(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ)
གཡུ་མཚོ།
ང་རང་གཏོགས་པའི་ན་གཞོན་མང་པོ་ཞིག་གིས་དོན་ཆེན་ཞིག་བསྒྲུབ་དགོས་ཟེར་ཏེ་དོན་ཆུང་གང་ཡང་མ་འགྲུབ་ནས་འདུག་ཡོད་པའི་ན་མཉམ་གྲོགས་པོ་རྣམས་ལ་ཕུལ་བ་ཡིན།
སློབ་ཆེན་གྱི་ཞིང་ཁམས་ནས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཐོག་ཏུ་སླེབས་མ་ཐག་གི་ན་མཉམ་སྤུན་ཟླ་རྣམ་པ། མི་རིགས་ཞེས་པའི་ཐ་སྙད་དེ་སྙིང་གི་དབུས་སུ་བཞག་ནས་མི་ རིགས་ཀྱི་ལ་རྒྱ་ཆེད་ཡོད་ཚད་འབུལ་དགོས་སྙམ་པའི་ན་མཉམ་གྲོགས་པོ་རྣམ་པ། ཞིང་ཁ་གྲུ་བཞི་འམ་རྩྭ་ས་ལག་མཐིལ་ཙམ་གྱིས་ཆེད་དུ་ནང་དམེ་བྱེད་པ་མཐོང་དུས་སྐྱོ་བའི་མིག་ཆུ་དབང་མེད་ཤོར་མཁན་གྱི་ན་མཉན་གྲོགས་པོ་རྣམ་པ། ཕུལ་བྱུང་གི་དགེ་རྒན་རྣམས་ལས་གནས་བསྒྱུར་ནས་གཞུང་ཞབས་པའི་ལམ་དུ་འཕྲོག་རྩོད་བྱས་ནས་རྒྱུག་བཞིན་ཡོད་པ་རིག་སྐབས་ཡ་ཆུང་སེམས་ལ་ན་ཟུག་གིས་ཁེངས་པའི་ན་མཉམ་གྲོགས་པོ་རྣམ་པ། སྦྲ་ནག་དང་ཞིང་ག་གྲུ་བཞི་དོར་བཅུག་ནས། གོམས་པར་དཀའ་བའི་འཚོ་བ་སྤྱོད་བཞིན་ཡོད་པ་མཐོང་སྐབས། བྱིས་པ་སྐོར་གཅིག་གྲོང་ཁྱེར་ཞིག་ནས་ཅི་ཡིན་འདི་ཡིན་མ་ཤེས་པར་བསྡད་ཡོད་པ་རིག་སྐབས། ད་ནི་རང་དབང་ཤོར་ཡང་སྲོག་ལ་ཐུག་ཀྱང་ལས་དོན་ཞིག་མ་བསྒྲུབ་ཐབས་མེད་རེད་འདུག་སྙམ་མཁན་གྱི་ན་མཉམ་གྲོགས་པོ་རྣམ་པ། ང་ཚོའི་སེམས་སྡུག་དེ་ཁུར་ནས་ལམ་དུ་སྐྱོད། ང་ཚོའི་སྤོབས་པ་དེ་ཁུར་ནས་ལམ་ལ་སྐྱོད། ང་ཚོའི་ཡིད་ཆེས་དེ་ཁུར་ནས་ལམ་ལ་སྐྱོད། ད་ནི་ང་ཚོ་ཕྱིར་ནུར་རྒྱུ་ཡིན་ཟེར་ས་མེད། ད་ནི་ང་ཚོས་ནུས་ཀྱིན་མི་འདུག་ཟེར་ས་མེད། ང་ཚོས་མིག་ཆུ་ཕྱིས་ནས་ང་ཚོ་ཟུངས་ཁྲག་བཞུར་ནས་མདུན་དུ་བསྐྱོད་དགོས། གང་ལྟར་ཡང་ང་ཚོ་ལམ་ལ་ཆས་རན་འདུག ན་མཉམ་གྱི་གྲོགས་པོ་རྣམ་པ་ལགས། ངས་ཟེར་བ་ནི་ལམ་ལ་ཆས་དགོས་ཟེར་བ་ཡིན། བྱ་བ་ཞིག་བསྒྲུབ་དགོས་ཟེར་བ་ཡིན། ང་ཚོ་སད་རན་འདུག་ཟེར་བ་ཡིན། དེ་ཙམ་ཡིན། ཡིན་ཡང་སྤོབས་པ་དང་སྙིང་སྟོབས་ཀྱིས་ཁེངས་པའི་ན་མཉམ་གྲོགས་པོ་རྣམ་པ། དང་པོ་ཚིག་འདི་དག་གོ་བ་ཡག་པོ་བླངས་དགོས། གོ་བ་གཏིང་ཟབ་ལེན་དགོས། ཐིགས་པ་བསགས་པའི་རྒྱ་མཚོ། རྡུལ་ཕྲན་ལས་རི་རབ། དེ་ཡང་མི་གཅིག་གི་ནུས་པ་ནི་ཚད་ཡོད་པ་ཞིག་རེད་ལ། མི་གཅིག་གི་ཚེ་ནི་དེ་ལས་ཀྱང་ཚད་ཡོད་པ་ཞིག་རེད། ན་མཉམ་གྱི་གྲོགས་པོ་རྣམ་པ། དེང་སང་ང་དང་ཁྱེད། ང་ཚོ་འདྲ་བའི་ན་གཞོན་མང་པོ་ཞིག་གིས་བྱ་བ་ཆེན་པོ་ཞིག་བསྒྲུབ་དགོས་བསམ་ནས་འཆར་གཞི་རབ་དང་རིམ་པ་མང་པོ་ཞིག་བཞག་དང་འཇོག་བཞིན་པ་རེད། རང་གི་མི་ཚེ་ནང་བསྒྲུབ་དགོས་པའི་དོན་དག་རྣམས་ཐོ་བཀོད་དང་འགོད་བཞིན་པ་རེད། ཁྱད་པར་དུ་མཐོང་རྒྱ་དང་ཐོས་རྒྱ་ཇེ་ཆེ་འགྲོ་བ་དང་བསྟུན། ཁྱད་པར་དུ་ལུང་ཁུག་ཅིག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་རང་གི་སྤུན་ཟླ་རྣམས་རིག་སྐབས། དོན་ཆེན་དང་བྱ་ཆེན་ཞིག་བསྒྲུབ་དགོས་སྙམ་ནས་དམ་བཅའ་ཡང་ཡང་འཇོག་མྱོང་ཡོད་རྒྱུ་རེད། དེ་ནི་ང་ཙམ་མ་རེད། ཁྱེད་ཙམ་མ་རེད། ང་ཚོ་གཞོན་ནུ་ཡོད་ཚད་རེད། ཡིན་ཡང་ན་མཉམ་གྱི་གྲོགས་པོ་རྣམ་པ། ཁྱེད་ཀྱིས་ཤེས་ཀྱིན་འདུག་གམ། ཁྱེད་ཀྱིས་མཐོང་སོང་ངམ། དེང་སང་ང་དང་ཁྱེད་ཚོའི་ན་མཉམ་རྣམས་ཀྱིས་བྱ་བ་ཆེན་པོ་ཞིག་ག་འདྲ་བྱས་ཏེ་བསྒྲུབ་དགོས་བསམས་ནས་འདང་རྒྱག་གིན་འདུག རང་དང་ཆེས་རྒྱང་ཐག་རིང་བའི་བྱ་བ་ཞིག་ལ་འདང་རྒྱག་གིན་འདུག རང་གིས་ནུས་པ་ལས་བརྒལ་བའི་དོན་ཆེན་ཞིག་ལ་འདང་རྒྱག་གིན་འདུག འདི་ནི་ངས་བལྟས་ན་ཆེས་ཉེན་ཁ་ཆེ་བའི་བྱ་བ་ཞིག་རེད། སྤྱིར་བཤད་ན་འདི་འདྲའི་ཕུགས་བསམ་ཆེན་པོ་ཡོད་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ལ། བསྟོད་བསྔགས་འོས་པ་ཞིག་ཀྱང་ཅི་ལ་མིན། ཡིན་ཡང་ན་མཉམ་གྱི་གྲོགས་པོ་རྣམས་ལགས། རུམ་ནང་ཅི་ཡོད་ལག་གིས་ཤེས་ཟེར་བའི་དཔེ་ལྟར། དང་པོ་བྱ་བ་ཅི་ཞིག་བསྒྲུབ་ཀྱང་རང་གི་ནུས་པ་སོགས་གང་ཐད་ལ་འདང་ཡག་པོ་ཞིབ་རྒྱག་དགོས། གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས། བྱ་བ་ཆེན་པོ་དེ་དག་ཀྱང་བྱ་བ་ཆུང་ཆུང་ནས་འགོ་བརྩམ་ནས་ཡོང་བ་ཡིན་པ་ཤེས་དགོས། གལ་ཏེ་དེ་ལྟར་མིན་ན། སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ལ། ནུས་པ་ཡང་ལྡན་པའི་ཁྱེད་ཀྱིས་དོན་ཅི་ཡང་འགྲུབ་རྒྱུ་མ་རེད། ཁྱེད་ཀྱིས་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟོས་དང་། ལོ་རྒྱུས་ཐོག་གི་སྐད་གྲགས་ཆེ་བའི་མི་སུ་ཞིག་བྱ་བ་དང་པོ་བསྒྲུབ་པ་དང་སྐད་གྲགས་ཆེ་ཆགས་འདུག དེ་འདྲའི་ལོ་རྒྱུས་མི་སྣ་ཞིག་ཡོད་རྒྱུ་མ་རེད་ལ་རྗེས་མ་ལ་ཡང་ཡོད་སྲིད་རྒྱུ་མ་རེད། དེའི་ཕྱིར་ང་ཚོས་ད་ནས་བཟུང་། རང་གིས་ནུས་པའི་བྱ་བ་ཆུང་ཆུང་ཞིག་ནས་འགོ་བརྩམ་དང་། བྱ་བ་དེ་ཡག་པོ་ཞིག་བསྒྲུབ་དང་། ང་དང་ཁྱེད་ང་ཚོ་ཚང་མས་འདི་འདྲ་བྱས་ན་བྱ་བ་ཆེན་པོ་ཞིག་རང་བཞིན་གྱིས་འགྲུབ་ཡོང་བ་མ་རེད་དང་། ན་མཉམ་གྱི་གྲོགས་པོ་རྣམ་པ། ཆང་འཐུང་རྗེས་ངའི་མི་རིགས་དང་ལ་རྒྱ་ཟེར་ནས་མིག་ཆུ་བཞུར་མྱོངས། ཆང་འཐུང་རྗེས་ངས་སང་ཉིན་ནས་ཕ་ཡུལ་འབྱོར་ཕྱུག་ལྡན་པ་ཞིག་བསྒྱུར་རྒྱུ་ཡིན་ཟེར་མྱོངས། ཡིན་ཡང་འདི་ནི་ཆང་བཟི་རྗེས་ཀྱི་སྐད་ཆ་ཞིག་རེད། འདི་ནི་ཁྱེད་སེམས་ནང་གི་རེ་བ་ཞིག་རེད། གལ་ཏེ་རེ་བ་འདི་འགྲུབ་དགོས་ན་ཡང་བྱ་བ་ཆུང་ཆུང་ཞིག་ནས་འགོ་མི་བརྩམ་ཐབས་མེད་རེད། ད་ནི་ང་ཚོ་འགྲོ་རན་འདུག ང་ཚོས་བསྒྲུབ་རན་འདུག ང་ཚོས་ནུས་ཀྱིན་མི་འདུག་གཏན་ནས་ཟེར་མི་ཉན། ད་ནི་བྱ་བ་ཆེན་པོ་ཞིག་བསྒྲུབ་རྒྱུ་ཡིན་ཟེར་ནས་ཁ་འབོད་བྱེད་བའི་དུས་མ་རེད། ངས་བྱ་བ་འདི་བསྒྲུབ་མ་ཐུབ་ན་བྱ་བ་གཞན་དག་ངས་མི་བསྒྲུབ་ཟེར་ནས་རང་གཤིས་གྱོང་པོ་དེ་ངོམ་པའི་དུས་མ་རེད། མགོ་སྒུར་དགོས་བྱུང་ཡང་། སྐད་ཆ་སྙན་པོ་བཤད་དགོས་བྱུང་ཡང་། གཞན་གྱིས་མཐོང་ཆུང་བྱ་ཡང་། གང་ལྟར་ཡང་སེམས་ནང་གི་ལ་རྒྱ་དེ་མ་དོར་ནས་མདུན་དུ་བསྐྱོད་དང་། མཐུན་སྒྲིལ་གྱི་དར་ཆ་དགུང་ལ་འཕྱར་ནས། གོམ་པ་རེ་རེ་དེ་བརྟན་པོ་ཞིག་སྤོས་ནས་མདུན་དུ་བསྐྱོད་དང་། བྱ་བ་ཆུང་ཆུང་དག་ནན་ཏན་གྱིས་བསྒྲུབས་ནས་མདུན་དུ་བསྐྱོད་དང་། དུས་ནམ་ཞིག་ན་ཁྱེད་ཀྱི་དོན་ཆེན་དེ་འགྲུབ་ཀྱང་སྲིད། འདི་ནི་ང་ཚོའི་འོས་འགན་ཡིན། འདི་ནི་ང་ཚོའི་ལས་འགན་ཡིན། ངས་མི་ནུས་ང་མིན་ཟེར་ས་གཏན་ནས་མེད། འདི་ནི་དུས་རབས་ཀྱི་ང་ཚོ་ལ་བཅོལ་བའི་རེ་བ་ཡིན། འདི་ནི་མ་ཡུམ་གྱིས་ང་ཚོ་ལ་སྤྲོད་པའི་འོས་འགན་དེ་ཡིན། ན་མཉམ་གྱི་གྲོགས་པོ་རྣམ་པ། སྙན་ངག་དང་ལྷུག་རྩོམ། སྒྲུང་རྩོམ་སོགས་སུ་ཁྱེད་ཀྱིས་འཆར་ཡན་རིང་ལུགས་ཀྱི་ཐབས་ཤེས་བེད་སྤྱོད་ཆོག་ལ། ཆང་རག་གིས་བཟི་རྗེས་ཀྱང་མི་རིགས་འདི་སང་ཉིན་ནས་འབྱོར་ཕྱུག་ལྡན་པ་ཞིག་བསྒྱུར་རྒྱུ་ཡིན་ཟེར་ཆོག ཡིན་ཡང་འཚོ་བ་དངོས་ནང་ང་ཚོས་ཐུགས་པ་བསགས་པའི་རྒྱ་མཚོ་ཟེར་བ་དེ་ཡིད་ལ་བཟུང་ནས་བྱ་བ་བསྒྲུབ་དགོས།
དེ་ཡང་ང་རང་གཏོགས་པའི་ན་མཉམ་གྲོགས་པོ་མང་པོ་ཞིག་གིས་བྱ་བ་ཆེན་པོ་འདི་དང་འདི་བསྒྲུབ་རྒྱུ་ཡིན་ཟེར་ནས་བྱ་བ་ཆུང་ཆུང་དག་སྣང་མེད་དུ་བཞག་ནས་ཡོད་པ་མཐོང་རྗེས། མི་ཆེན་དང་བླ་ཆེན་གྱིས་མི་ཚེ་བརྒྱུད་རིམ་ལ་མ་བལྟོས་ནས་ཁོང་གིས་ཀྱང་བྱ་བ་ཆེན་པོ་དེ་དང་དེ་བསྒྲུབས་སོང་ངས་ཀྱང་ནུས་ཟེར་ནས་འདུག་ཡོད་པ་མཐོང་རྗེས། ཁྱད་པར་དུ་ང་རང་ལས་ཅུང་ཆུང་བའི་ན་གཞོན་ཁ་ཤས་ཀྱིས་དོན་དངོས་དང་མི་མཐུན་པའི་བྱུ་བ་རེ་བསྒྲུབ་རྒྱུ་ཡིན་ཞེས་ང་ལ་ཟེར་སྐབས་ཐོལ་བྱུང་དུ་བྲིས་པ་ཡིན།
(རྩོམ་ཡིག་འདི་ལ་འགྲན་རྩོམ་གྱི་འོས་ཆོས་བཞི་པོའི་གང་རུང་དེ་ཙམ་ཚང་མེད་ཀྱང་རྩོམ་པ་པོས་བོད་ནང་ནས་ལྷག་བསམ་ཆེན་པོས་བསྐུར་པ་ཡིན་པས་དམིགས་བསལ་ཕུལ་བ་ཡིན།)
ལྷག་བསམ་རྣམ་དག་རེད།
ཡག་པོ་འདུག ཡེ་ཤེས་ལགས། འགྲན་རྩོམ་གྱི་འོས་ཆོས་བཞི་པོའི་གང་དང་། འགྲེལ་བཤད་མདོར་བསྡུས་རེ་གསུང་རོགས། ངས་ཀྱང་འགྲན་རྩོམ་ཞིག་བསྐུར་དགོས་བསམ་སོང་།
སྙན་ངག་དང་བརྩམས་སྒྲུང་། འཁྲབ་གཞུང་དང་དངོས་བྲིས་རྩོམ་རིག་བཅས་ཡིན།
ཀླུ་སྨྱོན་ལ་དྲི་བ་མ་བཏང་ཀྱང་རང་བཞིན་གིས་སྒྲ་དབྱངས་ལྷ་མོ་ལན་སྐྱོན་འདུག་ག ཧཧཧཧཧཧཧཧཧ་་་་་ད་ཡིན་ན་དཀོན་མཆོག་མཁྱེན།