(ལྷན་སྐྱེས་ཁོར་ཡུག་གཏོར་བཅོམ་དང་གདོན་མའི་ནགས་ཚལ་མེ་སྐྱོན་གྱི་དོན་རྐྱེན་བསླངས་པ་ནི་འབྲོག་པའི་རྟ་ནོར་ལུག་གསུམ་ལའང་ཞེ་འཁོན་སློང་གཞི་ཞིག་ཡིན།)
སེར་སྨད་བློ་དགའ།
སྤྱི་ཟླ་༣ པའི་ཚེས་༢༩ ཉིན་ནས་སྲི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མོ་ལྷ་ཤང་དང་། ཉག་ཆུ་རྫོང་གི་དེས་ཚ་ཤང་གཉིས་བར་དུ། ཉིན་ཞག་བདུན་ལྷག་ནགས་ཚལ་མེ་ཡིས་ཚིག་ཀྱང་རྒྱ་གཞུང་གིས་སྣང་མེད་བཞག་འདུག་ལ། དེ་རྗེས་ཉག་ཆུ་རྫོང་གི་མགོ་ལོག་ཤང་དང་མ་ར་ཤང་གཉིས་བར་གྱི་ཤིང་ནགས་མང་ཤོས་ཤིག་ཏུ་ཉིན་ཞག་བརྒྱད་ལྷག་མེ་སྐྱོན་ཚབས་ཆེན་བྱུང་བ་དེར་རྒྱ་གཞུང་གིས་ཐོག་མར་གོ་མེད་ཚོར་བྱས་པ་དང་། དེ་རྗེས་ས་གནས་མི་མང་ལ་མགོ་སྐོར་གཏོང་བྱེད་ཙམ་དུ་དམག་མི་ཉུང་ཉུང་ཞིག་ལས་བཏང་མེད། ས་གནས་མི་མང་གིས་གནམ་ཐོག་ནས་རྒྱ་གཞུང་གིས་མེ་གསོད་རོགས་རམ་ལ་རེ་བསྒུགས་ཆེན་པོ་བྱས་ཀྱང་། གཞུང་གིས་སྣང་ཆུང་བྱས་ཏེ་གནམ་གྲུ་གཅིག་སྐོར་སྐྱོད་དུ་བཏང་བ་ཙམ་ལས་མེ་གསོད་ཐབས་བྱས་མི་འདུག དེ་ནི་ཕྱི་ལོ་༡༩༩༩ ལོའི་ལི་ཐང་དགའ་ཁོག་གི་ཤིང་ནགས་ལ་མེད་སྐྱོན་བྱུང་སྐབས་ས་གནས་མི་མང་གིས་རྒྱ་གཞུང་ལས་གཉེར་བས་ཆེད་དུ་མེ་བརྒྱབ་པར་དོགས་པ་བྱས་པ་ལྟར། ད་ཐེངས་ཀྱི་མེར་སྐྱོན་ཚབས་ཆེན་འདི་ཚོ་ཡང་ས་གནས་མི་མང་གིས་དོགས་པ་གཅིག་མཚུངས་བྱེད་བཞིན་དང་། ད་ཐེངས་མེ་སྐྱོན་ཐེབས་པའི་ཁྲོད་ཁོར་ཡུག་ལ་གྱོང་གུན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཡས་མས་ཤིག་ནས་སྨར་ཁམས་རྫོང་གི་ཤིང་ནགས་ཆེ་ཤོས་དང་སྤུས་དག་ཤོས་ཀྱི་ས་ཆར་མེ་སྐྱོན་ཆེན་པོ་ཞིག་བྱུང་ཏེ་ཟླ་གཅིག་མ་ཟིན་ཙམ་ཕྱིན་ཡང་རྒྱ་གཞུང་གིས་སྣང་མེད་བྱས་ནས་བཞག་ཡོད་འདུག ས་གནས་མི་མང་གིས་ཉིན་མཚན་མེད་པར་མེ་གསོད་ཐབས་ཀྱིས། ཉིན་ཉི་ཤུ་ལྷག་ལས་ཀ་བྱེད་དུ་ཕྱིན་འདུག་པ་དང་སྤྱིར་སྨར་ཁམས་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་ཅིང་། རྫོང་དེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༡༤༣༡ ཡོད་པ་དང་ཤིང་ནགས་ཀྱི་ས་ཁྱོན་ནི་རྫོང་གི་ས་ཆའི་བརྒྱ་ཆ་༤༠ ཟིན་ཡོད། ད་ཕན་མེ་སྐྱོན་ཐེབས་པ་ནི་ནགས་ཚལ་གྱི་ས་ཁྱོན་དེའི་བརྒྱ་ཆ་༤༠ ནས་༡༢ བརྒལ་ཡོད་པ་རེད་འདུག།
སྤྱིར་བོད་ཀྱི་ས་ཁྱོན་སྤྱི་ལེ་གྲུབ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ཟིན་ཡོད་ལ། དེ་ནི་ཡོ་རོབ་གླིང་ཆེན་གྱི་རྒྱ་ཁྱོན་བཞི་ཆ་གཅིག་དང་མཚུངས་པ་ཡིན། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༢༡༨༠༠ ཙམ་ཡིན། འོན་ཀྱང་ཕྱི་ལོ་༡༩༨༥ ལོར་ནགས་ཚལ་གྱི་རྒྱ་ཁྱོན་ཧ་ལམ་ཕྱེད་ཙམ་ཉུང་དུ་ཕྱིན་ཏེ་སྤྱི་ལེ་གྲུ་བཞི་མ་༡༣༤༠༠ ལས་ལྷག་མེད་པ་རེད། ནགས་ཚལ་དེ་དག་མང་ཆེ་བ་ལོ་༢༠༠ སྔོན་ནས་སྐྱེས་པའི་ལྷན་སྐྱེས་ཀྱི་རྩི་ཤིང་ཤ་སྟག་ཡིན།
སྔ་ཕྱི་བར་གསུམ་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པ་དང་འདོད་རྔམས་ཆེན་པོའི་ཐོག་ནས་ནགས་ཚལ་ལ་གཏོར་སྐྱོན་ཚབས་ཆེ་བཏང་བའི་བརྒྱུད་རིམ་ནང་། དཔེར་ན། ༡༩༩༠ ནང་རྫོང་ཁག་གི་ནགས་ཚལ་ཚན་པ་ནས་ལོ་རེར་རྒྱ་གཞུང་ལ་ཚོང་དགོས་པའི་ཤིང་ཆའི་གྲངས་འབོར་ནི། སྐྱེས་འཚར་བྱུང་བའི་གྲངས་འབོར་ལས་ལྡབ་གཉིས་གསུམ་གྱིས་མང་བ་ཡོད། ཕྱི་ལོ་༡༩༨༠ བར་འདས་པའི་ལོ་ཉི་ཤུ་ཡི་རིང་ཉིང་ཁྲི་ས་ཁུལ་གཅིག་པུར་རྒྱ་ནག་གི་དམག་དཔུང་དང་བོད་རིགས་བཙོན་པ་མི་གྲངས་༢༠༠༠༠ ལྷག་གིས་ནགས་ཚལ་གཅོད་འབྲེག་དང་དབོར་འདྲེན་བྱེད་དུ་བཅུག་ཡོད། གནད་དོན་འདིས་མཚོན་སྔོན་དང་སྲི་ཁྲོན་ཞིང་ཆེན་སོགས་བོད་ཀྱི་ལྷན་སྐྱེས་ནགས་ཚལ་གཅོད་འབྲེག་ཀྱི་གནད་དོན་མཚོན་ཐུབ་པ་ཞིག་རེད།
༡༩༨༠ རྗེས་སུ་ཁམས་དང་ཨམ་མདོ་གཉིས་སུ་འགྲོ་ལམ་བདེ་བའི་ས་ཁུལ་ཁག་ཏུ་ནགས་ཚལ་ཆེས་ཉུང་དུ་ཕྱིན་སྟབས། འགྲོ་ལམ་མི་བདེ་བའི་ས་ཆ་ཁུག་ཀྱོག་ཁག་ཏུའང་ཤིང་གཅོད་ཚན་ཁག་གནས་སྤོ་དང་ལས་དོན་འགོ་འཛུགས་བྱས། བོད་ནང་གནམ་གཤིས་ཀྱི་འགྱུར་ལྡོག་དང་ས་བབ་གྱེན་ཐུར་ཆེ་བ། གཞའ་ཚན་ཉུང་བ། ཉིན་མཚན་བར་གྱི་ཚ་གྲང་ཁྱད་པར་ཆེ་བ་སོགས་ལ་བརྟེན་རང་བཞིན་གྱིས་ནགས་ཚལ་སྐྱེས་འཚར་ཡོང་རྒྱུར་ཉུང་མཐར་ཡང་ལོ་ངོ་༧༠ ནས་༡༠༠ ཡི་བར་འགོར་གྱི་ཡོད། དེ་ལྟ་བུའི་ཤིང་ནགས་གཅོད་འབྲེག་ཚབས་ཆེན་བྱས་པས་ཁོར་ཡུག་སྲུང་སྐྱོབ་དང་ནགས་ཚལ་སླར་གསོ་མི་ཐུབ་པའི་དཀའ་ངལ་ཆེན་པོ་བཟོས་པ་དང་། དེ་ལ་བརྟེན་ནས་ས་ཁྱོན་ཆེན་པོར་ལྗོན་ཤིང་སྐྱེས་འཚར་མ་ཐུབ་པར་བྱེ་ཐང་དུ་གྱུར་བ་མ་ཟད། ས་ཆ་མང་པོར་ཆུ་ལོག་གི་ཉེན་ཁ་ཧ་ཅང་ཆེན་པོར་གྱུར་པ་ཁོར་ཡུག་རྟོག་ཞིབ་པ་དང་ཚན་རིག་པས་སྐབས་དེར་སྔོན་བརྡ་མང་པོ་བཏང་མྱོང་།
ཕྱི་ལོ་༡༩༩༨ ལོར། མཚོ་སྔོན་ཞིང་ཆེན་ཁོངས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་རྩེ་ཁོག་རྫོང་ནས་མཆེད་པའི་རྩེ་ཆུ་བརྒྱུད་དེ་རྒྱ་ནག་ཏུ་ཆུ་ལོག་གིས་གནོད་སྐྱོན་ཤུགས་ཆེན་བྱུང་བ་དེས་གཞི་ནས་རྒྱ་ནག་གཞུང་གཉིད་དཀྲོག་ཐུབ་ཙམ་བྱུང་ཡོད། ལོ་དེའི་ཕྱི་ཟླ་༨ པའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཕུད། བོད་ཀྱི་ས་ཁུལ་ཁག་གི་ནང་ཤིང་གཅོད་ཚན་པ་༡༥༡ ལ་ཤིང་གཅོད་ལས་མཚམས་འཇོག་དགོས་པའི་བཀའ་བཏང་བ་རེད། དེའི་རྗེས་ཕྱི་ཟླ་༡༢ པའི་༩ ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་བརྒྱུད། ཉིང་ཁྲི་ས་ཁུལ་དང་ཆབ་མདོ་ས་ཁུལ་ནང་ཡོད་པའི་ཤིང་གཅོད་རུ་ཁག་ཚང་མ་སྒོ་བརྒྱབ་བཅུག་པ་རེད། ལོར་དེར་བོད་ཁུལ་ཡོངས་སུ་རྫོགས་པར་རྒྱ་གཞུང་གིས་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་བཀའ་བཏང་བ་དངོས་ཡོད་ཡིན་ཡང་། དེ་ནི་རྩེ་ཆུ་ནས་བརྒྱུད་པའི་ཆུ་ལོག་གིས་གནོད་སྐྱོན་ཐེབས་པའི་རྒྱ་ནག་མི་དམངས་དང་རྒྱ་གཞུང་གིས་ཁོར་ཡུག་གཏོར་བཅོམ་གཏོང་བཞིན་པར་ངོ་རྒོལ་བྱེད་མཁན་གྱི་འཛམ་གླིང་མི་མང་རྣམས་མགོ་སྐོར་བཏང་བ་ཙམ་ལས། དོན་དངོས་དཔལ་འབྱོར་གྱི་འདོད་རྔམས་དང་གཡོ་སྒྱུ་ཁྲམ་གསུམ་གྱི་ཐོག་ནས་ཁོར་ཡུག་དང་མི་མང་གི་གནད་དོན་སྣང་མེད་གཏོང་གིན་ཡོད་པ་རེད།
ནགས་ཚལ་གཅོད་འབྲེག་མི་ཆོག་པའི་ཁྱབ་བསྒྲགས་བྱས་པའི་ཕྱི་ལོ་སྟེ། ༡༩༩༩ ལོའི་དགུན་ཁར་སྲི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ལི་ཐང་རྫོང་ཁོངས་དགའ་བའི་ས་ཆར་ནགས་ཚལ་ནང་མེ་སྐྱོན་ཆེན་པོ་བྱུང་ཏེ་ཤིང་ནགས་ཧ་ཅང་ཕོན་ཆེན་ཚིག་པར་བརྟེན་རྒྱལ་གཞུང་གིས་ལྟ་རྟོག་བྱེད་ཁུལ་གྱིས་གནམ་གྲུ་སྐོར་བསྐྱོད་ཙམ་ལས་མེད་གསོད་ཀྱི་ལས་དོན་ཚགས་ཚུད་བྱས་མེད་སྟབས། དཀའ་ངལ་དེ་སེལ་ཐབས་སུ་ས་གནས་མང་ཚོགས་ཀྱིས་ལི་ཐང་དགོན་ཆེན་དང་དགའ་ཨ་གཞིས་དགོན་གྱི་ངེས་དོན་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་ངག་དབང་ཆོས་དར་སོགས་སུ་སྐྱབས་འཇུག་ཞུས་པ་དང་། གངས་ཆེན་པོ་ཞིག་བབས་པ་ལ་བརྟེན་ནས་མེ་གསོད་ཐུབ་པ་བྱུང་། དེ་མ་ཐག་རྒྱ་གཞུང་གིས་གོ་སྐབས་བཟུང་སྟེ་ནགས་སྡོང་རྣམས་ཡལ་ག་དང་ཤིང་ཤུན་ཚིག་ཀྱང་སྡོང་པོའི་གཞུང་ཤིང་ཚིག་མེད་པ་རྣམས་ཐད་ཀར་གཅོད་འབྲེག་གིས་རྒྱ་ནག་ཏུ་འོར་འདྲེན་ཚགས་ཚུད་བྱས་པ་རེད། སྐབས་དེར་ས་གནས་མི་མང་གིས། ནགས་ཚལ་མེ་སྐྱོན་དེ་ནི་རྒྱ་གཞུང་གིས་ལས་དོན་སྒྲུབ་མཁན་གྱིས་ཆེད་དུ་ནགས་རི་ལ་ལྐོག་མེ་བརྒྱབ་པ་དང་། ཁོར་ཡུག་སྲུང་སྐྱོབ་པ་དང་རྒྱལ་སྤྱིའི་ཐོག་ནས་འཛུབ་མོ་གཙུགས་ས་མི་རྙེད་པའི་གོ་སྐབས་བཟུང་ཏེ་གཞུང་དོན་བསྒྲུབས་པའི་གཡོ་སྒྱུ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། ད་ཐེངས་ཀྱི་སྨར་ཁམས་རྫོང་དང་། ལི་ཐང་རྫོང་། ཉག་ཆུ་རྫོང་བཅས་སུ་བྱུང་བའི་མེ་སྐྱོན་གྱི་གནས་ཚུལ་ཡང་འདི་དང་གཅིག་མཚུངས་སུ་ངོས་འཛིན་ཡོང་བཞིན་ཡོད་པ་རེད།
བསམ་ཚུལ་དེའི་ཡོང་ཁུངས་ལ་རྒྱུ་མཚན་བཞི་འདུག་ལ། གཅིག་ནི། དུས་རྒྱུན་བོད་དོན་སྐོར་གྱི་དོན་དག་ཆུང་ཆུང་ཞིག་སླེབས་ཀྱང་རྒྱ་དམག་ལམ་སེང་འབྱོར་གྱི་ཡོད་ལ། དེ་ཐེངས་ཤིང་ནགས་མེས་ཚིག་ཏེ་མི་རྒྱུ་ཁོར་ཡུག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པར་མ་མཐོང་མ་ཤེས་པའི་ཟོལ་གྱིས་སྐྱུར་འཇོག་བྱས་པ་དང་། ག་རེ་བྱས་ནས་མེ་གསོད་ཀྱི་མེད་པ་རེད་བསམ་བ་དེ་རེད་འདུག། གཉིས་ནི། མེ་ཆུང་ཆུང་ནས་ཆེན་པོ་ཆགས་པ་མ་གཏོགས་དང་པོ་ནས་གསོད་མི་ཐུབ་པའི་མེ་ཞིག་འབར་མི་སྲིད་ཅིང་། ས་གནས་འགའ་རེར་མེ་སྐྱོན་ལ་སྣང་མེད་དང་སྐྱུར་འཇོག་བྱས་པ་དང་། ཉེ་ཆར་ཉག་ཆུའི་ས་ཁུལ་མེ་ཤོར་སྐབས་ས་གནས་མི་མང་ལ་སེམས་བཟང་གི་རྣམ་པའི་ཐོག་ནས་ས་གནས་མི་མང་མེ་གསོད་སར་མ་བཏང་བར་བཀག་འགོག་བྱས་འདུག། ནགས་རི་ཚིག་ནས་ཁོ་རང་ཚོའི་འདོད་པ་ཡོངས་སུ་ཁེངས་མཚམས། གཞི་ནས་ས་གནས་མི་མང་ལ་མེ་གསོད་དུ་འགྲོ་དགོས་པའི་བཀོད་པ་བཏང་འདུག འོན་ཀྱང་སྐབས་དེར་ས་གནས་མི་མང་གིས་ངོས་ལེན་བྱས་མི་འདུག གསུམ་ནི། ཕྱི་ལོ་༡༩༩༩ ལོའི་ལི་ཐང་དགའ་ཁོག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་སྐབས་ཀྱི་རྒྱ་གཞུང་གི་གཡོ་སྒྱུ་ཁྲམ་གསུམ་བྱས་པའི་གནས་ཚུལ་དཔེ་མཚོན་དང་། དེ་ལྟ་བུའི་ངན་ཇུས་ཤིག་ཡིན་པར་ཚོད་དཔག་བྱས་པ། བཞི་ནི། ཉེ་བའི་ལོ་འགའི་རིང་ནགས་ཚལ་སྲུང་སྐྱོབ་དོ་དམ་ལས་གཉེར་བ་རྣམས་ཀྱིས་ནགས་རི་དང་ཤིང་ལྗོངས་ཁོར་ཡུག་ལ་དོ་དམ་ནན་པོ་མི་བྱེད་པ། སྒེར་མཁོའི་ཤིང་ཆ་སྦས་ཉར་དང་ལྐོག་འཚོང་བྱས་པའི་གནས་ཚུལ་ཐོན་བཞིན་པ་དང་། དེ་ལ་བརྟེན་ནས་ཚོང་གཉེར་སྐབས་འཚོལ་བས་ཤིང་ཆ་འོར་འདྲེན་བྱེད་པར་དོ་ནན་བཀག་འགོག་བྱེད་མི་ཐུབ་པར་གྱུར། གཞུང་གིས་ནགས་ཚལ་སྲུབ་སྐྱོབ་ཅེས་པ་ནི་ཁ་གཡང་ཙམ་ལས་དོན་ཐོག་སྒེར་གྱི་རྣམ་པའི་སྟེང་ནས་ཤིང་ནགས་རྐུ་ཁྱེར་བྱས་ཏེ་རྒྱ་ནག་ཏུ་ལྐོག་འདྲེན་བྱེད་བཞིན་པ་ཐམས་ཅད་རྒྱ་གཞུང་རང་གིས་རྐུ་ཉར་ལྐོག་ཁྱེར་བྱེད་ཀྱིན་པར་དོགས་པ་བྱེད་བཞིན་པ་བཅས་ཀྱི་རྒྱུ་མཚན་བཞི་ལ་ཐུག་འདུག
ང་ཚོས་འདི་ནས་མཐོང་ཐུབ་པ་ནི། ཕྱི་ལོ་༡༩༥༡ ལོའི་ཕྱི་ཟླ་༩ ཚེས་༡༡ ཉིན་དམག་སྤྱི་ཀྲུའུ་ཏེ་ཡིས། བོད་སྐྱོད་དམག་དཔུང་ལ་ལམ་སྟོན་བྱས་པའི་དོན་ཚན་བརྒྱད་ཅན་གྱི་དོན་ཚན་གཉིས་པའི་ནང་། བོད་ཡུལ་འདི་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པས། ཕྱོགས་གཅིག་ནས་རྒྱ་ནག་གི་མི་འབོར་མང་པོའི་འཚོ་སྡོད་ཀྱི་དཀའ་ངལ་སེལ་ཐབས་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་རང་ཁ་རང་གསོ་ཐུབ་ཐབས་ལའང་མེད་ཐབས་མེད་པའི་ས་ཁུལ་ཞིག་ཆགས་ཡོད་པས། རྒྱ་ནག་གི་འབྱུང་འགྱུར་ཡར་རྒྱས་ཐད་ལ་དགོས་ཕན་ཤིན་ཏུ་ཆེ། ཞེས་བཀོད་ཡོད་པ་ལྟར། བོད་ཀྱི་ཐོན་ཁུངས་ལ་འདྲེ་ལག་བརྐྱང་རྒྱུ་ནི་རྒྱ་ནག་གི་གཞི་རྩའི་སྲིད་བྱུས་འདོར་མེད་ཅིག་ཡིན་སྟབས། དེང་སང་རྒྱལ་སྤྱིའི་ཐོག་བོད་དོན་ཐད་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེག་བྱེད་བཞིན་པའི་ཟིང་ཆའི་ཁ་ལོ་བསྒྱུར་ཐབས་དང་། ཡང་ན། གོ་སྐབས་བཟུང་ནས་། གོང་སྨྲས་དམིགས་ཡུལ་བསྒྲུབ་པའི་ལས་དོན་གྱི་ཆ་ཤས་སུ། ནམས་ཚལ་མེ་སྐྱོན་གྱི་དོན་རྐྱེན་བསླངས་པ་ཞིག་ཡིན་པར་དངོས་ར་འཕྲོད་ཀྱིན་འདུག འོན་ཀྱང་རྒྱ་ནག་གཞུང་གི་ལྐོག་བྱུས་མངོན་བྱུས་ཀྱི་གསར་འགྱུར་ཚང་མ་བསྔོག་བཤེར་དང་ཁྱབ་བསྒྲགས་བྱ་རྒྱུ་ནི་ང་ཚོའི་སྐབས་སུ་བབས་པའི་འགན་འཁྲི་འདོར་དུ་མེད་པ་ཞིག་ཡིན།
ཅེས་གནས་ཚུལ་མཁོ་སྤྲོད་པ་སེར་སྨད་བློ་དགའ་ཡིན།
མེ་གསོད་དུས་རྒྱ་གཞུང་དགོས།
དབྱར་རྩ་བཙོང་དུས་རྒྱ་མི་དགོས།
ནམ་རྒྱུན་རྒྱ་མི་བོད་ནས་སོང་།
བོད་པ་ངེད་ཚང་གི་འདོད་པ་འདི།
རྒྱ་གཞུང་གིས་དམག་མི་ཁྱོན་ཆེ་བཏང་ཡོད་ན་མེ་གསོད་ལ་ཁ་གཡར་ནས་དམག་མི་ཁྱོན་བཏང་སྟེ་དྲག་གནོན་བྱེད་གི་འདུག་ལབ་གི་མ་རེད་བ།
འདི་ལ་ང་ཚོ་གཞུང་གིས་ངེས་པར་ཡིག་ངག་གཉིས་ཐོག་ནས་ངོ་རྒོལ་ཤུགས་ཆེན་བྱེད་དགོས་ཀྱིན་འདུག
ནགས་ལ་མེ་ཤོར་བར་སེམས་འཚབ་ཡོད། རང་བྱུང་གི་གནོད་ཚེ་ཡར་ཐོན་རྒྱལ་ཁབ་ཚོའི་ནང་ནའང་བསྟུད་མར་ཡོང་གི་ཡོད།
ཟླ་གཅིག་གོང་འབྲུག་ནང་དུ་རྒན་མོ་ལོ་ ༧༨ ཅན་ཞིག་གིས་མོ་རང་གི་ཞིང་ཁར་ཤིང་ལོ་སྐམ་པོ་སྤུང་ནས་མེ་བུས་པས་ས་ཁྱིན་ཨེ་ཀར་ ༨༠ ལྷག་ཚིག་འདུག དེ་དང་དེ་བཞིན་རེད། རང་ལ་དུག་སྦྲང་གིས་མཆུས་ཕུགས་པ་ཡན་ཆོད་རང་གི་དགྲ་བོས་བྱས་སོ་སྙམ་པའི་དོགས་པ་ནི་དོགས་པ་རང་རེད།
མེ་ཤོར་ལོ་རྒྱས་འདི་ལེགས་པར་བྲིས། ཡི་གེ་དག་ཆ་དང་། བརྗོད་སྟངས་སོགས་བོད་རིག་གཞུང་ལ་ཕན་པ་ཞིག་ཏུ་མངའ་བ་ལགས། དེ་འདྲ་བའི་ས་གཞི་རྒྱ་ཆེ་བར་མེས་སྐྱོན་ཤོར་བ་ནི། རག་ཅག་བོད་རིགས་ལྟ་ཅི། སའི་གོ་ལ་འདིར་གནས་པའི་ཁོར་ཡུག་ལ་གཅེས་པ་དག་ལ་ཡང་སེམས་ངལ་སྐྱེ་དགོས་པ་ཞིག་གོ །
མེ་ཤོར་ལོ་རྒྱས་འདི་ ཞེས་པ་མེ་ཤོར་གནས་ཚུལ་ལམ་ལོ་རྒྱུས་ཞེས་བཅོས་སོ།
རག་ཅག་ཅེས་པ་རང་ཅག་ལ་བཅོས་སོ།།
ཡི་གེ་དག་ཆ་ཞེས་པ་ཡི་གེའི་དག་ཆ་ཞེས་པར་བཅོས་སོ།།
མེ་དེ་ནི་རྒྱ་མིས་ཆེད་མངགས་བརྒྱབ་པ་རེད། རྒྱུ་མཚན་ནི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་སུན་རྩེ་དམག་དོན་བསྟན་བཅོས་བེད་སྤྱོད་བྱས་པ་རེད།
བོད་ཀྱི་ཁམས་ཁུལ་མེ་སྐྱོན་ཚད་ལས་འདས་པས་འཚོ་གཞིན་པའི་ཉམས་ཆུང་དུད་འགྲོ་དང་ཁོར་ཡུག་ལ་གནོད་སྐྱོན་གཚོད་ཕོག་ཡོད་རེད་ད་དུང་རྒྱ་གཞུང་ད་པོན་ངན་དག་གིས་མེ་གསོད་པར་སེམས་ཚབ་དང་དོ་སྣང་མེད་པར་ཁ་བྲལ་བ་ཡིས་གོ་སྐབས་འདི་ཛིན་ནས་ཟིང་བསློང་བའི་དོག་པ་དགོས་ཟེར་བ་ཁེས་མཚར་པོ་རེད།།
མེ་ཏོག་དཀར་པོ་ལེགས།
རག་ཅེས་པ་རང་ཞེས་པ་དག་བཅོས་ལེགས། འོན་ཀྱང་ཡིག་ནོར་འདི་ལན་གཅིག་བྱུང་བ་ལས་སྐྱར་བཟློས་སུ་མི་འབྱུང་། ཡི་གེ་དག་ཆ། ཞེས་པར་ཡི་གེའི་དག་ཆ། ཞེས་ལེགས་བཅོས་དགོས་ན། ཅི་ཕྱིར་ལ་ཅིའི་ཕྱིར་དང། དེ་ཚེ་ལ་དེའི་ཚེ་ཞེས་པ་སོགས་དག་བཅོས་དགོས་པ་ཤིན་ཏུ་མང་། ཁྱེད་ཀྱི་མཆན་ཡིག་༤པ་ན། ཡན་ཆོད། སྔོན་དུ་ངས་ཨ་ཡིག་དེ་ཨེ་ཡིག་ཏུ་འགྱུར་བ་དང་། ཨེ་ཡིག་དེ་ཨ་ཡིག་ཏུ་འགྱུར་ཚུལ་བྲིས། ད་ལྟ་ཁྱེད་ཀྱིས། ཡན་ཆོད། ཅེས་པ་མཐོང་སྟེ། ཨ་ཡིག་དེ་ཨོ་ཡིག་ཏུ་འགྱུར་ཚུལ་ཡོད་པ་ཞིག་ཀྱང་མཐོང་། ཁྱེད་ཀྱིས་ལྟུང་བཤགས་འདོན་པ་ཡོད་ན། དེ་ན་སླན་ཆད། ཅེས་པ་ཡོད་པས། དེ་དང་འདྲབར་ཡན་ཆད། མན་ཆད་ཅེས་སྒྲ་དག་པར་འདོན་པ་དང་། འབྲི་དགོས་པར་མཐོང་ངོ་། །
ཨོཾ་མ་ཎི་པདྨེ་ཧཱུཾ། སེམས་ཅན་མང་བོའི་སྲོག་ཤོར་ཡོད་རྒྱུ་རེད།