སྤོབས་པ་མཐའ་ཡས།
པཎ་ཆེན་པཎ་ཆུང་ཚོ་གང་ཡིན་མི་ཤེས།།
སྐྱེ་སྲིད་ཡང་སྲིད་ཚོ་ཡིན་མིན་མི་ཤེས།།
མི་དྲགས་བླ་དྲགས་འགའི་རྒྱགས་རྩེད་ཞོར་ལ།།
ཨ་ཕོ་ཧོར་ཕྲུག་ཅིག་མིང་མེད་ཐུབ་སོང་།།
གཤིན་པོའི་རྣམ་ཤེས་དེ་གར་སོང་ཤེས་ཀྱང་།།
གསོན་པོའི་ཁྱིམ་ཚང་འདི་གར་དེད་མ་གོ །
ཡང་སྲིད་ངོས་འཛིན་གྱི་འུག་པའི་རྫུན་དྲུག །
ནང་འགལ་དགུ་འཛོམ་གྱི་རྫུན་རྐུབ་རལ་འདུག །
བླ་བྲང་ཕོ་བྲང་ཚོའི་ནང་འགལ་ཁྲོད་ན།།
གཞུང་དང་སྒྲིག་འཛུགས་ཚོའི་འཐབ་རྩོད་བར་ན།།
མི་ཆེན་བླ་དྲགས་ཚོའི་རྡོག་པའི་འོག་ན།།
ཁྱོད་དང་ང་འདྲ་ཚོ་འབུ་སྲིན་ཙམ་རེད།།
འཇིག་རྟེན་དཀར་ངོགས་འདི་མིག་གིས་མཐོང་ནས།།
ལོ་དྲུག་ལོན་པ་ཡི་བུ་ཆུང་ཉེས་མེད།།
དབང་མེད་སྲིད་དོན་གྱི་རྩེད་ཆས་བྱས་པ།།
ནག་ཆུའི་བུ་ཆུང་དེ་སྙིང་ཡང་རྗེ་འོ།།
བྱང་རྒྱུད་རྩྭ་ཐང་དུ་ནོར་ལུག་བསྐྱངས་ནས།།
ཞི་བདེས་འཚོ་བ་ཡི་ཁྱིམ་ཚང་ཡ་རབ།།
མ་བསམ་ས་ཞིག་ནས་མིང་མེད་བྱས་པ།།
ལྷ་རིའི་འབྲོག་ཁྱིམ་དེར་སེམས་ཀྱང་སྐྱོའོ།།
ཆོས་དང་ཆབ་སྲིད་ཀྱི་གདོང་འབགས་གྱོན་ནས།།
བུ་ཆུང་སྐལ་ངན་དེའི་མིང་བྱང་འཕྱར་ནས།།
མི་ལོ་ཉི་ཤུ་ཡི་ཞལ་འདེབས་བསྡུ་སློང་།།
ཁྱོད་ཀྱི་ཁ་ནང་ལ་ཐིག་གཅིག་སོང་མེད།།
བླ་མ་ཡིན་བསམ་གྱི་དད་པ་མེད་ཀྱང་།།
དཔོན་པོ་ཡིན་བསམ་གྱི་གུས་པ་མེད་ཀྱང་།།
འདྲ་མཉམ་མི་བུ་ཡི་ལས་དབང་བསམ་ནས།།
སྐྱོ་གདུང་སྙིང་རྗེ་ཞིག་བཅོས་མིན་སྐྱེས་བྱུང་།།
སྟོབས་དང་ནུས་པ་ལ་ཚོད་འཛིན་ཐེབས་ནས།།
ཁྱོད་ཉིད་བསྐྱབ་པ་ཡི་ནུས་མཐུ་མེད་ཀྱང་།།
བྱམས་དང་སྙིང་རྗེ་ཡི་སེམས་ཀྱི་གཏིང་ནས།།
གདུང་སེམས་མཉམ་སྐྱེད་ཅིག་དེ་རིང་ཞུའོ།།
སྙན་ངག་ཡག་པོ། ནང་དོན་རྣོན་པོ། རྫུན་རྐུབ་བརྟོལ་བྱེད། འདི་ནི་མཆོག་གོ
སྤོབས་པ་ནི་མཐའ་ཡས། འགྱུ་བ་ནི་སྟབས་བདེ། སྔར་སོང་ལ་ཡིད་བརྟན། ཕྱི་འབྱུང་ལ་ཚོད་ཟབ།
བླ་མ་རྙེད་པ་བྱུང་ན་ཞལ་འདེབས་སྒྱེ་གང་ཡོད།
གདན་ཁྲིར་འཁོད་རྒྱུ་བྱུང་ན་དད་མི་ཁྲི་འབུམ་ཡོད།
ཁྱེད་རང་མ་མཇལ་བར་དུ་སྐད་འབོད་གང་ཐུབ་ཡོད།
དགྲ་མགོར་རྡོག་པས་ནོན་དུས་ལྷ་མི་ཞལ་འཛོམས་ཡོད།
ཡང་སྲིད་འཕྲུལ་མེད་ཁྱེད་ལ་དད་པ་ལྷོད་མེད་ཡོད།
ཕྱི་ནང་དད་ལྡན་འགྲོ་བས་ཕྱག་གསུམ་གསོལ་འདེབས་ཡོད།
ཆོས་ཀྱི་དབྱངས་རྟའི་བར་ན་སྨོན་ལམ་མྱུར་འགྲུབ་ཡོད།
རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་མིའི་མགོན་དུ་ཡོད།
སྤྲུལ་ཆུང་བཙོན་དུ་བཅུག་པའི་ཉེས་ཅན་དགྲ་བོ་ཡོད།
ཆོས་དད་བདག་དབང་འཕྲོག་པའི་བདུད་རྒན་དམར་དམག་ཡོད།
ཉེ་འཁོར་རྩ་རྒྱུད་ལྟེབ་པའི་ཀླ་ཀློ་ཁྲིམས་མེད་ཡོད།
དེ་ཡི་ཕྱོགས་ན་འདུར་མི་མངོན་ལྐོག་གཉིས་ན་ཡོད།
ཁྱོད་ཉིད་འཚོལ་བའི་ཐབས་ཤིག་མ་རྙེད་ཤི་ནས་ཡོད།
ཁྱོད་ཉིད་དྲན་པའི་ཡུལ་ནས་བོར་པ་ནམ་མ་ཡོད།
ཁྱོད་ལ་མཇལ་རྒྱུ་ཡོད་པའི་རེ་བ་རུམ་ན་ཡོད།
ད་ནི་བླ་མ་ཡབ་ཡུམ་འཁོར་བཅས་གང་ན་ཡོད།
མི་ཆེན་བླ་ཆེན་ཚོའི་རྡོག་པའི་འོག་ནས།
དྲང་དང་བདེན་གཏམ་གྱི་སྙན་ངག་ཚིག་གསུམ།
སྲིན་འབུ་མགོ་ནག་གྱིས་གླུ་ལ་དྲངས་དུས།
ཉམ་ཆུང་བོད་མི་ལ་སྤོབས་པ་སྤྲད་སོང་།་་་་་་་་་ཡག་བྱུང་སྤོབས་མཐའ་ལགས།
མི་ཆེན་བླ་ཆེན་ཚོའི་རྡོག་པའི་འོག་ཏུ།
ཁྱོད་དང་ང་འདྲ་
དཔྱད་བརྗོད་སྙན་ངག་འདི་ནི་སྐམ་གདུང་མཁན་ལ་རྗ་ཆུ་སྤྲད་པ་ལྟར་གྱུར་བས་ཐུགས་རྗེ་ལེགས་འབུལ་ཡོད། ཐེངས་གཅིག་གཉིས་ལ་བཀླགས་པ་ཡིན། དངོས་གནས་ཡག་པོ་བྲིས་འདུག མི་རིགས་ཤིག་གི་སྐྱོ་གདུང་གི་ན་ཚ་གཏན་ཚིག་དང་བྱུང་རིམ་ལྷན་གསལ་སྟོན་མཛད་པས་ཡིན། འདི་ནི་སྤྲུལ་དད་ཆེ་བའི་བོད་པ་རྣམས་རྨོངས་གཉིད་ལས་གྲོལ་ཆེད་ཉིན་རེ་བཞིན་ཞལ་འདོན་བྱེད་འོས་བའི་སྙན་རྩོམ་ཞིག་ལ་མཐོང་། ལྷག་པར་དུ་འོག་གི་ཚིག་གཅད་འདི་གཉིས།
༼གཤིན་པོའི་རྣམ་ཤེས་དེ་གར་སོང་ཤེས་ཀྱང་།།
གསོན་པོའི་ཁྱིམ་ཚང་འདི་གར་དེད་མ་གོ །
ཡང་སྲིད་ངོས་འཛིན་གྱི་འུག་པའི་རྫུན་དྲུག །
ནང་འགལ་དགུ་འཛོམ་གྱི་རྫུན་རྐུབ་རལ་འདུག །
བླ་བྲང་ཕོ་བྲང་ཚོའི་ནང་འགལ་ཁྲོད་ན།།
གཞུང་དང་སྒྲིག་འཛུགས་ཚོའི་འཐབ་རྩོད་བར་ན།།
མི་ཆེན་བླ་དྲགས་ཚོའི་རྡོག་པའི་འོག་ན།།
ཁྱོད་དང་ང་འདྲ་ཚོ་འབུ་སྲིན་ཙམ་རེད།།༽
སྤོབས་མཐའི་གསུང་དེ་སྙན་དབང་གསོ་བའི་བདུད་རྩི་རང་རེད། སྐྱབས་སུ་མཆི་བོད་པའི་ལས་དབང་དེ། ད་དུང་གཉིད་ཁུག་ཡ་རེད།
དད་པའི་ཡོན་ཏན་དཔག་མེད་ཅིག་ཡོད་རབས་བཤད་ཅིང།
དད་པས་ཆོས་ཀྱི་སྒོ་རྣམས་འབྱེད་རབས་ཅིག་བཤད་སྟེ།
དད་ཡུལ་སྤྲུལ་སྐུ་སེར་མོས་འཇོན་རབས་བཤད་མ་ཐག
སྔ་ཕྱིའི་ཚིག་འགལ་ཚིགས་བཅད་འགའ་ཤར་མར་བྲིས་ཐལ།
ཞལ་གསུམ་ཕྱག་དྲུག་རྣམ་པར་སྤྲུལ་མཁས་པའི།
མི་འཇིགས་སྤ྄ོབས་པའི་གཏམ་ལ་ཡིད་གཏན་མེད།
སྐབས་འགར་དད་པ་གསང་སྔགས་གཙོ་རབས་བཤད།
ལན་རེར་དེ་ལ་དགག་པའི་རྣོ་སོ་བདར།
སྣབས་ལུག་བྱིས་པ་ཡི་དུས་སྐབས་ཉིད་དང་།།
ཡངས་པའི་སྤང་ཐང་དེ་མ་གསལ་གོང་ནས།།
དགའ་སྤྲོའི་རང་ཁྱིམ་དང་བཙན་གྱིས་བྲལ་ཏེ།།
མུན་དོང་གཟེབ་དྲ་རུ་བཅུག་འདི་གཟན་ཨང་།།
ནང་ཁུལ་འཁྲུག་གཞི་ཡི་སྤྲུལ་སྐུའི་ལམ་ལུགས།།
རྣམ་དཔྱོད་འགོག་སྡོམ་གྱི་རྨོངས་དད་མཁྲེགས་པོ།
གཞན་བསྟོད་རང་སྨོད་ཀྱི་ཆོས་འདྲེས་མགོ་ཁྲིད།།
ཇི་སྲིད་ནམ་གནས་བར་བོད་མགོ་དམའ་འོ།།
མ་བརྟགས་འོལ་ཆོད་དེ་སྔོན་ནས་ཐལ་ཞིང་།།
ཅི་བྱ་བརྟོལ་མེད་ལས་རྗེས་སུ་ལྷགས་དུས།།
ཡས་བཤད་མས་ཤོད་ཀྱི་འགྲེལ་བརྗོད་སྣ་མང་།།
འབྲེལ་ཡོད་སྡེ་ཁག་རེའི་ངག་ནས་བཟླས་སོང་།།
ནག་ཆུའི་ཁྱིའུ་ཆུང་།
རང་འགའ་མིནད་ཅིང་།
པཎ་ཆེན་འཁྲུལ་བྲལ།
སྙིང་རྗེའི་ཡུལ་མིན།
བཅོ་བརྒྱད་བརྒལ་ཡང་།
རང་དབང་མ་ཐོབ།
བཅུ་དགུ་ཐལ་ཡང་།
ཉེར་ལྔར་སོན་ངེས།
བཅུ་པའི་དགོངས་བཞེད།
བཅུ་གཅིག་ཕེབས་པས།
སྤྲིན་འོག་ཉི་མ།
ཤར་དུས་ངེས་སོ།།
བྱང་ཆུབ་སེམས་པའི་སྤྱོད་པ་ནི།
བདག་ཚོས་བརྗོད་དུ་མི་བཏུབ་ཀྱང་།
རྐྱེན་ངན་གྲོགས་སུ་གཏོང་བའི་ལམ།
ང་ཚོས་མཐོང་བ་ཉུང་ཉུང་མིན།
རྒྱ་དམར་བཙན་འཛུལ་སྨག་རུམ་འདིས།
ཆོལ་གསུམ་ཆིག་སྒྲིལ་ཉི་མ་ཤར།
དོལ་རྒྱལ་བཅོང་ནད་ལངས་པ་འདིས།
ཆོས་ལུགས་མཐུན་སྒྲིལ་བདེ་བ་ཤར།
རྒྱ་དམར་སྡུག་རྩུབ་ཆེ་བ་འདིས།
བོད་པའི་བྱམས་བརྩེ་རིན་ཐང་ཤེས།
ཕ་རོལ་གནག་སེམས་གཡོ་སྒྱུ་དེས།
རང་རིགས་ནུས་པ་གོང་དུ་འཕེལ།
རྒྱལ་བ་བྲོས་བྱོལ་ཕེབས་པ་འདིས།
འཛམ་གླིང་མི་མང་དངོས་སུ་མཇལ།
རྒྱ་དམར་བཙན་འཛུལ་བྱུང་བ་འདིས།
བོད་མིར་འཛམ་གླིང་མཐོང་རྒྱ་སྦྱིན།
བཀའ་ཤག་རྐུབ་སྟེགས་ཤོར་བ་འདིས།
བོད་མིའི་བྲན་གཡོག་སྡུག་བསྔལ་ཟད།
བོད་ཁམས་རྒྱ་ལ་ཤོར་བ་འདིས།
ཐམས་ཅད་བོད་མི་གཅིག་ལ་འདུས།
པན་ཆེན་རྒྱ་ཡིས་བཟུང་བས་ན།
ཀརྨ་པ་བོད་གཞུང་སྐྱབས་སུ་འཛིན།
ལོ་རྒྱུས་ནག་པོའི་་འཁོན་འཛིན་བཅོམས།
བཀའ་དགེའི་དམ་ཚིགས་རྡོ་རྗེར་བཞེངས།
པན་ཆེན་བཙོན་ལ་ཤོར་བ་འདིས།
དབུས་གཙང་དུམ་བསྒྲིགས་འོ་ཆུ་འདྲེས།
རྒྱལ་བ་པན་ཆེན་གཞུང་ས་སོགས།
སྔར་མེད་དམ་ཚིགས་རྟེན་འབྲེལ་རྒྱས།
ནག་ཆུའི་པུ་གུ་ཤི་ན་ཡང་།།
ནག་རིལ་ཀརྨ་གསོན་ནས་ཡོད།།
ནག་པོ་དཀར་པོ་མི་ཤེས་པས།།
ནག་པོའི་རྒྱ་ལས་ཐར་ཐབས་མེད།།
སྤོབས་པ་ལགས་ཀྱིས་སྙན་ངག་གཏན་ཚིགས་རང་བཞིན་ཅན་ཞིག་བྲིས་འདུག ངོ་མ་རེད། ཤི་བོ་བཙལ་ནས་ཡང་སྲིད་ལ་བསྐོ་ཐུབ་ཀྱང་གསོན་པོ་བོར་སོང་ན་བརྙེད་ཐབས་མེད་པ་འདི་གནད་དོན་ལྟེ་བ་རེད་འདོད།
པན་ཆེན་རྗེས་དྲན་ཁ་ཞེ་གཉིས་མེད་འདི་ལས་ལྷག་ཅིག་འབྲི་ཐུབ་མ་སོང་།
སྤོབས་པ་མཐའ་ཡས་ནི་སྤོབས་པ་ཧ་ལས་པ་མཐའ་ཡས་པ་རེད་བཞག
ཧ་ཧ་ཧ
སྤོབས་མཐའ་ལགས། ཡག་པོ་བྲིས་འདུག ད་དུང་ཕྲིས་ཨ།
སྤོབས་པ་མཐའ་ཡས་ལ་བདེན་ཆ་མང་།
བདེན་པའི་མི་དེ་ལྐོག་ན་གབ།།
རྫུན་པའི་མིའུ་ཕྱོགས་ཀུན་གྲགས།།
བདེན་རྫུན་ཤེས་འཇིག་རྟེན་འདིར།།
ཕལ་ཆེར་ངན་འགྲོ་ལོག་ལམ་འཁྱམས།།
ནག་ཆུ་ཁ་ཡི་མཆོག་སྤུལ། །
མཆོག་སྤྲུལ་ཀུན་གཟིགས་པཎ་ཆེན། །
འཕྲུལ་མེད་ཉེར་ལྔར་སོན་ཡང་། །
ཞལ་མཇལ་མེད་པ་ཅི་ཡིན། །
སྤོབས་པའི་སྙན་ངག་དེ་སྙན་མོད་ཚིག་དོན་དེ་ཟེར་ལ་རྣོ། ངོ་མ་རེད་ཨ་ཤིན་པོའི་གནམ་ཤེས་འཚོལ་ལ་ཐོག་མེད་རེད་མོད་གསོན་པའི་མི་བུ་ཞིག་བཙལ་མ་ཐུབ་པ་དེ་གནད་ལ་འཁེལ་བསྡོམས་ཚིག་ཤིག་ཏུ་སེམས།
ཕྲ་མོ་ཕྲ་མོ་ཚོའི་རང་རིག་མིག་ཤེས།།
རགས་པ་རགས་པ་ཚོར་མ་བསྐོར་གོང་ལ།།
དུ་དྲིས་དྲི་ཟ་ཚོགས་བསྐུལ་རྒྱུ་ཞོག་དང་།།
དཀོར་གཟན་དཀོར་འབུལ་ཚོ་ནང་འགྲིགས་ཡོང་ང།།
ལེ་འདེད་འདམ་མོ་དེ་འཕངས་འཕངས་ཉིད་ཀྱིས།།
ཁ་ལག་རྐང་གསུམ་པོ་འདར་འདར་ཡོད་འགྲོ།
སྤྱི་དོན་སྤྱི་ཚོགས་སྟེང་མ་བསྒྲགས་གོང་ང་།།
རང་དོན་རང་ཕྱོགས་ཀྱི་འཁོར་ཐག་ཆོད་དགོས།།
གཤིན་པོ་ཞིག་གི་རྣམ་ཤེས་བཙལ་ནས་རྙེད་ཀྱང་།།
མ་ཤི་ཁྱིམ་ཚང་གང་བོ་བོར་ནས་བརླག་སོང་།།
དགེ་བ་རླབས་ཆེན་ཞིག་གི་མཇུག་འབྲས་ཚབ་ཆེན།།
བསམ་ཞིང་བསམ་ན་རང་སེམས་སྐྱོ་རོགས་ཙམ་མོ།།
སུ་ཡི་སྐྱེ་བ་ཡིན་པ་ཚེགས་མེད་མཁྱེན།
སྐྱེ་ནས་ཅི་འདྲར་འགྱུར་མིན་སུས་མི་མཁྱེན།
ཤི་ནས་གང་དུ་འགྲོ་བ་གསལ་ལེར་མཁྱེན།
ནམ་ཞིག་འཆི་བར་འགྱུར་བ་ཡེ་མི་མཁྱེན།
འདི་ནི་བོད་པའི་ཐུན་མིན་རིག་གཞུང་སྟེ།
འདི་ནི་བོད་པ་ཚང་གི་ཡོད་ཚད་ཡིན།
ད་ལོ་ཁྱོད་ཚོས་རྒྱལ་བ་རིན་པོ་ཆེ་ཁག་པོ་བཟོ་བཞིན་གདའ། སྙིང་མ་རྗེ། ཤུགས་ལྡན་བསྟེན་མཁན་གྱིས་གཡས་ནས་བརྡུང་། ཆོས་མེད་སྨྲ་བ་ཚོས་གཡོན་གནས་བརྡུང་། རང་བཙན་བརྩོད་མཁན་ཚོས་དཀྱིལ་ནས་བརྡུང་། རྒྱལ་བ་རིན་པོ་ཆེ་ད་ལོ་སྐུ་མཉེས་པོ་བྱུང་སོང་ད་ལོ། དཀོན་མཆོག་མཁྱེན། ང་ཡིན་ན། སྐྱེ་བ་རྗེས་མ་བོད་མིའི་བླ་མར་ཕེབས་ས་མ་རེད། སྐུ་མཉེས་པོ་བཟོ་བཞིན་གདའ།
སྤོབས་པ་མཐའ་ཡས་མིང་ཅན་ཁྱོད། „
ལས་ངན་བསོད་ཟད་མ་ཞིག་རེད། །
རྒྱ་བདུད་ནག་པོས་བྱས་བྱས་དེ། །
ནང་གི་གཉེན་ཉེར་གཡོགས་ནས་བྱུང་། །
སྤོབས་མཐའ་མིང་ཅན་རྣ་བ་གཏོད། །
བཅུ་པ་པཎ་ཆེན་དཀར་པོ་དེ། །
མུན་ནག་བཙོན་དུ་བཏགས་མཁན་དེ། །
སུ་ཡིན་སྡུག་སེམས་ནག་པོས་སོམས། །
གཡོ་སྒྱུ་དགུ་འགྱུར་སྤྱོད་པ་ཡིས། །
སྤྲེའི་ལྐུགས་པའི་འཁྲབ་སྟོན་གྱིས། །
གསེར་གྱི་བུམ་པའི་ཤོག་རིལ་ནས། །
ཟོག་པོས་ངོས་འཛིན་ཚུལ་ལ་ལྟོས། །
གནའ་དང་དེང་གི་ཤེས་བྱའི་དཔལ། །
གང་ཡང་མེད་པའི་སྤོབས་མཐའ་དང་། །
གནམ་ལོ་ཅན་དང་ཀླུ་མཁར་ཅན། །
འདི་དག་བོད་ཀྱི་གད་སྙིགས་ཡིན། །
རྒྱ་དམར་བཙན་ཤུགས་ཇི་ཙམ་ཆེ་རུང།།
བོད་མིའི་ཆོས་སེམས་དོར་རྒྱུ་ལྟ་ཞོག།
རྒན་གཞོན་ཁྱད་མེད་ནང་ཆོས་འབད་ནས།།
མདོ་དབུས་ཁམས་གསུམ་ཆོས་ཀྱིས་ཁྱབ་སོང་།།
གཞི་ལམ་འབྲས་གསུམ་རྨོངས་པའི་དབང་གིས།།
བོད་ཆོས་གཞི་མར་འགྲེལ་ལོག་བསྙད་འདོགས།།
བཤད་རྩོམ་ཐབས་ལམ་ཇི་ཙམ་སྤེལ་མོད།།
ནང་བསྟན་སྙིང་པོར་འཇུག་འདོད་འཕེལ་སོང་།།
དགག་རྩོམ་འབྲི་པོ་དང་ཅལ་འདྲོགས་རྒྱུགས་མཁན་ཡོངས་ལ་དམིགས་ནས་བྲིས་པའོ།།
ནག་ཆུའི་བྱིས་པ་ལས་ངན་དེ་ཡིས་ནག་དང་ཉེས་པ་མ་བསགས་མོད།།
ཁྱིམ་གཞི་སྤུན་སྲིང་ཕ་མར་བཅས་པ་མུན་པའི་དོང་དུ་དབང་མེད་བརྫངས།།
སྲོལ་ངན་སྲིད་དོན་མཉམ་དུ་བསྲེས་ཤིང་རྨོངས་དད་ཟོག་པོ་གཉིས་ཚོགས་ནས།།
པཎ་ཆེན་མིང་བྱང་གནམ་ལ་འཕྱར་དེ་མི་ལོ་ཉི་ཤུར་ཞལ་འདེབས་བསྡུས།།
གཤིན་པོའི་རྣམ་ཤེས་གར་ཡོང་ཤེས་ཀྱང་གསོན་པོར་ཅི་བྱུང་མི་ཤེས་པ།།
འུག་པའི་རྫུན་དྲུག་ལྟ་བུའི་ལས་འདི་བསམ་ཞིང་བསམ་ན་དགོད་ཀྱང་ཤོར།།
རྫུན་ལ་བློ་གཏད་རྫུན་ལ་ཡིད་ཆེས་རྫུན་ལ་རྫུན་གྱི་ཁུངས་བཅོལ་བའི།།
དམུས་ལོང་དམིག་བུའི་མགོན་ཀྱིས་བོར་བ་བསམ་ཞིང་བསམ་ན་ངུ་ཡང་ཤོར།།
ནག་ཆུའི་བྱིས་པ་གར་སོང་གར་ཡོད་ང་དང་ཁྱོད་འདྲར་ཆ་རྒྱུས་མེད།།
ཆ་རྒྱུས་ཡོད་མཁན་ཚོགས་སྡེ་གཉིས་པོ་རྒྱ་གར་རྒྱ་ནག་གཉིས་ན་ཡོད།།
ཤི་ན་རྣམ་ཤེས་གར་འགྲོ་ཤེས་པའི་མངོན་མཁྱེན་ཅན་ཚོ་དེ་ན་ཡོད།།
མ་ཤི་གསོན་པོའི་སྐྱིད་སྡུག་མཁྱེན་པའི་རྣམ་དཔྱོད་ཅན་ཚོ་དེ་ན་ཡོད།།
རང་ཚོ་ལོ་ན་སོན།
སློབ་སྦྱོང་ཐོབ།
ཕྱི་ནང་མ྄ཐོང་།
ཉམས་མྱོང་ཡོད་མཁན།
ང་ཚོས་མ་འཇོན་པར།
བྱིས་པ་སྐྱེས་མ་ཐག་པ།
འོ་ཐག་མ་ཆོད་པ་ཞིག་ལ་།
རེ་བ་བཅོལ་མཁན་ཁྱོད་ཚོ་ནོར་བ་རེད།
ཁྱོད་ཚོ་སྨྱོན་པ་རེད།
སྤྲུལ་སྐུ་རྫུན་མ་མ་རེད།
སྤྲུལ་སྐུར་རེ་བ་བཅོལ་མཁན་ངོ་ཚ།
གོང་འདི་སྤོབས་པ་ལའོ།
སྤོབས་མཐའ་སྤོབས་པ་ཆེ་རུང་ལྐོག་རེད།།
ལྐོག་ན་ཁྱོད་འདྲ་མཐའ་ཡས་ཀི།