པད་མ་འབུམ།
————
ལྷ་ས་ལ་མ་སོང་བའི་སྔ་དགོང་། ཟི་ལིང་གི་མགྲོན་ཁང་དུ་བརྙན་འཕྲིན་གྱི་སྒོ་ཕྱེ་བར་དེའི་ནང་ལ་ལྷ་སའི་བར་སྐོར་སྐོར་གྱི་གསར་འགྱུར་ཞིག་སྟོན་གྱིན་འདུག སྐོར་ལམ་ན་མི་མེད་པར། བརྙན་རིས་ལ་བཀྲ་ཤིས་རྟགས་བརྒྱད་དང་གཟི་དབྱིབས་ཀྱི་འོད་རིས་ཅན་གྱི་ལམ་གློག་མང་པོ་དང་། ཚོན་རིས་ལ་གསར་ཉམས་ཆེ་བའི་སྒོ་དང་སྒེའུ་ཁུང་མང་པོ་ཤར། ངས་མཐོང་དུས་གསར་འགྱུར་དེ་ཚར་ལ་ཉེ་བས་གསར་འགྱུར་གྱི་ནང་དོན་ཅི་ཡིན་མ་ཤེས། ཕར་བལྟས་ན་ཉམས་གསོ་གྲུབ་པའི་བར་སྐོར་སྟོན་གྱི་ཡོད་པ་འདྲ།
ན་ནིང་ལོ་སྟོད་ལ་ཕྱི་རྒྱལ་དུ་ལྷ་སའི་བར་སྐོར་རམ། ཇོ་ཁང་ངམ་གང་ཞིག་ལྷ་སའི་གཞུང་གིས་གཏོར་ནས་དེའི་ཤུལ་དུ་ཚོང་རའམ། རླངས་འཁོར་འཇོག་སའམ་ཅི་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་ཚུལ་གྱི་གཏམ་ཡན་ཞིག་གྲགས་སོང་། ང་ལྷ་སའི་བར་སྐོར་ལ་དངོས་སུ་སླེབས་དུས་གཏམ་ཡན་དེ་ནི་ང་རང་གིས་ཐོས་ནོར་དུ་སོང་བའམ། ཡང་ན་གཏམ་ཡན་དེ་འགོ་འཛུགས་དུས་ནས་གྲགས་ནོར་དུ་སོང་བ་ཞིག་ཡིན་སྙམ་སྐྱེས། ངའི་མདུན་ན་ཡོད་པ་དེ་ཇོ་ཁང་ནི་རེད། ངས་གོམ་བགྲོད་བྱེད་བཞིན་པའི་སྲང་ལམ་དེ་ང་རང་གི་དྲན་ངོགས་ན་ཡོད་པའི་བར་སྐོར་དང་ཧ་ཅང་འདྲ་མཚུངས་རེད། ངའི་དྲན་ངོགས་ན་མེད་པའི་བར་སྐོར་གྱི་ཁང་རྙིང་འགའ་རེ་གཏོར་བ་ཡིན་ནམ། དེ་ནི་ངས་མི་ཤེས། ལྷ་སར་གཏན་སྡོད་ཀྱི་མི་ལ་གསལ་རྒྱུ་རེད།
ཡིན་ན་ཡང་ངའི་སེམས་ན་ཉར་ཡོད་པའི་ལོ་རབས་བརྒྱད་ཅུའི་ནང་གི་བར་སྐོར་གྱི་འདུ་འཛི་དང་འཁྲུག་ཉམས་དེ་མེད་པས་སྟོང་ཉམས་ཤིག་མངོན། ཡིན་རྒྱུ་ནི་འདས་པའི་ཟླ་ཁ་ཤས་ཀྱི་རིང་ལ་བར་སྐོར་ལ་ཞིག་གསོ་བྱས་ནས་མི་རྣམས་བར་སྐོར་ལ་འགྲོ་སྐྱོད་བཀག་འདུག་ཅིང་། ད་ཆ་ཡང་སྐྱར་སྒོ་ཕྱེ་མ་ཐག་ཡིན་པ་མི་མང་པོས་ད་དུང་ཤེས་མེད་པ་འདྲ། དེའི་ཐོག་ལ་བར་སྐོར་གྱི་ཚོང་ཁང་རྣམས་ཡོད་པ་མ་གཏོགས་ཐང་ཁྲོམ་གཅིག་ཀྱང་མི་འདུག ད་དུང་ཆོས་བཏོན་ནས་སློང་མོ་རྒྱག་པ་དེའི་རིགས་ཀྱང་གཅིག་ཀྱང་མཐོང་རྒྱུ་མི་འདུག ༡༩༨༧ ལོར་ང་ལྷ་སར་ཡོང་དུས་ངའི་ཉིན་ཐོ་ཞིག་ཏུ་བར་སྐོར་ནི་དད་སྐོར་ཙམ་མ་ཡིན་པར་སྤྲང་སྐོར་དང་ཚོང་སྐོར། འདོད་སྐོར། ཁྲམ་སྐོར་ཞིག་ཏུ་གྱུར་ཡོད་ཚུལ་བྲིས་མྱོང་། ད་རེས་ངས་བར་སྐོར་ན་བོད་པ་དད་སྐོར་དང་རྒྱ་མི་ལྟད་སྐོར་ཙམ་མ་གཏོགས་མེད་དུས་ངའི་སེམས་ལ་བར་སྐོར་ཟེར་བ་འདི་དང་པོ་འགོ་ཚུགས་དུས་ཀྱི་དམིགས་ཡུལ་ནི་འདི་ཙམ་སྟེ། གཙོ་བོ་ཆོས་དད་ཅན་རྣམས་ཀྱིས་སྐོར་སྐྱོད་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་བྱེད་ས་ཙམ་ཡིན་འོས་ཆེ་ཞིང་། རིམ་གྱིས་ཚོང་སྐོར་དང་སློང་སྐོར་ཡང་འདྲེས་པ་ཡིན་རྒྱུ་རེད་སྙམ།
ངས་བར་སྐོར་ན་རང་གི་ཁང་པ་ཡོད་པའི་ངའི་གྲོགས་པོ་ཞིག་དང་འཕྲོས་མོལ་སྐབས་ངའི་ཚོར་སྣང་འདི་བཤད་པར། ཁོང་གིས་བར་སྐོར་ལ་སྐོར་བ་རྒྱག་ཞོར་དུ་ཉོ་ཆ་ཙག་ཙིག་རེ་རྒྱག་རྒྱུ་དེ་བར་སྐོར་གྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་རེད། མི་རྣམས་ཀྱིས་རང་གི་ཉེར་མཁོ་ཉོ་སྒྲུབ་བྱེད་ཞོར་དུ་ཚོགས་གསོག་ཐུབ་པ་དང་། ཚོགས་གསོག་ཞོར་དུ་ཉེར་མཁོ་ཡང་སྒྲུབ་ཐུབ་པ་རེད་བསམ་གྱི་ཡོད་པ་རེད། འདི་ལྟར་བསམས་ཤིང་འདི་ལྟར་བྱས་ནས་ལོ་ངོ་བརྒྱ་མང་པོ་སོང་ཡོད་པ་རེད། ད་ལྟ་དེ་ལྟར་བྱེད་རྒྱུ་མེད་པར་གྱུར་དུས་བར་སྐོར་གྱི་ཁྱད་ཆོས་ཆེན་པོ་ཞིག་མེད་པར་གྱུར་བ་རེད་ཅེས་ཕངས་སེམས་སྟོན་གྱི་འདུག
ཕྱིས་ཀྱི་ཉིན་ཤས་ལ་ང་ལྷ་སར་བསྡད་པའི་རིང་བར་སྐོར་ལ་སྐོར་བ་རྒྱག་མཁན་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་པོར་མཐོང་ཐུབ། ལྷ་སའི་མིས་ཀྱང་དེ་ཚོར་གྱི་འདུག ང་ཚོང་ཁང་ཞིག་ལ་སོང་དུས། ཚོང་བདག་མས་མོ་དང་ཁ་བརྡ་བྱེད་རོགས་ཤིག་ལ་ད་ཨ་མདོའི་མཇལ་སྐོར་བ་དེ་ཚོ་ལ་ཇེ་མང་ལ་འགྲོ་གི་འདུག་ཅེས་བརྗོད་པ་ངས་ཐོས། དེ་བདེན་པ་རེད། ཞོ་སྟོན་གྱི་སྔོན་ཙམ་ལ་རྒྱ་ནག་དབུས་གཞུང་ནས་ཁམས་དང་ཨ་མདོའི་དབུས་མཇལ་བ་རྣམས་དབུས་མཇལ་ལ་འགྲོ་ན་རང་ཡུལ་གྱི་སྤྱི་བདེ་ལས་ཁུངས་སོགས་ཀྱི་ལམ་ཡིག་སྣ་མང་དགོས་པ་དེ་མེད་པ་བྱས་འདུག ཉིན་དེ་ཚོའི་ནང་ལ་རེབ་གོང་ནས་ཡོང་བའི་མཇལ་སྐོར་བ་མི་འདྲ་བ་ལ་ཡང་ཡང་ཐུག་རྒྱུ་བྱུང་། ཟ་ཁང་ཞིག་ལ་ནུབ་ཚ་ཞིག་གི་སྐབས་ལ་སྟེས་དབང་གིས་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་ཀྱི་གཞིས་འཛིན་གཡུང་དྲུང་རྒྱལ་ལགས་ལ་ཡང་ཐུག་བྱུང་། ཁོང་”སྐུ་ཞབས་དགེ་འདུན་ཆོས་འཕེལ་མཆོག་གི་དྲན་གསོ་ཁང་”ཟེར་བ་ཞིག་བཞེངས་ཡོད་པ་དེའི་སྒོ་འབྱེད་ཀྱི་མཛད་སྒོར་ཡོང་ན་ཡང་མཛད་སྒོ་ཕྱིར་འགྱངས་བྱས་པ་རེད་ཟེར།
དྲན་གསོ་ཁང་དེ་ཡང་བར་སྐོར་ན་ཡོད་ཅིང་། སྔོན་མ་དགེ་འདུན་ཆོས་འཕེལ་རང་གི་བཞུགས་ཤག་ཡིན་པར་བཤད་ཅིང་། དེ་དུང་བཞེངས་སྐྲུན་བྱེད་བཞིན་པ་འདྲ་བས་ང་ནང་ལ་འགྲོ་བའི་གོ་སྐབས་མ་བྱུང་ཡང་རྗེས་དྲན་ཁང་ཆེན་པོ་ཞིག་ཡིན་སྙམ་སྟེར་ཞིང་། དེ་འདྲའི་ཁང་པ་ཆེན་པོ་ཞིག་གི་ནང་ལ་དགེ་ཆོས་ཀྱི་སྐོར་ལ་ཅི་ཞིག་བཤམ་རྒྱུ་ཡོད་པ་ཡིན་ནམ་སྙམ། དེ་འདྲའི་བསམ་མཁན་ང་གཅིག་པོ་མ་རེད། པེ་ཅིན་དུ་བོད་རིག་པའི་ཞིབ་འཇུག་བྱེད་མཁན་རྒྱ་མི་ངོ་ཤེས་ཞིག་དང་འཕྲོས་མོལ་བྱས་པར་ཁོས་ཀྱང་དེ་ལྟར་ཟེར།
བར་སྐོར་ན་ད་དུང་”དགེ་འདུན་ཆོས་འཕེལ། དེང་རབས་སྒྱུ་རྩལ་གྱི་བར་ཁྱམས།”ཟེར་བའི་ལྷ་ས་ན་ཡོད་པའི་དེང་རབས་རི་མོ་པའི་ཚོགས་པ་ཞིག་གི་རི་མོ་འགྲེམས་སྟོན་ཁང་ཞིག་འདུག རི་མོ་པའི་ཚོགས་པ་འདི་དང་ལ་རྩེ་དཔེ་མཛོད་ཁང་གཉིས་ཀྱི་བར་ལ་ ༢༠༠༣ ལོ་ནས་འབྲེལ་བ་བརྗེད་དུ་ཕངས་པ་ཞིག་བྱུང་། ལོ་དེར་ལ་རྩེར་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་ཚོགས་འདུ་ཚོགས་སྐབས། རི་མོའི་ཚོགས་པ་དེའི་ཚོགས་མི་བཅུ་གསུམ་ཡོད་པ་རེ་རེས་བརྗོད་གཞི་དགེ་འདུན་ཆོས་འཕེལ་ཅན་གྱི་རི་མོ་བཅུ་གསུམ་བྲིས་ནས་ཚོགས་འདུ་དེའི་ལེགས་སྐྱེས་ལ་བསྐུར། རི་མོ་དེ་རྣམས་པར་སྒྲོམ་ཆེན་པོ་གཅིག་གི་ནང་ལ་བསྒྲིགས་ནས་ལ་རྩེ་དཔེ་མཛོད་ཁང་གི་རྩིག་ངོས་ཆེན་པོ་ཞིག་ལ་བཀལ་ཡོད་པ་དཔེ་མཛོད་ཁང་འདིའི་ཁང་རྒྱན་ཞིག་ཏུ་གྱུར་ཡོད་པ་མ་ཟད། དཔེ་མཛོད་ཁང་འདིའི་གཙོ་གནད་དེང་རབས་བོད་ཀྱི་རིག་གཞུང་ཡིན་པའི་ངོས་ནས་དཔེ་མཛོད་ཁང་འདིའི་ངོ་བོ་མཚོན་བྱེད་ཅིག་ཏུ་ཡང་གྱུར་ཡོད། དཔེ་མཛོད་ཁང་འདིར་གཟིགས་སྐོར་དུ་ཡོང་མཁན་མང་པོས་རི་མོའི་ཚོགས་འདིའི་མདུན་དུ་རྗེས་དྲན་གྱི་འདྲ་པར་རྒྱག་པར་དགའ།
རི་མོ་པའི་ཚོགས་པ་འདིར་ལོ་བཅུའི་སྔོན་ལ་ཚོགས་མི་བཅུ་གཉིས་བཅུ་གསུམ་ཙམ་ལས་མེད་པར་མེད་པར་བཤད་ཀྱང་དེང་སང་ཚོགས་མི་ཉི་ཤུ་གྲངས་ཤིག་ཡོད་པར་བཤད། མི་རིགས་གཞན་པའི་རི་མོའི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་རྣམས་ལ་འགྲེམ་སྟོན་ཁང་འདི་སྐད་གྲགས་ཧ་ཅང་ཆེ་ཞིང་། འདི་ནི་བོད་ཀྱི་དེང་རབས་རི་མོའི་ལྟེ་གནས་ཤིག་ཏུ་འགྱུར་བཞིན་ཡོད། རི་མོ་ཡང་མང་པོ་གོང་ཆེན་དུ་བྲིན་གྱི་ཡོད་སྐད་ཐོས། ང་འགྲེམ་སྟོན་ཁང་ལ་སླེབས་པའི་ཉིན་དེར་ཡང་གསར་དུ་བརྩམས་པའི་རི་མོ་མང་པོ་འགྲེམས་སྟོན་བྱས་འདུག རི་མོ་གཅིག་ནི་སྟོན་མདངས་ཀྱི་ནང་གི་དགོན་པ་ཞིག་ཡིན་ལ། དགོན་པ་དེའི་མདུན་གྱི་ཤིང་སྡོང་ཞིག་གི་སྟེང་གི་སྡོང་ལོ་སེར་པོ་རྣམས་སེར་བུ་ཞིག་ན་གཡུག་ན་འགུལ་མི་ཡོང་ངམ་སྙམ་པ་ཞིག་སྐྱེས།
ལྷ་སའི་བར་སྐོར་ན་བསྐོར་ནས་མི་ཚར། བཤད་ནས་ཀྱང་མི་ཚར།
མཆན། འབྲེལ་ཐག་འདི་ནས་ (ན་ནིང་གི་དབུས་མཇལ། དང་པོ།) གཟིགས་ཐུབ།
བཀླགས་ཟིན་པ་ཡིན། ཚོར་སྣང་ཡང་བཤད་མ་ཤེས་པ་ཞིག་བྱུང་སོང་། ཨ་ཁུ་པད་མ་འབུམ་ལགས་ལ་བཀའ་དྲིན་ཆེ་ཞུ།
ཧ་ཅང་གི་སྙན་སོང་བཀའ་དྲིན་ཆེ
ཐང་ཁྲོམ། མིང་ཚིག་འདིའི་དོན་མ་གོ་བར་དག་གསར་ལ་བལྟས་པ་ཡིན། ཐང་ཁྲོམ་ནི་ཐང་ཕྲོམ་གྱི་འབྲི་ཚུལ་གཞན་ཟེར་ནས་བྲིས་འདུག ཡང་ཐང་ཕྲོམ་བཙལ་བ་ཡིན། ཐང་ཕྲོམ་ནི་རྩྭ་སྨན་བཟི་ཁ་ཧ་ཅང་ཆེ་བ་ཞིག་སྟེ། རིགས་གཉིས་ཡོད་པའི་གཅིག་ཐང་ཕྲོམ་དཀར་བོ་དང་གཅིག་ལ་ཐང་ཕྲོམ་ནག་པོ་ཟེར། འདི་འདྲ་ཞིག་བྲིས་པ་ལས་གཞན་ཅི་ཡང་མི་འདུག
ཡང་New Tib-eng-ch Dictionary ལ་བལྟས་པ་ཡིན། སྔོ་ལྡུམ་གྱི་རིགས། སྡོང་བུ་ཐུང་བ། ལོ་མ་སྒྲོ་དབྱིབས་གཉེར་རིས་མང་ལ་མཐའ་འཁོར་གྱ་གྱུ་ཅན། ས་འབྱར་དུ་སྐྱེ་བ། མེ་ཏོག་དཀར་སེར་དྲིལ་དབྱིབས་གང་བུ་ལྗང་སྐྱ་ཅུང་ཆེ་བ། རྩ་རིས་དྲ་བར་འབྲེལ་བའི་ནང་དུ་འབྲས་བུ་སྨུག་ནག་མཁལ་དབྱིབས་ཅན་མང་དུ་ཡོད་པ་ཞིག་གོ། ཟེར་བ་ཙམ་ལས་གང་ཡང་མི་འདུག
དེ་ལྟར་ན་བར་སྐོར་ནང་ཡོད་པའི་ཐང་ཁྲོམ་དེ་རྩྭ་ལྡུམ་ཞིག་འེ་རེད་ལགས། ཐང་ཁྲོམ་འདི་ཟོས་ན་མིག་རབ་རུབ་ཆག་འགྲོ་བ་བདེན་པ་འདྲ་འདུག དབུས་མཇལ་ལ་ཡོང་ནས་བར་སྐོར་ནས་མཐོང་དགོས་པ་གཅིག་ཀྱང་མཐོང་གི་མེད་པ་འདྲ། མཐོང་མི་དགོས་པ་མང་པོ་མཐོང་ས་རེད། ཧཧཧ བར་སྐོར་ལ་མ་སླེབས་སྔོན་ལ་ཕོ་བྲང་པོ་ཏ་ལ་ཡང་མཐོང་མ་སོང་། བར་སྐོར་ལ་སླེབས་ནས་་་་་་་་་་་ད་ཅང་རིག་ས་མ་རེད་ཀོ
ཟླ་མེད་ལགས་ཀྱིས་ཐང་ཁྲོམ་དང་ཐང་ཕྲོམ་གཅིག་ཡིན་པ་དེ་གསལ་བཤད་ལེགས་བྱུང་། དེ་ནས་ཆུང་དུས་ཐང་ཕྲོམ་རེག་གཅོད་ཀྱི་སྐབས་སུ་སྣུམ་པའི་་དྲི་ངན་དེ་སྣ་ལ་སླེབས་སོང་བསམས་བསམས་ཤིག་བྱུང་། ཁྱེད་ཀྱི་ཡུལ་ན་ཐང་ཕྲོམ་མེད་པ་རེད་དམ།
འདིར་ཐང་ཁྲོམ་ཞེས་པ་དེ་ཐང་ལ་བཀྲམས་པའི་ཁྲོམ་ཞེས་པའི་བསྡུས་ཚིག་ཡིན་སྟབས་ང་ལ་དེར་འགྲེལ་བཤད་མི་དགོས་པར་ཤེས་བྱུང་། མེག་ལོར་གན་ཇི་ན་ཡང་ཁྲོམ་རྭ་འདི་ཡོད་པ། བལ་ཡུལ་སྤོག་ར་ཁུལ་དུ་ཁྲོམ་འདིའི་རིགས་ལ་ སམ་ཐིང་ ཟེར་གི་རེད་ཅེས་གོ་བྱུང་། དེ་ནི་ཨིན་ཇིའི་སྒྲ་ something ནས་བྱུང་བ་རེད་ཟེར།
སྤྱི་ཡོངས་ཀྱི་ཆ་ནས་ང་ལ་བོད་ཀྱི་མིང་ཚིག་གི་སྐོར་ལ་བསམ་འཆར་འགའ་ཞིག་ཡོད། དཔེར་ན་ཉེ་ཆར་བོད་ཀྱི་རྒྱལ་རབས་ཞེས་པ་ལ་ history ཞེས་པའི་ནང་དོན་མི་འཛོམས་སྟབས་ བྱུང་རབས་ཞེས་བརྗེ་དགོས་སྐོར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོང་། དེ་བཞིན་ཐུབ་བསྟན་མཆོག་སྒྲུབ་མཆོག་གིས་བརྩམས་པའི་རྒྱ་གར་རྒྱལ་རབས་ནའང་དེ་ལྟར་འགྲེལ་བཤད་གནང་འདུག ལར་ནས་ ཨིན་ཚིག་དེ་ལའང་འགྲེལ་ཚུལ་སྣ་ཚོགས་པ་ཞིག་ཡོད་འདུག
ད་རྒྱལ་རབས་ཞེས་པའི་ཚིག་འདི་་བོད་མི་ས་ཡ་དྲུག་གི་ཁ་ལ་འཇགས་བསྡད་པ་དེ་ཇི་ལྟར་མ་འཇགས་པ་བཟོ་རྒྱུ་ཡིན་པ་དེ་ངའི་དྲི་བ་ཡིན། བཙན་གྱིས་འཇོག་མི་ཐུབ། དྲིལ་བསྒྲགས་ཀྱི་ཐོག་ནས་འཇོག་མི་ཐུབ། བསྐུལ་ནས་འཇོག་མི་ཐུབ། བསླུས་ནས་འཇོག་མི་ཐུབ། ཇི་ལྟར་འཇོག་རྒྱུ་ཡིན། འདི་ངའི་དྲི་བ་ཡིན། སྤྱི་ཚོགས་ཐོག་གི་འགྱུར་བ་དེ་རིགས་ལ་ཁྲིམས་ཁང་གིས་བཀའ་རྒྱ་གཏོང་གཏོང་ལྟར་བསྒྱུར་ཆོག་ཆོག་ཅིག་མེད་པ་དེ་ང་ལ་ངོ་འཕྲོད་ཡོད། འདི་ནི་བསམ་འཆར་ཙམ་ཞིག་གོ།
ཞོར་དུ་རྒན་པད་མ་འབུམ་གྱིས་ན་ནིང་གི་ལྷ་ས་ད་ལོར་ཡིག་ཐོག་ལ་བཞེངས་པ་དེར་ཐུགས་རྗེ་ཆེ་ཞུ་བ་ཡིན།
Historyལ་ ང་ཚོས་ལོ་རྒྱུས་ཟེར་གི་ཡོད། རྒྱལ་རབས་ཁྲི་རབས་བླ་རབས་མཁན་རབས་དཔོན་རབས་སོགས་ནི་ལོ་རྒྱུས་ཀྱི་ཆ་ཤས་རེ་རེ་མ་རེད་དམ།
ཨིན་ཇིའི་ཚིག་གི་གོ་བ་ཡོད་མེད་ཁོ་ནས་ཐོག་ནས་བོད་སྐད་དུ་བཀོལ་བཞིན་པའི་མིང་ཚིག་བརྗེ་དགོས་ན་ད་བརྗེ་ཚོད་ཅིག་ཡོད་ཀྱི་མ་རེད། ཨིན་ཇིའི་མིང་ཚིག་ལ་ཡང་བརྐྱངས་བསྐུམས་ཡོད་པ་ནང་བཞིན་བོད་སྐད་ཀྱི་མིང་ཚིག་ལ་ཡང་བརྐྱངས་སྐུམ་བྱེད་རྒྱུ་ཡོད་ཀྱི་རེད། དགོངས་དག སྐབས་འདིར་ལྷ་སའི་ད་ལྟའི་གནས་ཚུལ་གླེང་འདོད་ཆེ་ཡང་ད་འདི་འདྲ་ཞིག་ཤོར་སོང་།
སྔོན་མ་བར་སྐོར་ན་ཁམས་པ་རལ་པའི་སྣེ་མོ་ན་སྐྲ་མཐུད་དམར་པོ་བརྒྱབ་པ། ཕྱུ་པ་གོན་པའི་སྐེད་པ་ན་གྲི་བཏགས་པ། གོམ་འགྲོས་དེ་འཁོར་གིན་འཁོར་གིན་བསྐྱོད་པ་དེ་འདྲ་མཐོང་ཡོང་། དེ་བཞིན་ཨ་མདོ་བས་དབུས་སྤོས་ཞེས་འབོད་པའི་སྤོས་སེར་པོ་སྤོས་རྐང་གི་སྦོམ་ཕྲ་བལ་གྱི་སྐུད་པ་འདྲ་ཙམ་རེ། རིང་ཐུང་ཁྲུ་ཙམ་ཅན་རྐང་ཉི་ཤུ་ལྷག་ཙམ་རེ་མཉམ་དུ་སྐུད་པས་བསྒྲིལ་ཏེ་ཡོད་པ་བཙོང་རྒྱུ་ཡོད། ད་དེ་འདྲ་ཡང་མེད་པ་འདྲ།
༼ རི་མོ་གཅིག་ནི་སྟོན་མདངས་ཀྱི་ནང་གི་དགོན་པ་ཞིག་ཡིན་ལ། དགོན་པ་དེའི་མདུན་གྱི་ཤིང་སྡོང་ཞིག་གི་སྟེང་གི་སྡོང་ལོ་སེར་པོ་རྣམས་སེར་བུ་ཞིག་གཡུག་ན་འགུལ་མི་ཡོང་ངམ་སྙམ་པ་ཞིག་སྐྱེས། ༽འདི་ཡ་མཚན་ཞིག་རེད། འབྲི་རྩལ་འདི་དངོས་གནས་རབ་འབྲིང་མཐའ་གསུམ་གྱི་སེམས་ལ་ཟུག་ལོས་འགྲོ་སྙམ་པ་ཞིག་འདུག
ཐང་ཁྲོམ་ནི་ངས་ཀྱང་གསལ་བོ་གོ་སོང་། ཐང་ཚོང་དང་ཐང་ཁྲོམ་ནི་སྔོ་སྨན་གྱི་རིགས་དེར་མ་གོ་ཡང་འགྲིག་གི་མེད་འགྲོ། གཞོན་ནུ་ཟླ་མེད་ལགས་ཁུངས་དག་མོ་རེད།
དེ་ནས་རྒྱལ་རབས་འགྲིག་གི་མི་འདུག་history ལ་བྱུང་རབས་རེད་ཟེར་བ་ཟམ་གདོང་བའི་བཞེད་ཚུལ་ཡིན་པ་མ་ཤེས། history གྱི་མཚན་ཉིད་སྟོན་པའི་གཞུང་ལུགས་བོད་ལ་ཡོད་མ་རེད། ཨིན་ཇི་དང་རྒྱ་གར་གྱི་history གྱི་ མཚན་ཉིད་སྟོན་པའི་གཞུང་ལུགས་ཀྱི་གོ་བ་ལྟར་བྱས་ན་ history ལ་བོད་སྐད་ཀྱི་ལོ་རྒྱུས་ཟེར་བ་དེ་དག་དག་བསྡད་མི་འདུག ༼དེ་བྱུང་དང་། དེ་བྱུང་རིག་པ་༽ཟེར་དགོས་ཀྱི་འདུག་ཟེར་ནས་བཤད་མྱོང་བ་རེད། ཡིན་ཡང་། དེ་ལ་རིམ་པས་ཟམ་གདོང་བས་འགྱུར་བ་ཕྲན་བུ་ཕྱིན་ནས་༼བྱུང་བ་དང་བྱུང་བ་རིག་པ་༽ཟེར་བསྡད་ཡོད་རེད། historyདང་བྱུང་བ་གཉིས་ཀྱང་ཨིན་ཇིའི་མཚན་ཉིད་སྟོན་པའི་གཞུང་ལུགས་ཀྱིས་གཅིག་པར་སྟོན་སྟོན་ཐུབ་མིན་ཅི་ཆ་མོད། མཁས་པ་ཁོང་ཉིད་བཀའ་བློན་ཁྲི་བ་ཡིན་དུས་གཞུང་ཡིག་ནང་དུ་བེད་སྤྱོད་དང་། གསུང་བཤད་ཁག་ཏུ་དེ་རང་གསུང་པ་རེད།
སྤྱིར་ན། བོད་ཀྱི་ལོ་རྒྱུས་ཟེར་བ་ནི་འགྲེལ་བཤད་ངོས་ནས་བསམ་ན་སྐད་ཆ་སྙན་མོ་བཟོས་བཞག་པའི་ཟོལ་ཞིག་ཡོད་པ་འདྲ།
ཨ་ཁུ་པདྨ་ལགས་ཐུགས་རྗེས་ཆེ།
ཟམ་གདོང་བླ་མ་རིན་པོ་ཆེ་ནས། སྔ་ན་མ་བྱུང་བའི་ལོ་ཙ་བ་ཡིན་མདོག་བསྟན་པ་ཙམ་རེད། བྱ་བརྒྱའི་ཁ་ཤར་ལ་འཁོར་ས་ནས། བྱ་ཁ་ཏྭའི་ཁ་ནུབ་ལ་འཁོར་བསྡན་པའི་གང་ཟག་འདི་ཚོ་ལ་བཤད་རྒྱུ་ལས་རྒྱུ་མང་གི་ཡ།
༼འདིར་ཐང་ཁྲོམ་ཞེས་པ་དེ་ཐང་ལ་བཀྲམས་པའི་ཁྲོམ་༽ ཐང་ལ་བཀྲམས་བཞག་པའི་ཁྲོམ་ཞིག་གང་ན་འདུག། ཁྲོམ་ཟེར་ན་དོན་ག་རེ་རེད། ཁྲོམ་ས་རེད་དམ། ཁྲོམ་ར་རེད་དམ། ཕྱི་ཁྲོམ་པ་རེད་དམ། ནང་ཁྲོམ་པ་རེད། ག་རེ་རེད།
ད་རེ་དགེ་རབ་ཡིན་ཐལ།
སྐྲ་མཐུད་དམར་པོ་ཟེར་བའི་དོན་གང་ཡིན་ནམ་་་དགེ་རབ་ལ་ཞུ་གི་ཡོད།
ཡོངས་བསྒྲགས་སུ་་་ལ་ཐོད་ཟེར་བ་ཞིག་གོ་མྱོང།
མ་གཞི་ནས་དེང་དུས་བོད་ཀྱི་མཁས་པ་ཡིན་ཟེར་མཁན་ཚོས་་་་གནའ་གཏམ་ལ་ཆ་འཇོག་མི་བྱེད་པར་རང་སྣང་གིས་ཐ་སྙད་མང་པོ་ཞིག་བཟོས་ཡོང་གི་འདུག དཔེར་ན། དམངས་གཙོ་ལ་་་མང་གཙོ། ལ་བཙས་ལ་ལ་རྩེ་ཞེས་བཟོ་བཅོས་བྱས་པ་ལྟ་བུ་རེད།
ཡོངས་བསྒྲགས་ཟེར་བ་་་་ཡོངས་སུ་སུ་གྲགས་པ་ཞེས་བཅོས་རོགས།
ད་ཨ་ཁུ་པད་མ་འབུམ་ལགས་ཀྱི་ཁྱད་མཚར་ལྡན་པའི་དབུས་མཇལ་སྐོར་དང་དེ་འཕྲོས་ཀྱི་བར་སྐོར་བཅས་ལ་གླེང་མོལ་ཞུ་རོགས། ཐང་ཁྲོམ་དང་ཐང་ཚོང་དོན་གཅིག་རེད། དེ་ཙམ་ལ་རྩོད་ཀྱི་ཅི་ཡང་མེད།
གཞན་ཡོངས་གྲགས་སུ་ལོ་རྒྱུས་ལ་ history ཞེས་འགྱུར་ཡོད་པ་འདྲ། དེ་མིན་རྒྱལ་རབས་དང་བྱུང་རབས་ཁག་ལ་ཡང་དེ་བཞིན་འགྱུར་ཡོད། དེ་ཡང་མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱི་རྒྱ་གར་རྒྱལ་རབས་ཀྱི་འགོ་ལ་རྩོད་སྤོང་གནང་ཡོད་པ་བཞིན་རེད།
ཨིན་ཨིན་ཨིན།
དེ་རིང་ཡང་ཚིག་སྐྱིད་པོ་ཟིག་རྩོད་ཀི་ཡོད་ཀི
ཐང་ཁྲོམ། ཐང་ཁྲོམ། ཐང་ཁྲོམ། ཚིག་འདི་ཇི་ལྟར་བསྡུས་རུང་ཐང་གི་ཁྲོམ་མམ། ཐང་ན་ཡོད་པའི་ཁྲོམ་ལ་ཟེར་དགོས་པ་འདྲ་འདུག འོ་ན་ཐང་ནི་ངོས་མཉམ་པའི་ས་གཞི་དང་། ཁྲོམ་ནི་ཕྱ་མ་བྱས་པའི་ལུག་ལ་ཟེར་པ་ཡིན་པས། ལུག་བརྒྱ་ཡི་དཀྱིལ་ན་ཁྲོམ་གཅིག་ཟེར་པའི་དཔེ་ཡང་ཡོད།
མི་མང་པོ་ཅིག་གིས་གོ་བ་འདི་དེ་ག་རང་ལ་ལེན་གི་ཡོད་པ་སྟེ། དཔེར་ན་སྔོན་ཆད་ཕ་ཡུལ་གྱི་མི་ཞིག་ལྷ་སར་མཇལ་སྐོར་དུ་སོང་སྟེ་ཕྱིར་ཡོང་བ་ན་གྲོགས་པོ་ཞིག་གིས་ཁོ་ལ་ཨ་རོགས་ལྷ་སའི་ཁྲོམ་ག་འདྲ་འདུག་ཟེར་དྲིས་སྐབས། མི་དེས་ཁོའི་ལན་དུ་ལྷ་སའི་ཁྲོམ་ནི་ངེད་ཚང་གི་ཁྲོམ་དང་གཅིག་པ་གཅིག་རྐྱང་རེད་ཟེར་ལན་བཏབས་པ་རེད། རེ་ཞིག་ཁོ་ཧད་དེ་ལུས་ན་ཡང་། འོན་ཀྱང་ལན་དེ་མ་རེད་ཟེར་བཤད་མ་ཐུབ་པས། བསམ་བློ་གཏོང་སྐབས་ཁོང་གི་འདྲི་སྟངས་འགྲིག་མེད་པ་གཞི་ནས་ཤེས་པ་རེད།
ཚིག་ལ་ལ་ཞིག་གིས་ང་ཚོ་མགོ་ཐོམ་མེར་བཟོ་གི་ཡོད་པ་ཁག་མི་འདུག ཧཧཧ ཀུ་རེ་ཡིན།
གནམ་ཟེར་ལ་ལགས།
“བྱ་བརྒྱའི་ཁ་ཤར་ལ་འཁོར་ས་ནས། བྱ་ཁ་ཏྭའི་ཁ་ནུབ་ལ་འཁོར་”ཟེར་བ་ཡིན་ས་མ་རེད། “བྱ་བརྒྱའི་ཁ་ཤར་ལ་འཁོར་ས་ནས།།བྱ་ཕ་ཝང་ཁ་ནུབ་ལ་འཁོར།”ཟེར་གི་རེད། དེ་ཡང་བྱ་དང་བྱིའུའི་གཏམ་རྒྱུད་ལས་ཐོས་པ་ཡིན། ཧེ་ཧེ་་་་་་་་
བཙན་པོ་དར་མའི་རྗེས་ལ་བོད་ཀྱི་བྱུང་རབས་ཡོད་ཀྱང་། བོད་ཀྱི་རྒྱལ་རབས་ཡོད་དམ་མེད། ལགས།
དམངས་གཙོ་དང་མང་གཙོ། རིག་གཞུང་དང་ལེགས་བྱང་། རྒྱ་རབས་དང་བྱུང་རབས་རྣམས། གང་རྙིང་པ་དེ་བླངས་མི་དགོས་པར། གང་དག་པ་དེ་ཁས་བླངས་ན། བོད་ཡར་རྒྱས་འགྲོ་བ་ཕན་བགྱིད་རེད་མ་གཏོགས། དེ་མིན་བོད་ཡིག་ཡག་པོ་ཡོད། སུམ་རྟགས་མང་པོ་ཡོད། བོད་སྐད་ཕྱུག་པོ་ཡོད། ཟེར་ནས་བསྡད་ན། བོད་རྗེས་ལུས་ཐེབས་བགྱིད་རེད་དོ། བོད་རིགས་གཞོན་སྐྱེས་ཚོ། ད་ཕན་ཚུན་རྩོད་ནས། ཤོར་ཐོབ་བྱ་བའི་དུས་མ་རེད། བོད་རིགས་སྤྱི་སྐད་ཡར་རྒྱས་གཏོང་པའི་དུས་རེད་དོ།། །།
བྱུང་ན་བོད་པའི་སྐད་ཡིག་ནང་ལ།
༡༽
༢༽རྣམ་དབྱེ་གཉིས་པའི་ཕྲད་ ༼ལ་༽ གཅིག་པུས།
༣༽ རྣམ་དབྱེ་གསུམ་པའི་ཕྲད་ལ་ ༼ཀྱིས་༽གཅིག་པུས།
༤༽རྣམ་དབྱེ་བཞི་པའི་ཕྲད་ལ་ ༼ལ་༽ གཅིག་པུས།
༥༽ རྣམ་དབྱེ་ལྔ་པའི་ཕྲད་ལ་ ནས་ལས་གཉིས་ཀ
༦༽རྣམ་དབྱེ་དྲུག་པའི་ཕྲད་ལ ༼གི་༽ གཅིག་གིས་འཐུས་པ།
༧༽ རྣམ་དབྱེ་བདུན་པ་ལ་ ༼ལ་༽ གཅིག་པུས།
༨༽
དཔེར་ན།
༡༽ ང་ ༢༽ ལ་ཤོད་དང་། ང་༣༽ཀྱིས་ལབ་པ་ནང་བཞིན། ངའི་ནད་༤༽ལ་ཕན་པའི་སྨན་དེ་གང་༧༽ལ་ཡོད། ཁྱོད་༦༽གི་འཁྲིས་དེ། ང་ལ་སྤྲོད་དང་༨༽ཀེ
ལྟ་བུའི། ཕྲད་ ཐམས་ཅད་ བྲིས་པའི་ ལུགས་གཅིག་ དང་། ཕྲད་ རེ་རེས་ འཐུས་པའི་ སློབ་ཆུང་ལ་ བོད་སྐད་ སློབ་དེབ་གཉིས་ སོ་སོར་ བཟོ་ཐུབ་པ་ བོད་སྐད་ ཤེས་ སླ་བ་དང་། བོད་ཀྱི་ སྐད་ཡིག རྩ་མེད་དུ་ མི་འགྲོ་བའི་ ཁྱད་ཆོས་ མེད་དམ་ སྙམ་ཡང་ བོད་མི་སུའི་ སྣང་བར་ འགྲོ ཧཧཧ།
ངས་འདིར། མཁས་དབང་པདྨ་འབུམ་ལགས། མཁས་དབང་དགེ་འདུན་རབ་གསལ་ལགས། སོགས་ལ་སྐྱོན་རྗོད་དང་དགག་པ་བྱས་པ་མིན་པར། དུས་རྒྱུན་ནས་རང་གི་དཔྱད་པས་གྲུབ་དོན་དེ། ཀུན་དང་མི་མཐུན་ཡང་། བོད་རིགས་སྤྱི་སྐད་ལ་སེམས་ཀྱིས་མ་བཟོད་ནས་སྨྱོ་ལབ་རྒྱབ་པ་ཙམ་མོ།།
ད་ནངས་ཞོགས་ཀ་འདི་ཁ་ཕྱེས་སྐབས་ངས་གྱོད་སྣེ་གཉིས་དྲངས་ཡོད་པ་མཐོང་བྱུང་། ཐང་ཁྲོམ་དང་སྐྲ་མཐུད་གཉིས་རེད། ད་དེ་ལ་རྩོད་པ་བྱེད་འདོད་མེད། ཐོབ་ཤོར་ཞིག་ཡོད་ན་རྒྱལ་ཁ་དེ་རྩོད་མཁན་རྣམས་ལ་ཕུལ་བ་ཡིན། འོན་ཀྱང་གསལ་བཤད་ཅིག་མ་བྱས་ཐབས་མེད་ཆགས་སོང་། ངས་ དོན་མེད་དུ་ ཟམ་གདོང་རིན་པོ་ཆེའི་མཚན་འདིར་དྲངས་ནས་སྡིག་ཆེན་ཞིག་གསོག་ཀྱིན་མེད་དམ་བསམས་ནས་བློ་མ་བདེ། དེར་བརྟེན་ངས་ཁུངས་བཅོལ་བའི་གསུང་བཤད་ལ་ཡང་བསྐྱར་ཉན་ནས་གསུང་ཚིག་རྣམས་འདིར་དྲངས་ཡོད། དཔྱད་ཞིབ་རྣམ་པ་ཚོས་མཛོད། འོན་ཀྱང་མཚན་སྨད་དང་སྐུར་འདེབས་མ་ཞུ་རོགས་ཞེས་ཞུ་བ་ལགས།
དེས་ན་འདི་ལྟར་རོ།།
“ང་ཚོས་ནམ་རྒྱུན་ཡོངས་གྲགས་བེད་སྤྱོད་བྱེད་ཡག་གི་ཁ་སྐད་ལ་ “རྒྱལ་རབས་”ཟེར་གི་ཡོད་རེད། “ལོ་རྒྱུས་”ཟེར་གི་ཡོད་རེད། རྒྱལ་རབས་དང་ལོ་རྒྱུས་གཉིས་པོ་དེ་བེད་སྤྱོད་ཆེ་ཤོས་འདྲ་པོ་ཞིག་རེད། ཡིན་ན་ཡང་། བྱུང་བ་རིག་པའི་སློབ་སྦྱོང་བྱེད་སྟངས་ཀྱི་ངོས་ནས་བལྟས་པ་ཡིན་ན། དེ་ཚོ་བྱུང་བ་རིག་པའི་ཆ་ཤས་རེད་མ་གཏོགས་བྱུང་བ་རིག་པ་ཡོངས་སུ་རྫོགས་པ་དེ་ཆགས་ཀྱི་ཡོད་མ་རེད། རྒྱལ་རབས་ཟེར་དུས་ཚིག་ཁོ་རང་གི་ངོས་ནས་རྒྱལ་པོ་ག་རེའི་རྗེས་ལ་རྒྱལ་པོ་ག་རེ་བྱུང་བ་རེད་ཅེས་རྒྱལ་པོ་ཚོའི་མི་རབས་མར་བང་བསྒྲིགས་བཞག་པ་ཞིག་ལ་རྒྱལ་རབས་ཟེར་ནས་ལབ་གི་ཡོད་རེད།”
“ལོ་རྒྱུས་ཟེར་ཡག་དེའི་ཚིག་ཁོ་རང་གི་ངོ་གདོང་ལ་བལྟས་པ་ཡིན་ན། ལོ་ཟེར་བ་དེ་ལོ་གཅིག་གཉིས་གསུམ་ལོ་འཁོར་བཅུ་གཉིས་ཟེར་ཡག་གི་ལོ་དེ་རེད། རྒྱུས་ཟེར་ཡག་དེ་དེའི་བརྒྱུད་རིམ་དེ་རེད། ཨིན་ཇིའི་སྐད་ལ་ chronology ་རེད། chronology ལ་ལོ་རྒྱུས་ཟེར་ན་ཏག་ཏག་བསྡད་པ་འདྲ་ཞིག་ཡོད་རེད། དེ་ཡང་བྱུང་བ་རིག་པའི་ཆ་ཤས་ཤིག་རེད་མ་གཏོགས་ཆ་ཚང་ཞིག་མ་རེད།”
“དེ་རིང་སང་ཉིན་ནུབ་ཕྱོགས་ལ་ལབ་ཡག་གི་ history ཟེར་བ་ཞིག་ཡོད་རེད་པ། ནུབ་ཕྱོགས་ལ་ལབ་ཡག་གི་ history ཟེར་ཡག་དེའི་ནང་རྒྱལ་རབས་ཀྱང་ཚུད་དགོས་པ་རེད། ཆོས་འབྱུང་ཡང་ཚུད་དགོས་པ་རེད། ལོ་རྒྱུས་ཀྱང་ཚུད་དགོས་པ་རེད། དེ་ཚང་མ་བསྡོམས་པའི་སྤྱི་ཡོངས་ཤིག་ལ་ history ལབ་གི་ཡོད་རེད། History ཟེར་ཡག་དེ་ལེགས་སྦྱར་སྐད་ལ་ इतिहास {itihas}ལབ་གི་རེད། इतिहास {itihas}ཟེར་ཡག་དེ་ཐད་ཀར་ཚུར་བསྒྱུར་བ་ཡིན་ན། “དེ་ལྟ་བུའི་བྱུང་བ་”ཟེར་ཡག་དེ་རེད།”
ཐང་ཁྲོམ་ཟེར་བ་ནི་དག་པ་རང་རེད་དེ་ལ་རྩོད་དགོས་དོན་མེད། དཔེ་རྙིང་འགའ་ཞིག་ཏུ་་་ལ་སྒོའི་ཚོང་ཞེས་བཤད་འདུག་་་་ལ་སྒོ་ཞེས་པ་ནི་ཚོང་རྫས་ཀྱི་ཅ་དངོས་རྒྱབ་ལ་འཁུར་ནས་ལ་དང་སྒོ་ལ་འགྲིམས་ནས་ཚོང་ཙག་ཙིག་བྱེད་པའི་དོན་རེད། དེ་བཞིན་ཐང་ཁྲོམ་ཟེར་བ་ནི་་གཏན་འཇགས་ཀྱི་ཚོང་ཁང་མིན་པར་གནས་སྐབས་ཉིན་རེའི་ཚོང་རྫས་རྣམས་ཐང་དང་སྒྲོག་རྩེར་བཀྲམས་ནས་ཚོང་བྱེད་པ་ལ་བཤད་དོ། དེ་ནི་དེང་དུས་རྒྱ་གར་ལ་ཡོད་པའི་བོད་རིགས་རྣམས་ཀྱིས་དགུན་ཚོང་བལ་གོས་ལྟ་བུ་དང་་་རྒྱ་གར་བ་རྣམས་ཀྱིས་རེས་གཟའ་ཉིན་མའི་ཉིན་གྱི་ཐང་ཁྲོམ་ལྟ་བུ་རེད། དེ་མིན་སྐྲ་མཐུད་ཟེར་བར་ལན་མི་འདུག་ མ་གཞི་ནས་ཐོབ་ཤོར་ཟེར་བ་ནི་རིགས་ལམ་གྱི་ཐོབ་ཤོར་ཡོད་་་ཁྲིམས་ཆད་ཀྱི་ཐོབ་ཤོར་ཡོད། གྲུབ་མཐའི་རྩོད་པས་ཐོབ་ཤོར་ལས་སོགས་མང།
1ཤོད་མཁན་དང་2འབྲི་མཁན་གཉིས་ཀ་ལ་དྭོགས་སློང་བྱས་པ།
“ང་ཚོས་ནམ་རྒྱུན་ཡོངས་གྲགས་བེད་སྤྱོད་བྱེད་ཡ་1༼བྱེད་ཡག་གི་༽ཁ་སྐད་ལ་ “རྒྱལ་རབས་”ཟེར་གི་2༼བགྱིད་༽ཡོད་རེད། “ལོ་རྒྱུས་”ཟེར་གི་2༼བགྱིད་༽ཡོད་རེད། རྒྱལ་རབས་དང་ལོ་རྒྱུས་གཉིས་པོ་དེ་བེད་སྤྱོད་ཆེ་ཤོས་འདྲ་པོ་ཞིག་རེད། ཡིན་ན་ཡང་། བྱུང་བ་རིག་པའི་སློབ་སྦྱོང་བྱེད་སྟངས་ཀྱི་ངོས་ནས་བལྟས་པ་ཡིན་ན། དེ་ཚོ་བྱུང་བ་རིག་པའི་ཆ་ཤས་རེད་མ་གཏོགས་བྱུང་བ་རིག་པ་ཡོངས་སུ་རྫོགས་པ་དེ་ཆགས་ཀྱི་2༼བགྱིད་༽ཡོད་མ་རེད། རྒྱལ་རབས་ཟེར་༼དུས་༽དུས་ཚིག་2༼ཚིགས་༽ཁོ་རང་གི་ངོས་ནས་རྒྱལ་པོ་ག་རེའི་1༼སུ་སུའི་༽རྗེས་ལ་རྒྱལ་པོ་ག་རེ་1༼སུ་སུ་༽བྱུང་བ་རེད་ཅེས་རྒྱལ་པོ་ཚོའི་མི་རབས་མར་བང་བསྒྲིགས་བཞག་པ་ཞིག་ལ་རྒྱལ་རབས་ཟེར་ནས་ལབ་གི་༼བགྱིད་༽ཡོད་རེད།”
བོན་ལུགས་སུ་བྱང་རྒྱལ་ཁྱུང་གི་སྒྲུབ་པ་ཉམས་ལེན་ཧ་ལས་པ་བྱ་རྒྱུ་འདུག། གཞན་ལའང་ཡོད་འགྲོ། གཙོ་བོ་ནད་རིགས་མཛེ་དང་ཤུ་བ་སོགས་མང་པོ་་འགྲོ་བ་མི་ལ་གཏོང་མཁན་ཀླུ་སྲིན་པོ་འདུལ་བའི་གཉེན་པོ་ཡིན་པ་རེད། ཁྱུང་གི་སྒྲུབ་པ་ལ་ཁྱུང་དམར་གྱི་སྒྲུབ་པ་ཉམས་ལེན་ཕན་ཡོན་ཆེན་པོ་ལྡན་པ་དེ་འདྲ་འདུག སྒྲུབ་གཞུང་འདི་ཚོར་་་ཁྲོམ་་་་ཡིག་འདི་བྱ་ཁྱུང་གི་སྙིང་པོའི་ས་བོན་དུ་འབྲི་སྲོལ་ཡོད། །
ཐང་ཁྲོམ། མིང་ཚིག་འདི་སྔར་བྱིས་པ་ཡིན་དུས་ང་ཚོ་ཕ་ཡུལ་ན་ལྡུམ་བུ་ཅ་ནེ་ཟེར་བ་ཞིག་ཡོད་པ་དེ་རེད་ཟེར། མི་རྣམས་ཀྱི་སོ་ན་བའི་སྐབས་སུ་ཤོག་བུ་ནང་ལ་སྒྲིལ་ནས་ཐ་མ་ཁ་འཐེན་སྟངས་ལྟར་འཐེན་ན། སོ་འབུ་ཚང་མ་ར་བཟི་ནས་ཕྱི་ལ་ཐོན་ཡོང་གི་རེད། འོན་ཀྱང་ད་ལོ་སོང་ནས་ཞིབ་ཏུ་མི་ལ་དྲིས་སྐབས་ལྡུམ་བུ་ཅ་ནེ་ཡང་རེད་མི་འདུག ང་ཚོ་སྡེ་བ་དང་ཐག་ཉེ་ས་ཞིག་ན་ལྡུམ་བུ་དེ་སྐྱེས་བསྡད་འདུག ངས་འདི་ལྟར་རྩད་གཅོད་དོན་ཡང་། སྔར་རྣམ་འགྲེལ་རྩོད་དུས། ཐར་ལམ་གསལ་བྱེད་ནང་ན་འདི་འདྲ་ཞིག་འདུག ༼ད་དུ་ར་ཟོས་བ་མ་ཡིན་ནམ། མིག་ཡང་དང་ཡང་དུ་ཕྱིས་ལ་ལྟོས་ཤིག༽ འདིའི་ནང་གི་ད་དུ་རའི་དོན་རྩ་ནས་མ་ཤེས། རྗེས་སུ་དབུ་མ་རྩོད་དུས། དབུ་མ་དང་འབྲེལ་བའི་དཔེ་དེབ་ཁག་ཀློག་སྐབས། ཨ་མ་ལྟ་མགུར་གྱི་འགྲེལ་བ་ཞིག་ན།་༼ད་དུ་ར་ནི་ཐང་ཁྲོམ་གྱི་མིང་༽ འདི་འདྲ་ཞིག་འདུག དེ་ནས་ཐང་ཁྲོམ་སྐོར་ལ་རྩད་གཅོད་བྱས་པ་ཡིན༏ ཐང་ཁྲོམ་འདི་བོད་གྱི་ཡུལ་ལུང་མང་པོ་ནས་སྐྱེས་ཀྱི་ཡོད་པ་འདྲ་འདུག
དགེ་རབ་གསལ་ལགས་ཀྱིས་གསལ་བྱེད་དེས་ཀྱང་འགྲེལ་བཤད་རྒྱག་སྐབས་ཕན་པོ་བྱུང་སོང་། གཞན་དག་ཀུ་རེ་ཡང་ཡིན།
བོན་པོ་ལགས་ཀྱི་གསལ་བྱེད་ན་ཁྲོམ་འདི་བྱ་ཁྱུང་སྒྲུབ་དུས་སྔགས་ཀྱི་ས་བོན་དུ་བཀོད་པ་འདྲ་ཞིག་གསུངས་འདུག ཡང་གོ་ཐོས་ལ་གངས་ཅན་བླ་མ་རྒྱ་བོ་ལ་ཆུང་ཆུང་སྐབས་སུ་མཛེ་ནད་བྱུང་བ་རེད་ཟེར། དེ་ནས་བྱ་ཁྱུང་སྒྲུབ་ནས་ནད་ངན་དེ་ལས་གྲོལ་བ་རེད་ཟེར། དེ་བོན་བོའི་བྱ་ཁྱུང་ཡིན་སྲིད། གང་ཡིན་ཟེར་ན་ད་ལྟ་ཁོ་རང་ཁྲོམ་ལྟ་བུ་ཞིག་ཆགས་འདུག་ཀ ཧཧཧ