྟས་ཡི་གེ་འབྲི་སྟངས་འགྲིགས་མེད་ན་ཁྱེད་ཚོས་བརྗོད་བྱའི་ཟབ་ཁྱད། རྗོད་བྱེད་ཀྱི་སྡེབས་སྦྱོར། ཡིག་འབྲུའི་མང་ཉུང་། སྤྱི་ཚོགས་ལ་ཕན་ཡོན་སོགས་གང་ཅིའི་ཁུག་རྟ་ལས་ལྷག་ཅིག་ཕྲིས་དང་། གྲོགས་པོ་ཚོ་ཕོ་ཁྱོ་ཀ་ཟེར་བ་དེ་ཡིན་ན། ཡ་ད་དདདདདདདདདདདདདདདདཡིན་ན། ཧཧཧཧཧཧཧཧཧཧཧཧ
རྟེན་འབྱུང་མིང་ཅན་ལགས། ངས་བལྟས་ན་སྨོན་ལོག་དམ་སྲི་ཁྱོད་རྟེན་འབྱུང་ཡིན་ཚོད་དུ་འདུག་ད། ཁྱོད་ཀྱི་མིང་ངོ་མ་གང་ཡིན་དང་། ད་བར་སྤྱི་ཚོགས་ནང་ཁྱོད་ཀྱིས་ཇི་ལྟར་འཁྲབ་ཡོད་པ་ཚང་མ་ངས་ཤེས་ཡོད་ད། ད་སྡོད།ཧཧཧཧཧཧཧཧཧཧཧཧཧཧཧཧཧ
རང་ཉིད་ཀྱི་བསམ་ཕྱོགས་དང་འགལ་ཆ་ཅི་ཡོད་ལ་དགག་སྒྲུབ་ཀྱིས་རྗེས་འདེད་གཏོང་རྒྱུ། གལ་ཆེན་ལ་བལྟས་ནས་དྲ་གྲོགས་འདིར་འཛོམས་ཡོད་བ་རེད་ལ། དེ་ག་ནང་བཞིན་ཤར་ཁུག་གིས་རང་ཉིད་ཀྱི་ལྟ་སྤྱོད་ཁྱབ་སྤེལ་ཆེད་འདིར་བཀོད་ཡོད་བ་རེད། དེ་འདྲ་ཡིན་དུས་འདིར་འཛོམས་པའི་རྗེས་འདེད་པ་ཚོས་སྨྲེ་ངག་རང་བཞིན་གྱི་བསམ་ཚུལ་དེ་མེད་ན་ཡག་གི་རེད། རྒྱུ་མཚན་གང་ཡང་མེད་པར་བརྗོད་གཞི་དང་འབྲེལ་མེད་ཀྱི་ལབ་རྡོལ་བྱས་ཡོང་དུས། སྐབས་དོན་གྱི་བརྗོད་གཞིའི་སྟེང་གི་འགལ་ཆ་གང་ཡང་གླེང་མི་ཐུབ་པ་མ་ཟད། དྲ་རྒྱ་འདི་ཏང་གི་སྲིན་འབུ་ཚོ་འདུ་འཛོམས་བྱེད་སའི་མཁར་རྗོང་དེ་ཆགས་འགྲོ་རྒྱུ་རེད། དེར་བརྟེན་བཟང་སྤྱོད་ཀྱི་ཆ་ནས་གླེང་མོལ་བྱེད་རྒྱུ་དེ་གནས་ལུགས་འཚོལ་བསྡུ་བྱེད་ཕྱོགས་རེད།
རང་ལུས་མེར་བསྲེག་གི་དོན་རྐྱེན་དང་འབྲེལ་ནས་ཤར་ཁུག་གི་བརྗོད་དོན་གཙོ་བོ་འདི་འདྲ་ཞིག་རེད།
དང་པོ།འགྲོ་བ་མིའི་རང་དབང་གི་ཕྱིར་དུ་རང་ལུས་མེར་བསྲག་གི་དོན་རྐྱེན་འདི་ལ། ཤར་ཁུག་གིས་ལྟ་ཚུལ་ཡན་གར་བ་ཞིག་གཞིར་བཟུང་གིས་མཚམས་འཇོག་དགོས་བར་འདོད་པར་བརྟེན། རང་ལུས་མེར་བསྲེགས་ཀྱི་དོན་དངོས་དང་རྒྱང་ཐག་རིང་དུ་གྱེས་བའི་སྐད་ཆ་རེད་མ་གཏོགས། མཇུག་འབྲས་ཀྱི་ཆ་དེ་ཤར་ཁུག་གིས་གླེང་འདོད་ཀྱང་སྨྲ་བསམ་བརྗོད་འདས་ཀྱི་བྱ་བ་ཞིག་རེད། དེ་ག་ནང་བཞིན་གཞུང་སྲིད་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་ལ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་མཚམས་འཇོག་བྱ་ཐབས་ཡོད་ཚུལ་གླེང་འདེབས་སྟངས་འདི། དོན་དངོས་ཐོག་པེ་ཅིན་སྲིད་གཞུང་གི་སྒྲོ་འདོགས་དང་ཆ་འདྲ་བར། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་ཡུལ་གྱར་བོད་མི་ཚོ་ལ་ཐུག་བསྡད་ཡོད་པའི་ལྟ་ཚུལ་དང་འདྲ་སེ་འདུག གང་ལྟར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་མི་ཚེ་རིན་ཐང་ལ་བརྩི་འཇོག་བྱེད་སྟངས་དང་། འདིར་འཛོམས་པའི་ཡུལ་གྱར་བོད་མི་ཚོས་མི་ཚེ་རིན་ཐང་སྤྲོད་ཕྱོགས་གཉིས་ཁ་ཁ་ཡིན་ཙང་། རྩ་དོན་གཅིག་གི་སྒང་ན་འཆི་གསོན་གྱི་དབྱེ་བ་འདི་འབྱུང་བཞིན་པ་རེད། དེར་བརྟེན་སྨྲ་བ་ཉུང་ན་ཡག་གི་རེད།
གཉིས་བ། གཞིས་ལུས་མི་མང་གི་བླ་ན་མེད་པ་གོང་དུ་བཀུར་དགོས་བའི་བློས་གཏོང་ཐད། ཡུལ་གྱར་བོད་མི་ཚོས་ཅི་ཞིག་བྱེད་ཐུབ་ཀྱིན་ཡོད་བ་རེད་དམ། དྲི་བ་འདི་མདོར་གཏུག་ས་དེ་རེད། སྐུ་ཉིད་ཀྱི་འདོད་པ་ལྟར་ཡུལ་གྱར་བོད་མི་ཚོ་མུ་མཐུད་ནས་སྡོང་སྐམ་སྒང་གི་རྒྱང་བསྒྲགས་བཞིན་དུ། གཞིས་ལུས་མི་མང་གི་གནས་བབ་བསྒྲགས་ནས་འདུག་ཚུལ་འདི་འཐབ་རྩོད་ཞིག་ལ་ངོས་འཛིན་ཐུབ་ས་མ་རེད། དེ་ན་ངས་འདི་ནས་ཁྱོད་ལ་གྲོས་ཁ་ཞིག་བསྡུར། བོད་གཞིས་ལུས་མི་མང་ལ་ལག་གདེངས་ཞིག་སྦྲེལ་བར་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞིག་ཞུ། འདི་ག་འདྲ་འདུག ཟམ་གདོང་བླ་མའི་དུས་རྒྱུན་དུ་རྗེ་གྷན་རྡིའི་རང་ལུགས་དེ་བོད་སྤྱི་ཚོགས་ནང་ཁྱབ་སྤེལ་བྱེད་རྒྱུ་མོས་བ་ཧ་ཅང་ཆེན་པོ་རེད། གལ་སྲིད་ལས་དོན་འདི་ལག་བསྟར་ལ་ཐེབས་པ་ཡིན་ན། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི། སླར་འབྱུང་མི་དགོས་རང་བཞིན་གྱིས་དཀའ་གནད་འདི་སེལ་ཐུབ་རྒྱུ་རེད། མ་རེད་དམ།
གསུམ་པ། བོད་ཀྱི་ཤེས་ཡོན་པ་ཡོངས་ལ། སྤྱི་མཚུངས་ཀྱི་འོས་འགན་ཞིག་ཡོད་བ་རེད། མུ་མཐུད་ནས་ཤེས་བྱ་འཚོལ་བསྡུ་བྱེད་རྒྱུར་འབད་བརྩོན་བྱེད་དགོས་བ་ཞིག་མ་རེད། སྤྱི་ཚོགས་ཀྱི་སྣེ་ཁྲིད་ནས་ཁ་སང་དེ་རིང་གི་གནས་སྟངས་འདི་ལ་གདོང་ལེན་བྱེད་དགོས་བ་ཁོ་ན་ལས། ལས་འགན་གཞན་གང་ཡང་ཡོད་བ་མ་རེད། དེར་བརྟེན་ངང་རིང་གི་བྱ་སྤྱོད་དེ་བསྐྱུར་ན་ཡག་གི་རེད།
དྲང་གཏམ་གྱི་བུ་ལགས། རང་བཙན་ཁ་ལ་ཁྱེར་བའི་མི་ངན་སྐབས་འཚོལ་པ་ཇེ་མང་རེད། འཇམ་ནོར་དང་དེའི་རྗེས་འབྲང་ཉུང་ངུ་ཞིག་ཙམ་མ་རེད། དེའི་རིགས་ཇེ་མང་རེད དེའི་རིགས་ཀྱིས་དེང་སྐབས་སྤྱི་འཐུས་གྲོས་ཚོགས་ནང་བར་ཁྱབ་བསྡད་ཡོད་པ་རེད། མི་ངན་དེའི་རིགས་ཀྱིས་རང་བཙན་ཁ་ལ་ཁྱེར་ཏེ་རང་དོན་འབའ་ཞིག་སྒྲུབ་བཞིན་ཡོད། དཔེར་ན་དེའི་རིགས་ཀྱི་སྤྱི་འཐུས་རྣམས་ཀྱིས་སྤྱི་དོན་བསྒྲུབ་སྟངས་དང་། ཐ་ན་གཞུང་གིས་འགྲོ་སོང་ཆ་ཚང་བཏང་ཡང་ད་དུང་སྤྱི་འཐུས་ཕྱོགས་བསྐྱོད་སོགས་བྱེད་སྟངས་ལ་ལྟ་དང་། མི་རེ་ཟུང་ཙམ་མ་རེད། ཡག་པོ་ལྟོས་ལ་ཤོད།
ཨ་ཙི། དེ་འདྲ་གསུངས་ཐུབ་ཀྱིས་འདུག་གམ། ཁྱེད་རང་ལ་སྤྱི་འཐུས་རེ་རེ་བཞིན་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོ་ཁོ་ནར་སྒྲུབ་འཇོག་རྒྱུ་ཡོད་པས། སྤྱིར་བཏང་ནས་སྤྱི་འཐུས་དམ་འབུལ་ཞུས་དུས་རང་དིན་གཞན་དིན་ཁོ་ནར་བྱེད་ཟེར་ནས་སེམས་སྡོམ་ཞུས་ཡོད་ཚོད་མ་རེད། སྤྱི་དོན་ལ་ཞབས་ཞུ་དང་སྦྲག་རང་དིན་ལུས་མི་སྒྲུབ། གཟའ་ཟླ་བུ་ཕྲུག་ལའང་བལྟ་སྐྱོང་དགོས་མི་དགོས་སམ།
བཀྲ་ཤིས་ཉི་མ་ཞེས་པ་འདི་ཡང་ཁུག་རྟའི་སྤྲུལ་པ་ཞིག་ཡིན་ན་ཐང་།
དམངས་གཙོའི་ལུང་པར་སྤྱི་མཐུས་ཞིག་ཡིན་ན་ངེས་པར་གཞུང་གང་ཡིན་དེའི་ལྟ་གྲུབ་ཅན་ཞིག་ངེས་པར་ཡིན་དགོས་མིན་ངས་མི་ཤེས་
འོན་ཀྱང་ངས་ཟེར་བ་ནི་དུས་ཚོད་རྫ་དྲགས་འདི་འདྲའི་སྐབས་རང་རེ་ནང་ཁུལ་དབུ་མའི་ལམ་ཡིན་ཁུལ་གྱིས་རང་གཙན་པར་ཟུར་ཟ་དང་སྡུག་རེ་ངན་ཚད་ཀྱིས་སྐྱོན་བརྗོད་བྱེད་པ་དང་རང་གཙན་པ་ཡིན་ཁུལ་གྱིས་དབུ་མའི་ལམ་པར་གཞི་མེད་སྐྱོན་བརྗོད་སྣ་ཚོགས་བྱེད་པ་འདི་དག་ཐམས་ཅད་ལ་མཐའ་གཅིག་ཏུ་ཡག་པོ་ཞིག་མཐོང་གི་མི་འདུག་དེའི་མཚན་གཞིར་འཇམས་ནོར་དང་ཤར་ཁུག་ལྟ་བུ་རེད་དེ་ཚོས་ནང་ཁུལ་དཀྲུག་ཤིང་གི་ལས་ཀ་མང་པོ་བྱེད་གི་འདུག་
ངེས་པར་ནང་ཁུལ་གྱི་དགྲ་ཞིག་ཡོད་དགོས་ན་དོལ་རྒྱལ་བ་ཚོའི་སྤྱོད་ངན་གྱི་བྱ་སྤྱོད་དེ་རེད་མ་གཏོག་རང་གཙན་པ་དང་དབུ་ལམ་པ་ནང་ཁུལ་མ་རེད་ཟེར་གྱི་ཡོད་
བཟང་གི་བརྡ་སའི་ཤེས་ཡོན་པ་ཡིན་ཟེར་མཁན་ཚོས་ཚོགས་འདུ་འདི་འདྲ་ཞིག་བསྐངས་བར་དགའ་འོས་བ་རེད་། ཡི་ནའང་། བོད་མི་ཞིག་ཡིན་ན་མེ་སྲོག་དོན་རྐྱེན་གྱི་རྒྱབ་ལྗོངས་དང་མདུན་ལྗོངས་། གཡས་དང་གཡོན་ཅེས་དཔྱད་བརྗོད་འདྲ་མིན་ཞིག་བྱ་གང་ལ་དགོས་། རྒྱུ་མཚན་ནི་བོད་མི་ཡོངས་ཀྱིས་ལས་ཀྱི་དཀའ་ངལ་དང་སེམས་ཀྱི་སྡུག་སྔལ་དེ་དག་སུས་བཟོས་བ་དང་དེ་རྣམས་སེལ་འདོད་པའི་ཀུན་སློང་གཅིག་པ་ཡིན་པ་ལོས་ཤེས་། དེར་རྟེན་་མི་རེ་རེ་ལ་ནུས་བ་རེ་རེ་ཡོད་བས་ཆེ་ས་ནསཕན་ཚུན་ཚོགས་པ་དང་ཆུང་ས་ནས་མི་བུ་སྒེར་བའི་བར་ལ་ཟུར་བཟའ་བྱེད་པའི་ཀུན་སློང་ངམ་སྐྱོན་པ་ངན་པ་དེ་སྤངས་དེ་རང་རང་གི་ས་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་དོན་ལ་འབད་རོགས་གནང་།
ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་ཤར་ཁུག་ལགས་ལ་ཡིད་ཆེས་ཡོད།ལས་མེད་དྲ་འབུ་ཚོས་བཤད་པ་ལ་ནུས་པ་གང་ཡང་མེད་པ་ངེས་བར་ཐུགས་ལ་བཞག་རོགས།
ང་ཆུང་དུས་ལ་དཔགས་པས་བོད་དང་བོད་དང་འབྲེལ་པའི་ཡུལ་ལུང་རྣམས་ན་ད་ལྟ་ཡི་གེ་ལེགས་པར་འབྲི་མཁན་མང་། ཤར་ཕྱོགས་ཁུག་རྟ་མཆོག་དང་། མཆན་འདེབས་པ་པོ་ཡོངས་ཀྱིས་རྗོད་བྱེད་ཀྱི་སྒོ་ནས་བརྟགས་ན་ལེགས་པར་བྲིས་པར་མངོན། རྒྱ་གར་པ་སྔོན་གྱི་སྐྱེ་བོ་དག་གིས་ཚིག་ཟུར་ཆག་མང་པོའི་དག་ཆ་རྣམས་སླར་གསོས་པ་བཞིན་དུ། བོད་ཀྱི་སྐྱེ་བོ་བློ་གྲོས་དང་ལྡན་པ་དག་གིས་ཀྱང་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་དང་མཐུན་པར་སླར་གསོ་བའི་རེ་འདུན་གྱིས་འབྲེལ་བ་དང་ཐེངས་ཞེས་པའི་སྒྲ་གཉིས་ལ་དཔྱད་པར་བྱ་སྟེ། དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། དཔེར་ན། འབྲེལ་པ་བརྟག་པ། ཞེས་པ་ལྟ་བུ་གཞུང་དཔེ་རྣམས་ན་ཤིན་ཏུ་མང་། ཐེངས་ཞེས་པ་ཐང་ཞེས་པ་ཨ་ཡིག་ཨེ་ཡིག་ཏུ་གྱུར་ཅིང་དེ་ལ་ཡང་འཇུག་ས་རྒྱབ་པ་མཐོང་། ང་ལོ་གཞོན་པའི་སྐབས་བོད་དུ་ཐང་གཅིག ཐང་གཉིས་ཟེར་བ་མང་དུ་ཐོས། བསྟན་བཅོས་སུ་ཡང་། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། ཞེས་པ་ལྟ་བུའོ།།
་་་་ དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། ་་་་་ཟེར།
རྒན་ལ་དྭགས་པ་མཆོག་འདིར་སླར་ཡང་ཕེབས་པར་ཡིད་སྤྲོ་བརྟས། དུས་ཡུན་རིང་ཙམ་རིང་འདིར་མ་ཕེབས་པར་བློ་འཚབ་བྱུང་།།
རྒན་འཇམ་དཔལ་ལེགས་སུ།
མིང་། བྱ་ཚིག
འབྲེལ་པ། འབྲེལ་བ།
འགྲེལ་པ། འགྲེལ་བ།
བསླབ་པ། བསླབ་བ།
དང་།
འགྲེལ་པོ། འགྲེལ་བ།
འབྲེལ་པོ། འབྲེལ་བ།
ཡང་ན།
སློབ་མཁན། བསླབ་པ།
དེ་བཞིན།
ལྟ་པོ། ལྟ་བ།
ཟ་པོ། ཟ་བ།
བྱེད་པོ། བྱ་བ།
འདི་འདྲ་བོད་ཡིག་ནང་ལ་རིགས་འགྲེས་བྱ་ཐབས་ཅིག་ཡོད་དམ་མེད། ཅེས་འདྲིའོ། །
བོད་མི་མི་རེ་ངོ་རེས་བོད་མི་རིགས་ཀྱི་ལས་དབང་དང་བསྟུན་པའི་ལས་འགུལ་དེ་རིགས་སྤེལ་ཐུབ་ན་རང་རང་སོ་སོའི་ས་ནས་གྲུབ་འབྲས་ཤིག་འཐོན་རྒྱུ་གདོན་མི་ཟ་བས། ནང་ཁུལ་ཁ་སྟོང་གི་འཁྲུགས་རྩོད་རིང་དུ་འདོར་ནས་སོ་སོའི་འཇོན་ཐང་རེ་ངོམ་རན་རེད།
འགྲིགས་འདུག ཅིག་བཤད་མཁན་གླེང་མཁན་རེ་ཡོད་འདུག་དུས་ཅིག་འགྲིགས་གི་ཡོད་པའི་རྟགས་རེད།