འཇམ་དབྱངས་དཀར་པོ།
འཛམ་གླིང་ན་མིང་གྲགས་ཆེ་བའི་ནང་པའི་དབུ་ཁྲིད་བཅོ་ལྔས་མཚན་རྟགས་བཀོད་ནས། སྤྱི་ཟླ་༡༡ ཚེས་༣༠ ནས་འཚོག་རྒྱུ་ཡིན་པའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་ལ་སྙན་ཞུ་ཞིག་ཕུལ་ཏེ། ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་ཁོར་ཡུག་ལ་བདག་གཅེས་བྱེད་པའི་རེ་བ་ནན་གཟབ་གནང་འདུག “ང་ཚོ་གང་དུ་འཚོ་སྡོད་བྱ་ས་དེར་གཉན་འཕྲང་ཅན་གྱི་ལམ་ཞིག་བརྒྱུད་ཀྱིན་ཡོད། ང་ཚོའི་ཉེ་འཁོར་གྱི་བྱ་དངོས་ནི་ང་ཚོའི་བྱ་སྤྱོད་ལ་རག་ལས་ཡོད་”ཟེར།
སྙན་ཞུ་དེར་མཚན་རྟགས་འགོད་མཁན་ལ་༧གོང་ས་ཏཱ་ལའི་བླ་མ་དང་། ཐའེ་ཆི་ ནཱ་ཏི་ ཧཱན་(Thich Nhat Hanh) དཔལ་ཀརྨ་པ་༡༧ པ་གཙོ་བྱས་པའི་བྷང་ལ་དྷེ་ཤི་དང་ཉི་ཧོང་། ཀོ་རི་ཡ། མ་ལའེ་ཤི་ཡ། སོག་པོ། འབར་མ། ཤྲཱི་ལིངྒ། ཝི་ཏི་ནམ། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ། ཨ་རིའི་ནང་པའི་ལྷན་ཚོགས་ཀྱི་འགན་འཛིན། ཧྥ་རན་སི་ནང་པའི་ལྷན་ཚོགས་ཀྱི་འགན་འཛིན། འབྲུག་རྒྱལ་མོ་ཨ་ཤེ་སྐལ་བཟང་དབང་མོ་སོགས་ཡོད་འདུག
འཛམ་གླིང་གང་སར་ཡོད་པའི་ནང་པ་ཐེར་འབུམ་ལྷག་གི་ངོ་ཚབ་མཚོན་པའི་དབུ་ཁྲིད་ཚོས། གནམ་གཤིས་འགྱུར་ལྡོག་ཐད་ལ་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བ་དེ། གཟི་འོད་འབར་བའི་ནང་པའི་དབུ་ཁྲིད་རྣམས་མཉམ་འཛོམས་ཀྱིས་འཛམ་གླིང་ཁོར་ཡུག་སྐོར་ལ་མགྲིན་གཅིག་དབྱངས་གཅིག་བསྒྲགས་པ་ཐེངས་དང་པོ་དེ་ཡང་ཡིན།
སྙན་ཞུའི་ནང་དུ་འཛམ་གླིང་གི་ཆབ་སྲིད་དབུ་ཁྲིད་ཚོས་ཐག་ཉེ་བའི་རྒྱལ་ཁབ་ཀྱི་ཁོར་ཡུག་ལ་ཅོག་ཙེ་གྲུ་བཞིའི་མཐར་འཛོམས་ཏེ་དོན་འབྲས་ལྡན་པའི་བཀའ་གནང་དགོས་པ་དང་། འཛམ་གླིང་གི་གནམ་གཤིས་ཉིན་རེ་ལས་ཉིན་རེར་སྡུག་ཏུ་འགྲོ་བཞིན་པ་ཉེན་ཚབས་ཆེ་བའི་འགྲེལ་བརྗོད་ཀྱང་གནང་ཡོད། འཛམ་གླིང་ནང་པའི་དབུ་ཁྲིད་རྣམས་ཀྱིས་《གནམ་གཤིས་ལྗང་ཁུ་ཐེབས་རྩ་ཁང་》བརྒྱུད་ནས་ལོ་རེར་འཛམ་གླིང་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་ཆེན་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གིས་དཔལ་འབྱོར་རོགས་རམ་བྱ་རྒྱུ་ཡིན་པའི་ཁས་ལེན་ཀྱང་བྱས་ཡོད།
རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེས་”ཉིན་རེའི་མི་ཚེ་ནང་དབུགས་ཀྱི་རྒྱུ་བ་རེ་རེ་དང་། འཐུང་ཆུ། བཟའ་བཏུང་གི་རིགས་རྣམས་ལྷད་མེད་ཀྱི་འཛམ་གླིང་དང་འབྲེལ་བ་དམ་ཟབ་ཡོད་པ་དེ། ང་ཚོས་ལས་སླ་བོར་བརྗེད་འགྲོ་གི་ཡོད་”ཟེེར། “ནམ་ཞིག་ང་ཚོས་འཛམ་གླིང་ལ་སྐྱོན་ཆག་བཟོས་ན། ང་ཚོས་རང་ཉིད་ལ་སྐྱོན་ཆག་བཟོས་པ་ཡིན་” ཞེས་བཙུན་མ་ཆང་ཁཱོང་གིས་དེ་ལྟར་བཤད།
ཡང་མོ་ན་རེ་”ས་གཞི་འདི་ང་ཚོའི་ཁོར་ཡུག་ཙམ་མིན་པར། ས་གཞི་འདི་ང་ཚོའི་ཨ་མ་ཡིན། ང་ཚོ་ཚང་མ་ས་གཞི་འདིའི་བྱིས་པ་ཡིན། ང་ཚོས་ངེས་པར་དུ་སྤུན་མཆེད་ཕོ་མོ་རྣམས་འཛམ་གླིང་སྟེང་གི་མི་ཚང་ཆེན་པོ་གཅིག་ལྟར་ཕན་ཚུན་རོགས་རམ་བྱེད་དགོས། ང་ཚོས་ངེས་པར་དུ་ལས་འགུལ་སྤེལ་དགོས་པ་ལས། རང་གི་ལས་འགན་ལ་ཚོར་ཤེས་ཉམས་མི་རུང་། ང་ཚོའི་འཛམ་གླིང་དང་མི་ཕན་ཚུན་བར་བྱམས་སེམས་འཛིན་དགོས་”ཟེར།
ལས་འགུལ་འདིར་འཛམ་གླིང་གི་རྒྱལ་ཁབ་ ༣༧ ནས་ནང་པའི་ཚོགས་སྡེ་མང་པོ་ཉམས་ཞུགས་བྱེད་བཞིན་པར་མ་ཟད། ཆོས་རྒྱུད་གཞན་གྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་བཞིན་པ་རེད། སྙན་ཞུ་འདིར་སུས་རྒྱབ་སྐྱོར་བྱེད་འདོད་ཀྱང་སྒོ་ཕྱེ་ཡོད་པར་མ་ཟད། མི་གང་མང་འཛུལ་ཞུགས་བྱེད་པའི་རེ་བ་ཡང་བཅངས་ཡོད།
གནས་ཚུལ་གནང་བ་ལ་བིའ་དྲིན་ཆེ། ཡིན་ནའང་གནས་ཚུལ་ཡོང་ཁོངས་ཁ་གསལ་བཀོད་དེ་ལས་ཡིད་ཆེས་འཕེལ་ངེས་པས། ཡོང་ཁོངས་གསལ་ཆ་གནང་བར་ཞུ།
“ནམ་ཞིག་ང་ཚོས་འཛམ་གླིང་ལ་སྐྱོན་ཆག་བཟོས་ན། ང་ཚོས་རང་ཉིད་ལ་སྐྱོན་ཆག་བཟོས་པ་ཡིན་”
འདི།
“ནམ་ཞིག་ང་ཚོས་འཛམ་གླིང་ལ་སྐྱོན་ཆག་བཟོས་ན། ང་ཚོས་རང་ཉིད་ལ་སྐྱོན་ཆག་བཟོས་པ་རེད།”