བྱ་གཞུང་འཇམ་བྷེ།
ཨ་རི་ཨེ་མོ་རི་སློབ་གཉེར་ཁང་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གོ་སྒྲིག་འོག་དེ་རིང་ནས་བཟུང་གདན་ས་ཁག་ཏུ་ཟླ་གཅིག་རིང་གི་ཚན་རིག་གི་ཟབ་སྦྱོང་ཐེངས་གཉིས་པ་འགོ་བཙུགས། ཚན་རིག་གི་ཟབ་སྦྱོང་གནང་མཁན་གྱི་དགེན་རྣམ་པ་ཨ་རིའི་ཨེ་མོ་རི་མཐོ་སློབ་ནས་ཕེབས་པའི་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག དབང་རྩ་ཚན་རིག་སོགས་ལ་མཁྱེན་དཔྱོད་ཀྱི་ཀློང་བརྡོལ་བའི་མཁས་དབང་རྐྱང་ཆེད་ཕེབས་གནང་བཞིན་འདུག ཁོང་རྣམ་པ་ཐེངས་འདིར་ཕེབས་པར་ཟླ་ཕོགས་ཀྱིས་བླ་འགུག་དང་བཙན་དབང་གི་བཀའ་བཏང་ནས་ཡོངས་བ་མ་རེད་ལ། ཞར་དང་ཞོར་ལ་བག་གཡེང་གི་ཚུལ་དུ་ཕེབས་པ་ཞིག་ཀྱང་གཏན་ནས་མ་རེད། མཛད་སྒོ་ཉིན་ཁོང་རྣམ་པས་གསུངས་བ་ལྟར་ན། ༧ གོང་ས་རྒྱལ་བའི་དབང་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་སྒྲུབ་ཆེད་དུ་ཁོ་ཚོ་འདིར་ཡོངས་བ་ཡིན། མ་ཟད་ང་ཚོ་ཚང་མ་མཉམ་རུབ་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་འདི་སྒྲུབ་པར་ལྷག་བསམ་རྣམ་དག་དང་འབད་བརྩོན་ཞུམ་མེད་ཀྱི་ཤུགས་རྒྱག་དགོས་པ་རེད་ཟེར། སྐད་ཆ་འདིས་ང་ཧང་སང་བཅུག་སོང་ལ་ཞེ་གཏིང་ནས་སྐྱོ་བ་ཞིག་གིས་གཟེར་བྱུང་། ང་ཚོའི་བོད་པའི་སྤྱི་ཚོགས་ནང་དུ་རང་དོན་ཕངས་འདོར་དང་། ཁེ་ཐོབ་ཏིལ་འབྲུ་ཙམ་ཡང་མེད་པར་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་སྒྲུབ་མཁན་ག་ཚོད་ཞིག་ཡོད་དམ། འདི་ལྟར་༧ གོང་ས་མཆོག་གི་རླབས་ཆེན་དགོངས་གཞིའི་ཟབ་བརླིང་ལ་ངེས་ཤེས་ཟབ་མོ་རྙེད་མཁན་ཅི་ཙམ་ཞིག་ཡོད་དམ། དོན་དངོས་གནས་གྱིས་༧ གོང་ས་མཆོག་གི་ཐུགས་བཞེད་ལྟར་རེམ་འདེགས་གྱི་ངལ་བརྩོན་དང་ཞུམ་མེད་ཀྱི་བློ་སྟོབས་སྐྱེད་མཁན་ཅི་ཙམ་ཞིག་ཡོད་དམ།
འདི་དག་ལ་བསམ་གཞིག་དང་ཞིབ་ཚགས་ཀྱི་མནོ་བསམ་ཞིག་གཏོང་དུས་སེམས་པའི་སྡུག་གཟེར་དང་སྐྱོ་གདུང་གི་སེམས་ངལ་ཞིག་གིས་ལྷོད་ཀྱི་འདུག་བཟོད་པ་ཞིག་ག་ལ་འོང་། འོན་ཀྱང་། ལྷག་བསམ་དང་མཁྱེན་དཔྱོད་ཡངས་བའི་ཚན་རིག་གི་སློབ་དཔོན་ཆེན་པོ་དགེན་རྣམ་པ་འདི་དག་དང་། ཆོས་ཚན་ཟུང་དུ་འབྲེལ་བའི་རླབས་ཆེན་གྱི་བྱ་བཞག་ལ་ངེས་ཤེས་གྱི་གདེང་ཐོབ་པའི་གནའ་དེང་ཤེས་རིག་གི་མཁྱེན་རྒྱ་ཡངས་བའི་རང་རེའི་ཤེས་ལྡན་མི་སྣ་ཁག་ཅིག་གི་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་༧ གོང་ས་མཆོག་གིས་ལོ་ངོ་སུམ་ཅུའི་རིང་སྐུ་ངལ་མཛད་མེད་དང་ཐུགས་ལ་བརྣགས་པའི་བཞེད་དོན་ ༼ ཆོས་ཚན་ཟུང་འབྲེལ་གྱི་དགོངས་གཞི ༽ འདིའི་འོད་སྣང་འཕགས་ཐུབ་པ་བྱུང་བ་རེད། ཡིན་ན་ཡང་། ད་དུང་ཡང་རང་རེའི་དགོན་སྡེ་ཁག་ཏུ་དགོན་པའི་སྣེ་ཁྲིད་པ་རྣམ་པ་དང་། དགེ་བཤེས་མཁས་དབང་དང་དགེ་འདུན་པ་བྱིངས་ཀྱིས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་བྱེད་པའི་འཕྲལ་ཕུགས་རྒྱངས་གསུམ་གྱི་དགོས་མཚན་དང་གནད་དོན་སོགས་ལ་གདེང་ཐོབ་པའི་ངེས་ཤེས་ཤིག་རྙེད་མེད་ཚོད་རེད། མ་ཟད་རང་ཕྱོགས་མཆོག་འཛིན་གྱི་ཤེས་ལྡན་པ་ཁག་ཅིག་ལ་འཆང་སྣང་འདི་འདྲ་བྱུང་གི་ཡོད། ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱེད་དགོས་པ་དང་། ནང་པ་ཞིག་གི་ངོས་ནས་ངེས་པར་ཏུ་ཚན་རིག་སློབ་སྦྱོང་དང་དོན་གཉེར་དགོས་པའི་བསྐུལ་མ་གཏོང་དུས། དེ་ནི་ནང་ཆོས་ཀྱི་རང་ཚུགས་མ་ཐུབ་པར་ཚན་རིག་ལ་སྐྱབས་བཅོལ་བ་དང་ནང་ཆོས་ཉམས་དམའ་བོ་དང་དཔའ་ཞུམ་པའི་གནས་སྟངས་ཤིག་ཡིན་པའི་ལངས་ཕྱོགས་དང་། ནང་ཆོས་ནི་རིག་གཞུང་གང་ལ་ཡང་ཟུང་འབྲེལ་བྱེད་མི་དགོས་པར་གོང་ན་མ་མཆིས་བ་དང་བླ་ན་མེད་པའི་རིག་གཞུང་ཞིག་ཡིན་པའི་འདུ་ཤེས་མཆོག་འཛིན་ཞིག་གིས་ཁེངས་ནས་བསྡད་ཡོད། དེ་ནི་ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་དགོས་མཚན་དང་གནད་དོན་ལ་གོ་རྟོགས་སམ་ཤེས་རྒྱ་སྤུ་ཙམ་ཡང་མེད་པའི་གླེན་རྟགས་ཤིག་མ་ཡིན་ནམ། ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱེད་ཟེར་དུས་ནང་ཆོས་ཀྱི་རང་ཚུགས་མ་ཐུབ་པར་ཚན་རིག་ལ་མགོ་བཏགས་པའི་སྐད་ཆ་ཞིག་ག་ལ་ཡིན་ཡེ་ནས་མ་ཡིན་ཏེ། ནང་ཆོས་ཚན་རིག་དང་ཟུང་འབྲེལ་བྱེད་པའམ་བྱེད་ཐུབ་པ་འདིས་ནང་བསྟན་རིག་གཞུང་ནི་དངོས་ཡོད་བརྟག་དཔྱད་ཀྱི་ལམ་ནས་གཏན་ལ་ཕབ་པའི་རིག་གཞུང་ཞིག་ཡིན་པར་བསྟན་གྱིན་ཡོད།
གོ་ལ་འདིའི་ཐོག་ཏུ་ཆོས་ལུགས་བརྒྱ་ཕྲག་མང་པོ་ཡོད་མོད། དེའི་ནང་ནས་ཚན་རིག་དང་དཔུང་བ་མཉམ་གཤིབ་དང་ལག་རྡང་གཅིག་སྦྲེལ་ཐུབ་མཁན་ནང་བསྟན་རིག་གཞུང་འདི་ཁོ་ན་མ་ཡིན་ནམ། གོ་ལ་ཆེན་པོ་འདིའི་འགྲོ་བ་མཐའ་དག་གི་བདེ་སྡུག་དང་ཐད་ཀར་འབྲེལ་ཤུགས་ཆེ་བའི་རིག་གཞུང་ཆེན་པོ་གཉིས་ནི་ནང་ཚན་གཉིས་ཡིན་པ་སྨྲས་མི་དགོས་པ་ཞིག་རེད་བསམ། ངས་འདི་ལྟར་བཤད་དུས་ཆོས་ལུགས་གཞན་ལ་དམའ་འབྱིན་དང་ཉམ་དམའ་བར་གཏོང་གི་མེད་ལ་རང་རེའི་ཆོས་ལུགས་བླ་ན་མེད་པ་དང་གོང་ན་མ་མཆིས་བའང་སྒྲུབ་ཀྱིན་མེད། ནང་བསྟན་གཞུང་ལུགས་ནས་བཤད་པའི་རྣམ་བཞག་རིམ་པ་གསུམ་ཡོད་པ་ལས་གཞི་དངོས་པོའི་རྣམ་བཞག་དང་ཚད་མཐོའི་ཀུན་སྤྱོད་ཀྱི་རྣམ་བཞག་འདི། ཆོས་ལུགས་གཅིག་མི་གཅིག་དང་ཡོད་མེད་ཀུན་ལ་ཁྱབ་པའམ་འགྲོ་བ་མི་ཀུན་གྱིས་དེང་ལེན་ཐུབ་པའི་རྣམ་བཞག་ཅིག་རེད། མ་ཟད་འགྲོ་བ་མི་རིགས་ཀུན་གྱི་མི་ཚེ་ནང་ཆེས་དགོས་མཁོ་ཅན་ཞིག་དང་མེད་རུང་གི་རྣམ་བཞག་ཅིག་རེད་ཅེས་བཤད་འདོད་པ་དེ་ཡིན། དེར་བརྟེན། ནང་བསྟན་གཞུང་ལུགས་ནང་དུ་འཐུས་མ་ཚང་བའམ་རྣམ་བཞག་མི་གསལ་བ་༼ རྡུལ་ཕྲན་དང་གཟའ་སྐར་སོགས་ཀྱི་རྣམ་བཞག ༽ རྣམས་ཚན་རིག་གི་གཞུང་ལུགས་ལས་ཚུར་ཁ་བསྐོང་བྱེད་དགོས་པ་དང་། ཚན་རིག་གི་གཞུང་ལུགས་ནང་དུ་འཐུས་མ་ཚང་བའམ་རྣམ་བཞག་༼ སེམས་དང་ཀུན་སྤྱོད་ཀྱི་རྣམ་བཞག ༽ མ་གསལ་བ་ནང་བསྟན་གཞུང་ལུགས་ལས་ཕར་ཁ་བསྐོང་བྱེད་རེས་ཀྱི་ཐོག་ནས། རིག་པའི་གཞུང་ལུགས་དེ་གཉིས་མཉམ་སྦྲེལ་གྱི་ལམ་ནས་འགྲོ་བ་མཐའ་དག་ལ་ཕན་བདེ་སྒྲུབ་པའི་གཞི་རྐང་ཞིག་འཛུགས་ཐུབ་ཚེ་གོ་ལ་འདིར་ཞི་བདེའི་ཁྱིམ་གཞི་ཞིག་བསྐྲུན་ཐུབ་པར་ཐེ་ཚོམ་མེད་སྙམ། དེ་མིན་འཛམ་གླིང་ཞི་བདེ་ཞེས་སྐད་འབོད་ལུང་པ་བསྒྲགས་ཀྱང་བྲག་ཅར་སྒྲ་བརྡབས་པ་དང་ཁྱད་པར་ཅི་ཞིག་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ནང་ཆོས་དང་ཚན་རིག་ཟུང་དུ་འབྲེལ་བའི་ལས་རིམ་གྱི་གོམ་སྟབས་འདི་ཧ་ཅང་གི་གལ་འགངས་ཆེ་བའི་མདུན་སྐྱོད་བླ་ན་མེད་པ་ཞིག་རེད་སྙམ།
སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཐེག་པ་ཆེན་པོའི་གཞུང་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་ངལ་བ་ལྷུར་ལེན་པ་རྣམ་པས་ཀྱང་། འགྲོ་བ་སེམས་ཅན་ཀུན་གྱི་ཕན་བདེའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་འདི་ཡུན་གནས་སྲ་བརྟན་དང་ཡར་རྒྱས་གོང་འཕེལ་གྱི་མདུན་སྐྱོད་གསར་བ་ཞིག་དགོས་མཁོ་བར་འདོད་པ་དང་། ཕན་བདེ་ལ་འགོད་བྱའི་སྙིགས་དུས་ཀྱི་འགྲོ་བ་འདི་དག་ལ་སྤྲོ་སྣང་འཕེལ་བ་དང་དོན་གཉེར་གྱི་འདུན་ཤུགས་དྲག་པོའི་སངས་རྒྱས་ཀྱི་བསྟན་པའི་གདམས་པ་ཞིག་ཟློ་བར་མོས་ན་ནང་ཆོས་དང་ཚན་རིག་ཟུང་དུ་འབྲེལ་བའི་ལས་རིམ་འདི་ལ་འཇུག་དང་གཞན་དོན་སྒྲུབ་པའི་ཐབས་ལམ་གྱི་མདུན་སྐྱོད་གསར་བ་ཞིག་ཐོབ་ཡོངས་བར་ཐེ་མི་ཚོམ། འདིའི་ཐད་དུ་༧ གོང་ས་མཆོག་གིས་འདི་འདྲ་ཞིག་གསུངས་ཡོད། གདན་ས་ཁག་གི་ཚན་རིག་སློབ་དེབ་ཀྱི་སྔོན་གླེང་ལས། ༼ ལས་རིམ་འདིའི་འབྱུང་འགྱུར་ནི་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་རྒྱུར་ང་ལ་གདེང་ཚོད་འདུག ༽ གསུང་དུམ་འདིས་ལས་རིམ་འདི་ལ་༧ གོང་ས་མཆོག་ལ་ཐུགས་རེ་ཇི་འདྲའི་ཟབ་མོ་ཞིག་ཡོད་བ་དང་གལ་གནད་ཆེ་ཆུང་ཇི་འདྲ་ཞིག་ཏུ་བརྩི་བཞིན་ཡོད་པ་གཅིག་གཅིག་གཉིས་གཉིས་བྱས་ནས་གསལ་བཤད་མ་བྱས་ཀྱང་མཁྱེན་གསལ་རེད། དེ་ལས་ལྡོག་པའི་ཕྱོགས་གཞན་ཞིག་ནས་བཤད་ན་་་་་་་་་་་་མུ་འགོད་་་
བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་དུ་གྲགས་པའི་དཔེ་ཚོགས་འདི་ཚོའི་ནང་ཡོད་ཚད་ཚང་མ། རྒྱ་གར་བའི་བསམ་བློ་ཁོ་ན་ལས་བྱུང་བའི་རྣམ་དཔྱོད་ཤ་སྟག་ཅིག་རེད་འདུག་དང་མི་འདུག ཚན་རིག་གི་ལམ་ནས་བརྟག་དཔྱད་ལེགས་པར་བྱེད་དགོས་པར་སེམས། རང་གི་ཆོས་དད་དྲག་པོས་ཚང་མ་ཡིན་ཤག་བྱེད་ཅིང་། བོད་མི་རྣམས་ནི་རང་ངོས་ནས་ཅི་ཡང་མི་ཤེས་པའི་བྱོལ་སོང་ཁྱུ་གཅིག་ཏུ་ཁྱོད་ཀྱིས་སྔ་ནས་འདོད་པའི་ཚུལ་དེ། དེང་དུས་ཀྱི་ཚན་རིག་དང་མཐུན་པའི་་དཔྱད་འབྲས་ལེགས་ཤོས་དེ་ཨ་ཡིན་ན། ཚན་རིག་གི་ལམ་ནས་ཐག་གཅོད་གཙང་མར་བྱ་འདོད་ན། དང་པོ་བོད་མི་རྣམས་དེ་ལྟར་ཡིན་མིན། དེང་དུས་ཚན་རིག་གི་ལམ་ནས་ལེགས་པར་དཔྱད་དགོས་པའི་གནས་ཤིག་ཡིན་པར་སེམས་སོ། །
བྱ་མིང་ཅན་འདིས་བྱས་སྐད་བརྒྱབས་ཀྱི་འདུག་ག་་་་་ཚན་རིག་སློབ་གཉེར་བའི་དགེ་བཤེས་དེ་དག་གིས་རྒྱལ་བ་རིན་པོ་ཆེན་གྱི་དགོངས་གཞི་སྒྲུབ་པར་ཁེ་ཕན་ཏིལ་འབྲུ་ཙམ་ཡང་མ་བསམས་པ་དང་མེད་པ་དེ་འདྲ་ཡིན་གྱི་མ་རེད། ངས་ཚོད་དཔག་བྱས་ན་དགེ་བཤེས་དེ་ཚོས་ཚོད་ལས་རྒལ་བའི་ཁེ་ཕན་ཞིག་ལེན་བསམས་ཀྱི་ཡོད་ངེས་ཡིན། ཏ་ལའི་བླ་མའི་དགོངས་གཞི་བསྒྲུབ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཁེ་ཕན་རག་ཐབས་དང་། དེ་ལྟར་མ་བྱུང་ནའང་བདེ་འགྲོའི་སྐྱེ་བ་ཞིག་ལེན་ཐུབ་པའི་ཁེ་ཕན་ལ་བསམས་ཡོད་ངེས་རེད།
ཁེ་ཕན་དེ་ལས་ཆེ་བ་ག་རེ་དོན་གཉེར་བྱེད་དགོས་སམ། འདོད་རྔམ་དེ་ལས་ཆེ་བ་ག་རེ་དགོས་སམ། ཁྱོད་ཚོའི་སྟོང་ཉིད་ལ་མཐའ་མེད་ལ་ཁྱོད་ཚོའི་སྟོང་བསམ་ལ་ཡང་རྫོགས་མཐའ་མེད།་་་་ཧཧཧ ཡིན་ཀྱང་ཁེ་ཕན་ཆེན་པོ་དེ་འདྲ་བསམས་ནས་ལས་ཀ་བྱེད་མཁན་ཚོ་མཐའ་མ་ཚོང་ཧ་ལོག་གི་རེད།
ནང་ཆོས་དང་ཚན་རིག་མཐུན་མདོག་མདོག་གིས་འུར་མང་པོ་རྒྱབ་མ་འོང་ཨ། རྫུན་རྐུབ་བཏོན་དགོས་ཐུག་ཡོང་། རྫུན་རྐུབ་བཏོན་ན་ཁྱོད་ཚོ་ཁོང་ཁྲོ་ལང་གི་རེད་བ།
རྩོམ་པ་པོར་བཀའ་དྲིན་ཆེ། མུ་མཐུད་དུ།
གྲྭ་ས་ཁག་གི་ཚན་རིག་པ་དེ་དག་གིས་རྩྭ་ཀྲག་ཙམ་ཡང་བཟོ་ཤེས་ཟོལ་མི་འདུག་ག ཁ་སྟོང་པའི་ཚན་རིག་པ་ཞིག་མ་གཏོགས་ལག་ལེན་ཡོད་པའི་ཚན་རིག་པ་ཞིག་གསོ་སྐྱོང་བྱེད་བཞིན་ཡོད་ཟོལ་མི་འདུག་ག ཁ་སྟོང་པའི་ཆོས་པ་ག་ཚོད་མང་པོ་ཡོད། དེའི་ཐོག་ཏུ་ཁ་སྟོང་པའི་ཚན་རིག་པ་མང་པོ་ཞིག་བྱུང་ན་བོད་མི་རིགས་ལེབ་ལེབ་བཟོ་ས་རེད་དོ།
ཚན་རྩལ་རིག་པ་རྨོང་གཉིད་གཏིང་ལ་ཤོར་།
བ་ཡུལ་ས་ཡོམ་སྔོན་བརྡ་མ་ཐུབ་ནས་།
ཉེས་མེད་མི་མང་ཁྲི་ཚོ་ས་འོག་ཤི་།
ཚན་རྩལ་རིག་པའི་མིང་ཡང་མི་བརྗོད་དོ་།
ཚན་རིག་དང་ཚན་རིག་ལག་རྩལ་གཉིས་ཁ་ཁ་རེད། ནང་ཆོས་དང་ཚན་རིག་གཉིས་ཁ་ཁ་རེད། ཚན་རིག་ལ་གཞིའི་རྣམ་བཞག་ཡོད་ཀྱང་ལམ་དང་འབྲས་བུའི་རྣམ་བཞག་ཟུར་བ་ཞིག་མེད། ནང་ཚན་ཟུང་འབྲེལ་ཟེར་བ་ལ་གོ་རྒྱུ་ཅང་རྙེད་མ་སོང་། བདེན་གཉིས་ཟུང་དུ་འབྲེལ་ཟེར་ན་སྦྲང་རྩི་དང་སྦྲང་རྩིའི་རོ་ལྟ་བུའི་ངོ་བོ་དབྱེར་མེད་ཀྱི་གོ་བ་ལོན་རྒྱུ་ཡོད། དེ་བས་ནང་ཆོས་དང་ཚན་རིག་དཔུང་པ་མཉམ་གཤིབས་ཞེས་བརྗོད་ན་གོ་རྒྱུ་འདུག །ནང་ཆོས་ཀྱི་ཀུན་སྤྱོད་རིག་པས་ཚན་རིག་ལ་ཁ་སྐོང་དགོས་པ་དང་ཚན་རྩལ་རིག་པས་རང་བྱུང་ཁམས་ཀྱི་བེམ་གཟུགས་དང་འབྲེལ་ནས་དཔྱད་པས་དེ་དག་གིས་ནང་ཆོས་ཀྱིས་བཤད་པའི་སྣོད་བཅུད་རྟེན་འབྲེལ་རིག་པར་ཁ་སྐོང་དུ་བྱེད་ན་གང་འདྲ་འདུག །
མིག་བརྒྱད་པ་ལགས་ཀྱིས་བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ། ཟུང་འབྲེལ་ཟེར་དུས་ངེས་པར་ཏུ་ནང་ཆོས་ལས་གསུངས་བ་ལྟར་གྱི་བདེན་གཉིས་ཟུང་འབྲེལ་ལྟ་བུར་གཞིག་མི་དགོས། ཟུང་འབྲེལ་ཟེར་དུས་དངོས་པོ་གཉིས་མཉམ་དུ་གཤིབས་པ་ལ་བཤད་པ་རེད། དེར་བརྟེན་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཟེར་དུས་རིག་གཞུང་དེ་གཉིས་མེ་ཆུ་བཞིན་མཉམ་དུ་གཤིབ་རྒྱུ་མེད་པ་མིན་པར་དེ་གཉིས་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་མཚུངས་བསྡུར་གྱི་བརྒྱུད་ལམ་ལས་ཕུན་ཚུན་ལ་གོ་རྟོགས་སྤེལ་རེས་དང་ལེགས་ཆ་ལེན་རེས་བྱེད་རྒྱུ་དེ་རེད། མ་ཟད་ཚན་རིག་པས་སྔོན་ནས་ད་ལྟའི་བར་ཀུན་སྤྱོད་ལ་མ་ལྟོས་བར་དངོས་པོའི་གནས་ལུགས་འཚོལ་བ་དང་། ཀུན་སྤྱོད་ནི་དངོས་པོ་དེའི་རང་བཞིན་འཚོལ་བར་འགག་རྡོ་ལྟ་བུར་ཚན་རིག་ལྟ་གྲུབ་པའི་བཤད་ཀྱིན་ཡོད། ཚན་རིག་པས་ཀུན་སྤྱོད་ཡ་མེད་དུ་བཏང་བའི་ཉེར་ལེན་ཀྱིས་གོ་ལའི་སྣོད་བཅུད་ཀུན་ལ་གནོད་སྐྱོད་མང་པོ་ཞིག་ཐེབས་དང་ཐེབས་བཞིན་ཤེས་གསལ་རེད། དེའི་ཕྱིར། སྣོད་བཅུད་ཀུན་ལ་ཁྱབ་ཐུབ་པའི་ནང་པའི་ཀུན་སྤྱོད་ཀྱི་རིན་ཐང་འདི་ཚན་རིག་པའི་ལག་ལེན་ཁྲོད་དུའང་བསྒྱུར་ཐུབ་ན་འཛམ་གླིང་ཞི་བདེར་ཐག་ཉེ་རུ་འགྲོ་བ་མ་ཡིན་ནམ། དེང་གི་སྐབས་འདིར་འཛམ་གླིང་ཚན་རིག་པས་དབང་བསྒྱུར་འོག་ཏུ་གནས་ཡོད་པའི་ཕྱིར། རྡུལ་ཕྲན་དང་རྒྱུ་སྐར་ཀྱི་རྣམ་བཞག་འདི་ཚན་རིག་ལས་ཞིབ་ཚགས་པའི་འགྲེལ་བཤད་ཅིག་ནང་གཞུང་དུ་མེད་པས་འདི་སྐོར་གྱི་ཤེས་བྱ་ནང་པའི་རྗེས་འཇུག་པས་སློབ་ན་དགོས་མཚན་ཆེ་བར་སྙམ།
Bompo ལགས་ཀྱི་བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ། ངས་བཤད་འདོད་པ་ནི་བོད་་མི་རྣམས་ཅི་ཡང་མི་ཤེས་པར་གླེན་པ་ལུག་ལྟ་བུ་ཞིག་ཏུ་བརྩི་བ་མིན་པར་བོད་མི་རྣམས་ཀྱིས་རང་ལ་རིག་གཞུང་ཡ་མཚན་པོ་ཞིག་ཡོད་བསམ་ནས་རིག་གཞུང་གཞན་ལ་སློབ་གཉེར་དང་གདེང་འཇོག་བྱེད་ཀྱིན་་མི་འདུག་ཟེར་བ་དེ་ཡིན། དེའི་ནང་ནས་ཀྱང་བོད་པའི་མཁས་དབང་དང་ཤེས་ལྡན་པ་རྣམ་པར་དེ་ལྟའི་ལངས་ཕྱོགས་ཤིག་འདུག་བསམ་པ་ཡིན།
ཐུགས་རྗེའི་ཆེ་།
བྱ་གཞུང་འཇམ་བྷེ་བཤད་པ་རེད་མོད། འཇམ་གླིང་ཞི་བདེའི་དོན་གཤིས་རྒྱུད་འཇམ་པའི་ཨ་མ་རྒན་མོ་ཚོར་དྲིས་ན་གོ་རྒྱུ་ཡོད་ཚོད་འདུག ཁོང་ཚོས་ནང་མི་བྱམས་པས་བསྐྱངས། ཁྱིམ་མཚེས་འཛུམ་གྱིས་བསུ། མགྲོན་པོ་གཙུག་ཏུ་བཀུར་ཚུལ་འདི་ལ་གཞིག་ན་ཞི་བདེ་བསྐྲུན་མཁན་པོ་དེ་རེད་སྙམ། ཆོས་ལུགས་པ། ཆབ་སྲིད་པ། ཤེས་པའི་སྡེ་ཁག་པ་མང་ཆེ་བ་རང་གི་ཕ་མ། ཁྱིམ་མཚེས། ཆོས་རྒྱུན་གཅིག་པ། མཆེད་གྲོགས་ཚོ་ལ་ཡང་མཐུན་ལམ་འཛུག་ཐུབ་པ་མི་འདུག་པས་འཛམ་གླིང་ཞི་བདེ་བྱ་བ་རིགས་པ་འབུམ་གྱིས་སྒྲུབ་ཀྱང་ཁ་སྟོང་ལག་སྟོང་རེད་སྙམ། རང་ལ་ཁེ་ཕན་ཞིག་ཐོབ་དུས་རྫོགས་པའི་སངས་རྒྱས་དང་དམ་ཅན་ཆོས་སྐྱོང་ཚོའི་མདུན་ནས་གདོང་པག་ལྕགས་ལེབ་ལྟ་བུ་གྱོན་ནས་རྫུན་བཤད་པའི་སྡེ་ཚན་ཞིག་དང་། རང་དོན་སྒྲུབ་ལ་ཐབས་ལན་བཟང་ངན་གང་ཡང་གཉེར་ཐུབ་པ་དང་ང་མི་ཐུན་ཕྱོགས་ལ་རྐྱེན་ངན་རེ་བྱུང་ན་དྲིལ་སྦྲགས་ལ་བྲེལ་བའི་བླ་གྲྭ་ཚན་རིག་པའི་སྡེ་ཁག་དེ་ཚོས་བཅོམ་ལྡན་འདས་ཀྱི་བསྟན་པ་མཇུག་སྡུད་པ་ལ་འུར་ལངས་ནས་ཤོར་འགྲོ་བར་འདུག་པས་དེ་ཡག་པོ་ཞུ་ཁག ནང་ཆོས་ཀྱི་མིང་ཚིག་ལ་གོ་ཕྲན་བུ་ཡོད་ཀྱང་ཉམས་མྱོང་གི་སྒོ་ནས་དད་པ་གཏིང་ཚུགས་པ་ཞིག་མ་སྐྱེས་དུས། ཚེ་འདིར་མཁོ་བའི་ཚན་རིག་མ་ཤེས། ཕྱི་མར་དགོས་པའི་དད་པ་བརླག ད་ལྟའི་ལྟ་ལོག་པའི་ཁྱུ་རྡོལ་ནས་འགྲོ་བ་དེ་དག་ཀྱང་དངོས་གཙོའི་ལམ་ལུགས་དང་། ཚན་རིག དམར་ཕྱོགས་ཀྱི་ལྟ་བ་ཤུགས་ཆེ་བ་ལས་བྱུང་བ་ཕྱི་གསལ་ནང་གསལ་རེད། དེ་ལས་གཞུང་ལུགས་རྒྱ་ཆེན་པོ་དང་རྒྱུ་འབྲས་ཀྱི་རྣམ་བཞག་གཏིང་ཚུགས་པ་ཞིག་མ་ཤེས་ཀྱང་དཀོན་མཆོག་གསུམ་བདེན་བསམ། ཁ་ཏོན་དགེ་སྦྱོར་གྱིས་ཕན་ཐོགས་སྙམ་པའི་རྒད་པོ་རྒན་མོའི་དད་པ་བྱེད་ཚུལ་དེ་ལའང་ཉེན་ཁ་མི་འདུག་སྙམ།
ཡང་ཞུ་ན། ཚན་རིག་སློབ་པ་ལ་ནང་ཆོས་ཀྱི་ཤེས་བྱ་རྩ་བ་བརྟན་པོ་ཚུགས་པ་ཞིག་གིས་སྦྱང་ན་ལེགས་པའི་ཡོན་ཏན་རེད་སྙམ། ཡང་ན་ཚན་རིག་ཡག་པོ་ཤེས་མཁན་ཞིག་གིས་ནང་ཆོས་སྦྱང་ན་དེ་ཡང་ཤིན་ཏུ་ལེགས། གཉིས་ཀ་ལ་གོ་བ་མ་ཆགས་པར་ལོག་ལྟ་དང་ཆགས་སྡང་ལ་གོ་བ་གསར་བ་རྙེད་པའི་དགེ་བཤེས། མཁན་པོ་མང་པོ་ཞིག་དང་འཕྲད་ཅིང་སྐད་ཆ་བྱུང་བའི་ཚོར་བ་བཤད་པ་ཡིན། ཐམས་ཅད་དེ་ལྟ་བུ་ག་ལ་ཡིན། འདི་དག་ཁྱོད་ཅག་ཚན་རིག་སྨྲ་བ་རྣམས་པ་སྙན་ཞུ་ཡིན། དགག་པ་མིན། གང་བཤད་པར་ནོར་འཁྲུལ་ཡང་ཡོད་སྲིད་པས་དགོངས་དག་ཞུ། །