ཤེས་རབ་བསྟན་དར།༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ།༽
ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞེས་གླེང་མ་ཐག་ཏུ་མི་མང་བོ་ཞིག་གི་བསམ་པར་ངོ་མཚར་བ་ཞིག་དང་།ཧ་ལས་པ་ཞིག་ཏུ་བསམ་ངེས།ཡིན་ནའང་དེ་ནི་གོ་འཛོལ་ཞིག་རེད། ནང་བསྟན་ལ་དཔལ་འབྱོར་རིག་པ་ཡོད་ལ་ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞེས་པ་དེ་རྗེས་ཀྱི་མི་སུ་ཞིག་གིས་གསར་བཟོ་བྱས་པ་ཞིག་མིན་པར་སྟོན་པ་སངས་རྒྱས་ཀྱིས་གསལ་བོར་གསུངས་ཡོད། ངས་འདི་ནས་སྟབས་བདེ་བའི་ངང་ནས་བཤད་ན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་སྤྱོད་སྟངས། དཔལ་འབྱོར་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་པའི་གཞུང་ལུགས་ཤིག་རེད། ནང་བསྟན་དུ་དེ་ལྟ་བུའི་གཞུང་ལུགས་ཁ་ཚང་ཞིག་ཡོད་མོད། སུས་ཀྱང་དེ་ལ་དོ་སྣང་མ་བྱས་པར་ད་ལྟའི་ལོག་རྟོག་ཆེན་པོ་ཞིག་སྟེ་ནང་བསྟན་ནི་དཔལ་འབྱོར་གྱི་གེགས་རྡོར་བསམ་པའི་ལྟ་བ་དེ་བྱུང་།
ལྟ་བ་ནི་དངོས་ནས་མི་ཞིག་གི་བསམ་ཚུལ་ཡིན་པས་དེ་ལ་དོན་དངོས་ཡིན་པའི་ངེས་པ་མེད་ནའང་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་ངེས། སྟབས་བདེ་བའི་ངང་ནས་བཤད་ན་ཁོ་ཚོའི་འཁྲུལ་གཞི་དེ་ནི་རབ་བྱུང་བས་རྒྱུ་ནོར་བསོག་མི་རུང་བའི་ལྟ་བ་དེས་ནང་བ་སྤྱི་ལ་སྦྱར་བའི་ནོར་འཁྲུལ་དེ་རིགས་བྱུང་། དེས་བོད་ཀྱི་སྤྱི་ཚོགས་སུ་རབ་བྱུང་བ་དང་ནང་བ་གཅིག་ཏུ་བསྲེས་ཡོད་པ་དེ་མཚོན་ལ་ནང་བསྟན་དཔལ་འབྱོར་དང་རྒྱབ་འགལ་དུ་བསམ་པའི་ལྟ་བ་དེ་མཚོན་པ་རེད། དེ་བས་ངས་ནང་བའི་གཞུང་གི་དཔལ་འབྱོར་གྱི་ལྟ་བའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་ནས་ནང་བསྟན་གྱི་དཔལ་འབྱོར་རིག་པ་འདི་ཆེད་དུ་གླེང་དགོས་བྱུང་།
ཡིན་ན་ཡང་། ད་དུང་བོད་དུ་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་འདིར་ཞིབ་འཇུག་བྱ་ཐུབ་མེད་པའི་ཁར།བོད་བརྒྱུད་ནང་བསྟན་གྱི་དགོངས་པ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ཕྱི་གླིང་དུ་ཡང་བྱུང་མེད།
བོད་མི་རིགས་ནི་ནང་བསྟན་ལ་དད་མོས་བྱེད་བཞིན་པའི་མི་རིགས་ཤིག་ཡིན་པས་ནང་བསྟན་གྱིས་བོད་རིགས་ཀྱི་ཀུན་སྤྱོད་དང་སློབ་གསོ་དཔལ་འབྱོར་བཅས་ཕྱོགས་གང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡིན་ན་ཡང་། མང་ཆེ་བ་ཞིག་གིས་ནང་བསྟན་གྱི་དཔལ་འབྱོར་ལྟ་ཚུལ་ལ་ཡང་དག་པའི་ངོས་ཟིན་ཞིག་མེད་པ་དང་། ཡང་ན་གོ་འཛོལ་མང་བོ་ཞིག་གི་དབང་གིས་ནང་བསྟན་ལ་དད་མོས་བྱེད་པ་དེས་ཁོ་རང་ཚོའི་དཔལ་འབྱོར་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་ཡོད། དེ་བས་ནང་བསྟན་གྱི་དཔལ་འབྱོར་གྱི་ལྟ་བ་དང་དཔལ་འབྱོར་གྱི་བཀོལ་སྤྱོད། དཔལ་འབྱོར་སྒྲུབ་ཐབས་སོགས་ནང་བསྟན་གྱི་དཔལ་འབྱོར་ལྟ་བ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་ནང་བསྟན་དཔལ་འབྱོར་རིག་པ་གྲུབ་ན་དེ་ཡིས་བོད་མི་རིགས་དང་བཅས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པའི་མི་རིགས་གཞན་པ་དག་གི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞིག་འབྱུང་ཐུབ་པ་རེད།
མིའི་བདེ་སྐྱིད་དང་དགེ་བ་གང་ཞིག་བསྒྲུབ་པའི་མཐུན་རྐྱེན་གཉིས་ཡོད་པ་ལས་དེ་གཉིས་ཀྱང་ཐད་ཀར་དཔལ་འབྱོར་གྱི་ནུས་པ་དང་འབྲེལ་ཡོད་ལ་ང་ཚོས་དཔལ་འབྱོར་བསྒྲུབ་པའི་དགོས་མཁོ་དང་འབྲེལ་ཡོད་པས་ང་ཚོས་སངས་རྒྱས་ཀྱི་གསུང་སྟེ་བོད་ཀྱི་བཀའ་འགྱུར་གཞིར་བཟུང་ནས་དཔལ་འབྱོར་གྱི་ངོ་བོ་དང་མི་དང་དཔལ་འབྱོར་བར་གྱི་འབྲེལ་བ། དཔལ་འབྱོར་དང་སྤྱི་ཚོགས་བར་གྱི་འབྲེལ་བ། དཔལ་འབྱོར་གྱི་ཕན་ནུས་དང་། དོན་དང་ལྡན་པའི་དཔལ་འབྱོར་དང་དོན་དང་མི་ལྡན་པའི་དཔལ་འབྱོར། དཔལ་འབྱོར་སྒྲུབ་སྟངས། དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ། དཔལ་འབྱོར་གྱི་དོན་སྙིང་བཅས་ལ་ཕྲ་ཞིང་ཞིབ་པས་དབྱེ་ཞིབ་བྱས་ནས་ཆོས་དང་མི་འགལ་ཞིང་དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་དཔལ་འབྱོར་གྱི་གཞུང་ལུགས་ཤིག་བསྐྲུན་ནས་ནང་བསྟན་ལ་དད་པའི་མང་ཚོགས་རྣམས་ཀྱི་དཔལ་འབྱོར་ཡར་སྐུལ་བྱེད་པའི་ནུས་པ་འདོན་པར་བྱེད་པ་དེ་ཡིན།
གཅིག ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ།
དཔལ་འབྱོར་དེ་མེ་འབར་བཞིན་པའི་འོབས་ཤིག་ཡིན་ནམ།ཡང་ན་དུག་སྦྲུལ་གྱི་ཚང་ལྟ་བུ་ཞིག་ཡིན། ནང་བའི་དཔལ་འབྱོར་གྱི་ལྟ་བ་ནི་འདི་ལྟ་བུ་ཞིག་མིན་ནམ་ཞེ་ན་མིན་ཏེ་གཏན་ནས་མིན་ནོ།། དེ་ནི་དཔལ་ལྡན་ཟླ་བས་གསལ་བོར་གསུངས་ཡོད་དེ། སྐྱེ་བོ་འདི་ཀུན་བདེ་ལ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ཞེས་མི་ཀུན་གྱི་བདེ་བ་འདོད་ཅིང་བདེ་བ་ནི་ལོངས་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པར་གསུངས། དེ་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པའི་རྩ་བའི་རྨང་གཞི་ཡིན།
དཔལ་འབྱོར་ནི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་འབྱུང་བའི་ཐབས་ལམ་ཞིག་ལས་བདེ་སྐྱིད་ཅིག་གཏན་ནས་མིན། ཐབས་ལམ་དེ་ཡིས་འགྲོ་བ་མིའི་རིགས་ལ་ཕན་པ་ལས་གནོད་པ་འབྱུང་མི་རུང་ལ། དེ་ལྟར་བྱུང་ན་དཔལ་འབྱོར་གྱི་དགོས་མཁོ་མ་གྲུབ་པ་ཞིག་སྟེ་དཔལ་འབྱོར་ནི་གནས་སྐབས་ཀྱི་མཐུན་རྐྱེན་ལས་མཐར་ཐུག་གི་དམིགས་ཡུལ་མིན། སྤྱིར་བྱ་བ་གང་ཞིག་བསྒྲུབ་ནའང་མཐུན་རྐྱེན་ཞིག་དགོས་པ་ལས་མཐུན་རྐྱེན་དེ་བྱ་བའི་དམིགས་ཡུལ་དུ་བརྩི་མི་རུང་། དེ་བཞིན་དུ་མི་ཚེའི་ཆེད་དུ་དཔལ་འབྱོར་བསྒྲུབ་དགོས་མོད། དཔལ་འབྱོར་མི་ཚེའི་སྙིང་བོར་འཛིན་མི་ཉན།
དཔལ་འབྱོར་དེ་སྤྱིར་ན་འཇིག་རྟེན་འདིའི་དངོས་པོ་ཞིག་སྟེ་དེ་ཡང་དངོས་པོ་གཞན་དག་དང་འདྲ་བར་བཟང་ངན་སྣ་ཚོགས་འབྱུང་མོད། དཔལ་འབྱོར་གྱིས་དགེ་བ་བསྒྲུབ་ཐུབ་ལ་མི་དགེ་བའང་བསྒྲུབ་ཐུབ། དགེ་མི་དགེ་བསྒྲུབས་པ་དེ་མཐར་གཏུགས་ན་མི་རང་ཉིད་ཀྱི་བསམ་བློར་ཐུག་པ་ལས་དཔལ་འབྱོར་ལ་ཐུག་མེད། ང་ཚོས་དཔལ་འབྱོར་བསྒྲུབ་དགོས་དོན་ནི་འཇིག་རྟེན་ལ་ཞབས་འདེགས་བསྒྲུབ་པའི་ཆེད་དང་རང་ཉིད་ལ་དགེ་བའི་ལས་ལ་འཇུག་པའི་མཐུན་རྐྱེན་གྱི་ཆེད་དུ་ཡིན། ཡིན་ནའང་གཞན་དོན་ལ་འཇུག་པའི་སྒོ་མང་བས་ཡིན་གཅིག་མིན་གཉིས་ལ་དཔལ་འབྱོར་གཙོ་བོར་འཛིན་དགོས་པ་ཞིག་གཏན་ནས་མིན་ནའང་མི་ཕལ་བ་དང་འཇིག་རྟེན་འདིར་དཔལ་འབྱོར་གྱི་གཞན་དོན་བསྒྲུབ་པ་ལ་བསྙོན་པར་མི་ནུས་པའི་ནུས་པ་ཆེན་པོ་ཞིག་གདོན་ངེས།
གཞན་ལ་ཕན་འདོགས་པའི་ནུས་པ་དེ་མཐར་གཏུགས་ན་བསམ་བློའི་ནུས་པ་ཡིན་པ་སྨོས་མ་དགོས་མོད། བསམ་བློ་ཁོ་ནས་ཕན་ཐོགས་རྒྱུ་ཤིན་ཏུ་དཀའ། མི་ཞིག་ཡིན་ན་གཞན་ལ་ཕན་འདོགས་པའི་ནུས་པ་ཞིག་གཏན་ནས་མེད་པ་མི་སྲིད་ནའང་གཞན་ལ་ཕན་འདོགས་པའི་མི་དེ་འདྲ་མང་བོ་མེད། དེ་ནི་བསམ་བློའི་སྟེང་གི་གནད་དོན་རེད། དེ་བཞིན་གཞན་ལ་ཕན་འདོགས་འདོད་པ་མང་བོ་ཡོད་ནའང་ཕན་ཐོགས་པ་དེ་འདྲ་མང་བོ་མེད། དེ་རྒྱུ་མཚན་ནི་རང་ལ་གཞན་ལ་ཕན་འདོགས་པའི་ནུས་པ་དེ་འདྲ་མེད་པའི་རྐྱེན་གྱིས་རེད། སྤྱིར་ན་མི་ཞིག་ལ་དེ་འདྲའི་སེམས་ཡོད་ཅིང་སེམས་ནས་གཞན་ལ་ཕན་འདོགས་པའི་འདོད་པ་ཡོད་ན་དེ་ནི་ཕན་བཏགས་པ་ལྟ་བུའི་ནུས་པ་ཞིག་ཡོད་དེ་དེའི་རྒྱུ་མཚན་ཡང་དེ་འདྲ་བའི་བསམ་པ་ཞིག་ཡོད་ན་གཞན་ལ་གནོད་མི་སྐྱེལ་བས་སོ།།
གཞན་ལ་གནོད་མི་སྐྱེལ་བ་འདི་ཡང་གཞན་ལ་ཕན་ཆེན་པོ་ཞིག་བཏགས་པ་རེད། སྤྱིར་བཏང་གི་མི་གཞིར་བཞག་ནས་བཤད་ན། ཁོའི་མནར་སྤྱོད་དང་ཁོའི་སྡུག་བསྔལ་མང་ཆེ་བ་ནི་དཔལ་འབྱོར་ལ་བརྟེན་ནས་བྱུང་བས་ཁོའི་དཔལ་འབྱོར་གྱི་གནས་བབས་དེ་རྒྱུ་ནོར་གྱིས་བཅོས་བསྒྱུར་བྱེད་ཐུབ་པ་ལས། བསམ་བློའི་གོ་རྟོགས་དང་གཞན་ཕན་གྱི་བསམ་བློ་ཁོ་ནས་མི་དེར་ཕན་འདོགས་པ་དཀའ་སྟེ་མི་མང་ཆེ་བའི་བསམ་བློའི་གོ་རྟོགས་དམའ་བས་རྒྱུ་ནོར་གྱི་རིན་ཐང་བསམ་བློའི་རིན་ཐང་ལས་གཙོ་བོར་འཛིན་པའི་རྐྱེན་གྱིས་རེད། དེ་བས་དཔལ་འབྱོར་བསྒྲུབ་དགོས་པ་རེད། ཡིན་ནའང་དཔལ་འབྱོར་དེ་བདེ་སྐྱིད་ཀྱི་རྐྱེན་དུ་འགྱུར་དགོས་པ་ལས་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་མི་རུང་།
མི་ཞིག་ཡིན་ན་རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་ཚེ་རིང་ནད་མེད་བདེ་དང་ལྡན་པ་ཞིག་ཡོང་དགོས་པ་ནི་ནང་བསྟན་གྱིས་མིའི་ཡོན་ཏན་ཐད་འཛིན་པའི་རེ་བ་ཡིན། དེ་ནི་མིའི་ཡོན་ཏན་ཡིན་ནའང་ནང་བསྟན་གྱི་གཞུང་ལས་མཐོ་རིས་ཀྱི་ཡོན་ཏན་དུ་བརྩིས་ནས་བཤད་ཡོད། དེ་ལས་ཡོན་ཏན་དེ་དག་ལས་འབྱོར་བ་ནི་དཔལ་འབྱོར་ཡིན། དཔལ་འབྱོར་དེ་མིའི་མཐུན་རྐྱེན་ཞིག་ཡིན་ཏེ་མིས་བྱ་བ་བཟང་བོ་སྒྲུབ་པའི་མཐུན་རྐྱེན་ཞིག་ཡིན་པ་ལས་འགྲོ་བ་མི་ལ་སྡུག་བསྔལ་སྟེར་བྱེད་ཅིག་མིན་པའི་གནད་དེ་གསལ་བོར་བཤད་འདུག ཡིན་ནའང་མི་ལ་ལ་ནི་དཔལ་འབྱོར་གྱི་དབང་དུ་གྱུར་ནས་མི་ཚེ་གང་བོར་བདེ་སྐྱིད་ཅིག་འབྱུང་བཞིན་མེད་པ་ནི་དཔལ་འབྱོར་གྱི་དགོས་པ་གོ་ལོག་པ་རེད།དེ་ལྟ་བུའི་དཔལ་འབྱོར་གྱིས་སྟོང་གསུམ་གང་ཡང་ཕན་པ་ཅི་ཡང་མེད། ང་ཚོར་དཔེར་འཇོག་གསལ་བོ་ཞིག་ཡོད་པ་ནི་ཡི་དྭགས་ཞེས་པའི་འགྲོ་བ་ཞིག་ཡོད་པ་དེ་ཡིན། དེ་ལ་རྒྱུ་ནོར་བསམ་གྱིས་མི་ཁྱབ་པ་ཡོད་རུང་ལོངས་སུ་གཏན་ནས་སྤྱོད་མི་ཐུབ་པས་ཚེ་གང་བོར་ལྟོགས་སྐོམ་འབའ་ཞིག་མྱོང་བ་རེད།
མདོར་བསྡུས་ན་དཔལ་འབྱོར་རང་ངོས་ནས་ངན་པ་དགུ་ཚང་གི་དུག་སྦྲུལ་གྱི་ཚང་ལྟ་བུ་ཞིག་མིན་ལ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་ཀྱང་གཏན་ནས་ཡིན་མི་སྲིད་མོད། བཀོལ་སྤྱོད་ཀྱི་སྟེང་ནས་བཤད་ན་ལ་ལར་ངན་པ་དགུ་ཚང་གི་དུག་སྦྲུལ་གྱི་ཚང་དུ་འགྱུར་ལ། ལ་ལར་ཕུན་སུམ་ཚོགས་པའི་ལྷ་ཡི་ལོངས་སྤྱོད་དུའང་འགྱུར། བཀོལ་སྤྱོད་ཀྱི་ངོས་ནས་དེའི་རིན་ཐང་འབྱུང་སྲིད་ལ་དེའི་ཉེས་པའང་འབྱུང་སྲིད་པ་རེད། ནང་བའི་ལུགས་ལ་དཔལ་འབྱོར་གྱི་དགོས་པ་ནི་མིའི་བདེ་སྐྱིད་དང་དགེ་བ་གང་ཞིག་བསྒྲུབ་པའི་མཐུན་རྐྱེན་གཉིས་དང་འབྲེལ་ཞིང་དེ་གཉིས་ཀྱང་ཐད་ཀར་དཔལ་འབྱོར་གྱི་ནུས་པ་དང་འབྲེལ་ཡོད་ལ་ང་ཚོས་དཔལ་འབྱོར་བསྒྲུབ་པའི་དགོས་མཁོ་དང་འབྲེལ་ཡོད།
དེ་བས་དཔལ་འབྱོར་ནི་མཐུན་རྐྱེན་ཞིག་ལས་མི་ཚེ་སྙིང་བོ་ཞིག་གཏན་ནས་མིན།ཆོས་སྒྲུབ་ན་འདྲ།འཇིག་རྟེན་སྒྲུབ་ནའང་འདྲ།གཙོ་བོ་རང་གི་ལུས་སེམས་ལ་ཕན་བདེ་ ཞིག་སྐྱེད་པར་བྱེད་པ་ལས་མི་རང་གི་སྲེད་པའི་དབང་དུ་གྱུར་ན་དཔལ་འབྱོར་དེས་རང་ལ་བདེ་སྐྱིད་བསྐྲུན་མི་ཐུབ་ཁར་སྡུག་བསྔལ་འབའ་ཞིག་འབྱུང་ངེས་རེད།
གཉིས་པ། མི་དང་དཔལ་འབྱོར།
དང་བོ། མི་སྒེར་དང་དཔལ་འབྱོར།
1 དབུལ་བོ་དང་ཕྱུག་པོ།
སྤྲང་བོ་ནི་ཚེ་འདིར་གཞན་གྱིས་བཅོམ་པ་མིན་ལ་རང་ལ་དཔལ་འབྱོར་བསྒྲུབ་འདོད་པའི་རེ་བ་མེད་པའང་མིན།རྩོལ་སྒྲུབ་བྱས་ནའང་དཔལ་འབྱོར་ལག་ཏུ་མི་ཡོང་བའམ་ཕྱུག་པོར་མི་ཆགས་པ་ནི་སྔོན་བསགས་ལས་ཀྱི་རྣམ་སྨིན་ཡིན། མི་སུ་ཡིན་རུང་ཕྱུག་པོར་ཆགས་རྒྱུ་རེ་བ་ཡོད་ཀྱང་རེ་བ་དེ་མངོན་དུ་འགྱུར་བ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་ཏེ། འཇིག་རྟེན་ན་མི་དབུལ་བོ་མང་བ་ལས་ཕྱུག་པོ་དེ་འདྲ་མེད་པ་ལ་ལྐོག་ཏུ་གྱུར་པའི་རྒྱུ་རྐྱེན་མེད་པ་ཞིག་ག་ལ་ཡིན། ནང་བ་སངས་རྒྱས་པའི་ལུགས་ལ་དེའི་རྒྱུ་རྐྱེན་དག་ལ་དབྱེ་ཞིབ་བྱས་ཡོད་ལ། ལྷག་པར་ལྐོག་ཏུ་གྱུར་པའི་རྒྱུ་རྐྱེན་ཞིག་ལྷང་ལ་འཕུད་ཡོད་པ་ནི་ལས་འབྲས་ཀྱི་འབྲེལ་བའི་ཆ་ནས་གཙོ་བོ་ཚེ་སྔོན་མར་འབྲེལ་བ་ཡོད་པ་དེ་ཡིན་ནའང་སྐྱེ་བ་འདི་ལ་འབྲེལ་བ་མེད་པ་ཞིག་གཏན་ནས་མིན།
དབུལ་བོ་ལ་ཕྱི་ནང་གི་རྐྱེན་གཉིས་ཡོད་དེ་ནང་གི་རྐྱེན་སྐྱེ་བ་སྔ་མར་སྦྱིན་གཏོང་མ་བྱས་པ་ལ་ཐུག་ཡོད་དེ་རྩ་ཤེ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སྦྱིན་པ་བཏང་བ་ལས་མ་འོངས་པ་ན་ལོངས་སྤྱོད་འབྱུང་ཞིང་ཚུལ་ཁྲིམས་སྲུང་བ་ལས་མ་འོངས་པ་ན་བདེ་བ་འབྱུང་བར་གསུངས། དེ་ཡང་ཡིན་ཏེ་འབྲས་བུ་གང་ཞིག་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་དེ་བཞིན་སྤྲང་བོ་ཡང་ཚེ་རབས་སྔོན་མར་སེར་སྣ་དང་གཞན་གྱི་རྒྱུ་ནོར་རྐུ་འཕྲོག་བྱས་པ་ལས་བྱུང་བ་ཡིན་ནའང་དེ་ནི་གཏན་ནས་བསྒྱུར་བཅོས་བྱེད་མི་ཐུབ་པ་གཏན་ནས་མིན། དེའི་རྒྱུ་རྐྱེན་དབུལ་བོར་འགྱུར་བའི་ལས་བསགས་ཡོད་ནའང་དེའི་རྣམ་སྨིན་འབྱུང་བ་ནི་མི་རང་ཉིད་ལ་ཐུག་ཡོད་དེ། མི་ནི་རང་ཉིད་ཀྱི་བདག་པོ་ཡིན་ལ་འཇིག་རྟེན་གྱི་བདག་པོ་ལས་ཆེས་གོ་གནས་མཐོ་བ་ཞིག་ཡིན་ཏེ། དེའི་གནད་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་བཅོས་བསྒྱུར་བྱེད་ཐུབ་མིན་ལ་ཐུག་ཡོད། དེ་ལ་མཆོད་སྦྱིན་དང་བསོད་ནམས་བསག་པའི་སྦྱོར་བ་གཙོ་བོར་བཟུང་ནས་རང་གི་སྔོན་གྱི་མི་དགེ་བའི་ལས་དེ་སྒྲིབ་སྦྱོང་གནད་དུ་གཟུང་འོས།
ཕྱུག་པོར་འགྱུར་བ་རང་ཉིད་ཕྱུག་པོར་ཆགས་འདོད་པ་ཞིག་ཡིན་པས་མི་ཆོག་ལ་རང་གིས་རྩོལ་སྒྲུབ་བྱས་པ་ཙམ་གྱིས་ཐོབ་པ་ཞིག་ཡིན། དེའི་རྒྱུ་རྐྱེན་དུ་མ་ཡོད་པ་ལས་གཅིག་ནི་སྔོན་བསགས་ཀྱིས་དགེ་བའི་ལས་དགོས་ལ། གཉིས་སུ་རང་ལ་ཚེ་འདིར་དགེ་བའི་ལས་གསག་དགོས། གསུམ་དུ་རང་ཉིད་ཀྱིས་དཔལ་འབྱོར་གྱི་ཆེད་དུ་རྩོལ་སྒྲུབ་བྱ་དགོས་པ་རེད། དེ་མིན་ཕྱུག་པོར་ཆགས་རྒྱུ་ཆེས་ཤིན་ཏུ་དཀའ། དེ་དག་ནི་གཤམ་དུ་བཤད་འདོད་པས་འདིར་མང་དུ་མི་བརྗོད་དོ།།
2 དཔོན་པོ་དང་དཔལ་འབྱོར།
ནང་བའི་ལུགས་ལ་དཔོན་པོར་འདུག་དགོས་པའི་དོན་ནི་འགྲོ་བ་གཞན་གྱི་དོན་བསྒྲུབ་པའི་ཆེད་དུ་ཡིན་པ་ལས་རང་དང་གཉེན་ཉེ་ལ་དཔལ་འབྱོར་བསྒྲུབ་པའི་ཆེད་དུ་མིན། ཡིན་ནའང་དཔལ་འབྱོར་ནི་གཞན་དོན་བསྒྲུབ་པའི་ཡན་ལག་ཅིག་ཡིན་པས་དཔོན་པོ་ཞིག་ཡིན་ན་འབངས་ཀྱི་བདེ་ཐབས་སུ་དམངས་ཀྱི་དཔལ་འབྱོར་བསྒྲུབ་དགོས་པ་ནི་བཤོལ་ཐབས་མེད་པ་ཞིག་ཡིན། གཞན་དོན་བསྒྲུབ་པའི་ཡན་ལག་ཅེས་པའང་རང་གིས་དཔལ་འབྱོར་ལོངས་སུ་སྤྱད་ནས་གཞན་དོན་ལ་རེམ་པ་དེ་མིན་པར་འཁོར་འབངས་ལ་དཔལ་འབྱོར་བསྒྲུབས་ནས་དེ་དག་གི་ལོངས་སྤྱོད་ལས་བདེ་བ་རོལ་ཐུབ་པར་བྱེད་པ་དེ་ཡིན། དེ་བས་དཔོན་པོ་ཆོས་པ་ཞིག་ཡིན་ནའང་ཁོ་རྒྱུ་ནོར་ལ་སྲེད་པ་ཅི་ཡང་མེད་ནའང་རྒྱུ་ནོར་མཐའ་གཅིག་ཏུ་འདོར་བྱར་འཛིན་མི་ཆོག་པ་ཡིན་ཏེ། རྒྱུ་མཚན་ནི་དཔོན་པོར་འདུག་པའི་དམིགས་ཡུལ་ནི་འབངས་ཀྱི་བདེ་སྡུག་བསམ་པའི་ཆེད་དུ་ཡིན་ལ་དཔལ་འབྱོར་ནི་དམངས་ཀྱི་བདེ་སྡུག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དཔལ་འབྱོར་མེད་ན་མཆོག་གསུམ་ལ་མཆོད་བཀུར་དང་དམན་པར་སྦྱིན་པ་གཏོང་བའི་ལས་དག་ཀྱང་འགྲུབ་ཐབས་མེད་ལ་རང་གི་འཚོ་གནས་ཀྱི་བདེ་སྐྱིད་དང་མི་ཚེའི་གཞི་རྩའི་གནད་དོན་དག་ཀྱང་གཏན་ནས་མི་འགྲུབ་པའི་ཕྱིར་རོ།།
3 ཚོང་བ་དང་དཔལ་འབྱོར།
ཚོང་བ་ནི་དཔལ་འབྱོར་གཉེར་བའི་ལས་རིགས་ཀྱི་ནང་དུ་ཆེས་དམིགས་བསལ་ཞིག་ཡིན། ནང་བའི་བསྟན་པ་ནི་བདེན་དྲང་དང་ཞི་བདེ་ཡིན་ན་ཚོང་བྱེད་པ་ནི་ནང་བའི་དགོངས་དོན་དང་མཐུན་ནམ་ཞེ་ན། དེ་ནི་གནད་ཤིན་ཏུ་ཆེ་བའི་དྲི་བ་ཞིག་སྟེ་ཚོང་བའི་ལས་རིགས་ཀྱིས་ཚོང་བྱེད་པ་དེ་ནི་ཉོ་མཁན་དང་འཚོང་མཁན་གཉིས་ཀྱི་བར་དུ་ཕན་ཚུན་གྱི་འདོད་མོས་བཞིན་བྱུང་བ་ཡིན་པས་ནང་བའི་དགོངས་དོན་དང་མི་མཐུན་པའི་དོན་ཅི་ཡང་མེད་དོ།།
ལྷག་པར་ནང་བའི་ཚོང་བའི་རིགས་ནི་བདེན་དྲང་དང་རང་གཞན་གཉིས་ལ་ཕན་སེམས་གཙོ་ཆེ་དགོས་པ་ནི་རྩ་བའི་རྨང་གཞི་ཡིན་ལ་དེའང་ཆ་རྐྱེན་བཞི་ཡོད་པའི་དང་བོ་ནི་ཉོ་བདག་ལ་ཡིད་ཆེས་པ་དང་། གཉིས་པ་ནི་ཚོང་རྫས་ལ་ཡིད་ཆེས་པ། གསུམ་པ་ནི་རང་གི་བདེན་པའི་རང་བཞིན་ལ་ཡིད་ཆེས་པ། བཞི་བ་ནི་ཉོ་བདག་དང་རང་ཉིད་བར་གྱི་འབྲེལ་བ་ལ་བརྩི་བཀུར་བྱ་རྒྱུ་དེ་ཡིན་ནོ།།
ལྷག་པར་ཤེས་དགོས་པ་ནི་གོང་གི་ཆ་རྐྱེན་དེ་དག་ནི་རང་ཉིད་ནང་བ་སངས་རྒྱས་ཡིན་པའི་རྐྱེན་གྱིས་ཡིན་ནའང་། དེ་ལས་རང་གི་དཔལ་འབྱོར་གྱི་ལས་ཀའི་དམིགས་ཡུལ་རིང་ཞིང་གཞན་གྱི་ཡིད་ཆེས་བྱེད་པའི་ཐབས་བླ་ན་མེད་པ་ཞིག་ཡིན་ནོ།། དེ་ཡང་ཡིན་ཏེ་མི་ནི་རང་གི་མིག་མདུན་ལ་བལྟ་བ་ལས་རྒྱང་རིང་ལ་མི་བལྟ་ལ་དེ་ལྟ་བུའི་བསམ་ཚུལ་དེ་ནི་གནས་སྐབས་ཀྱི་ཚོང་ལས་ལས་མིག་རྒྱང་རིང་བའི་ཚོང་ལས་མིན་ལ་ལྷག་པར་འཕྲལ་ཡུན་གཉིས་ལས་འཕྲལ་གྱི་ཁེ་ཕན་དམིགས་པ་དེས་རང་གི་ལས་རིགས་ཀྱི་མཚན་སྙན་དང་། མིང་གྲགས་ཡིད་ཆེས་རྣམས་ཤོར་ངེས་པས་རང་གིས་རྒྱལ་ཁ་ལེན་པའི་ཚོང་ལས་ཀྱི་རིགས་ཤིག་གཏན་ནས་མིན་ཏེ་ཕུགས་འདུན་གྱི་རྨང་གཞི་བོར་བས་སོ།།
དེ་བས་མིག་སྔའི་ཚོང་རའི་གནས་བབས་ནི་གཡོ་ཁྲམ་གྱིས་གྲུབ་ནའང་ནང་བའི་དཔལ་འབྱོར་རིག་པ་ལྟར་ན་དེ་ནི་མདུན་ལམ་མེད་པའི་ཚོང་ལས་སུ་བཤད་ཆོག དེ་བས་ནང་བའི་ཚོང་བ་ནི་བདེན་དྲང་གི་ཚོང་བ་དང་ཞི་བདེ་དང་དགེ་བའི་ལས་རིགས་དང་འབྲེལ་བའི་ཚོང་བ་ཞིག་ཡིན་དགོས་པའི་ཕྱིར་རོ།།
4 ཁྱིམ་པ་དང་དཔལ་འབྱོར།
དེ་ཡང་འདུལ་བའི་མདོ་ལས། ཁྱིམ་པ་གང་ཞིག་ཡིན་ནའང་དཔལ་འབྱོར་དགོས་ལ་དཔལ་འབྱོར་ནི་མི་ཚེ་བདེ་ཐབས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པས་མི་སུ་དང་སུ་ཡིན་རུང་མི་ཚེ་བདེ་ཐབས་ནི་ཤིན་ཏུ་གལ་ཆེ་བ་སྟེ་ཁྱིམ་པའི་མི་ཚེ་ལ་མེད་དུ་མི་རུང་བ་ཞིག་གོ ། ཡིན་ནའང་། ཁྱིམ་པ་དང་དཔལ་འབྱོར་བར་གྱི་འབྲེལ་བ་ནི་ལོངས་སྤྱད་བྱ་དང་ལོངས་སྤྱོད་མཁན་བར་གྱི་འབྲེལ་བ་ཡིན་ལ་འབྲེལ་བ་དེ་དོན་མཐུན་ཞིག་ཏུ་འགྱུར་བའི་ཆེད་དུ་དཔལ་འབྱོར་དེ་ནི་དངོས་པོའི་དཔལ་ཡོན་ཡིན་དགོས་པའི་རེ་བ་འདོན་བཞིན་ཡོད། རེ་བ་དེ་ནི་གཞན་གྱིས་དང་ལེན་བྱས་མིན་ལ་མ་ལྟོས་པར་འགྲོ་བ་མི་རིགས་ཀྱི་བདེ་སྐྱིད་དང་འདྲ་མཉམ།ཞི་བདེ་བཅས་ཀྱི་གཞི་རྩའི་གནད་དོན་དུ་གྱུར་ཡོད།
ཡིན་ནའང་། ནང་བའི་དཔལ་འབྱོར་གྱི་རིག་པས་དམིགས་བྱ་གཙོ་བོ་ནི་བསྟན་པའི་སྦྱིན་བདག་སྟེ་ནང་བའི་ཆོས་ལ་དད་པ་ཡོད་པའི་མི་སྐྱ་དག་ལ་དམིགས་ཡོད་དེ་བདག་ཅག་གི་སྟོན་པས་ཁོ་བོའི་སྦྱིན་བདག་དག་ནོར་གྱིས་དབུལ་བར་འགྱུར་བ་གཏན་ནས་མི་སྲིད་དོ་ཞེས་གསུངས་པ་འདིས། གཅིག་ཏུ་བསྟན་པའི་སྦྱིན་བདག་ལ་དཔལ་འབྱོར་མེད་དུ་མི་རུང་བ་དང་། གཉིས་སུ་སྟོན་པས་ཀྱང་ནང་བའི་བསྟན་པའི་སྦྱིན་བདག་དག་འབྱོར་ཕྱུག་ལྡན་པར་ཐུགས་ཁུར་གནང་བ། གསུམ་དུ་དཔལ་འབྱོར་དེ་ཡང་ནང་བསྟན་གྱི་དགོངས་དོན་བཞིན་རྩོལ་སྒྲུབ་དང་ལོངས་སྤྱད་བྱ་དགོས་པ་སོགས་ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ་ལས་གནད་མང་བོ་ཞིག་གསལ་བོར་བསྟན་ཡོད་ལ་རྒྱ་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དག་གིས་ཀྱང་བསྟན་པའི་སྦྱིན་བདག་གི་མངའ་ཐང་དར་བ་ནི་ནང་བའི་བསྟན་པ་དར་རྒྱས་སུ་འགྲོ་བའི་གནད་དོན་དང་འདྲ་བར་གལ་ཆེ་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཅིང་ང་ཚོས་རྒྱུན་དུ་ཞལ་འདོན་དུ་བྱེད་པའི་སྨོན་ལམ་དུའང་། མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ནང་བསྟན་གྱི་སྨོན་ལམ་མཐའ་དག་གི་སྙིང་བོར་བསྡུས་པ་འདི་ལས་བླ་མའི་སྐུ་ཚེ་བརྟན་པ་དང་གཅིག བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ་པ་དང་གཉིས། བསྟན་པའི་སྦྱིན་བདག་གི་མངའ་ཐང་དར་བ་དང་གསུམ་ནི་ནང་བའི་བསྟན་པ་དར་ཞིང་རྒྱས་པའི་ཆ་རྐྱེན་ཆེན་པོ་གསུམ་དུ་བགྲང་ཡོད་པ་འདིས་གསལ་བོར་ཤེས་ཐུབ།
དེ་བས་དེང་སང་འགའ་ཞིག་གི་འདོད་པ་ལྟར་ནང་བསྟན་དཔལ་འབྱོར་གྱི་གེགས་རྒྱར་འགྲོ་བཞིན་པ་ཞིག་གཏན་ནས་ཡིན་མི་སྲིད་པ་དེ་གསལ་བོར་མཚོན་ཡོད། དེ་ཡང་ཡིན་ཏེ་འཇིག་རྟེན་པའི་མི་ཕལ་བ་ཞིག་ལ་མཚོན་ན་རང་དང་གཞན་གང་གི་དབང་དུ་བྱས་ཀྱང་དཔལ་འབྱོར་ནི་མེད་དུ་མི་རུང་བ་ཞིག་རེད། དེ་དག་དཔལ་འབྱོར་བསྒྲུབ་པ་ནི་བྱང་སེམས་ལྟར་གཞན་དོན་ཁོ་ནའི་སླད་དུ་སྒྲུབ་པ་ཡང་མ་ཡིན་པར་རང་གི་བདེ་དགེ་ལེགས་ཚོགས་གཞིར་བཟུང་ནས་བསྒྲུབ་པ་ཞིག་ཡིན་ལ། མདོར་ན་དཔལ་འབྱོར་དེའི་དཔལ་འབྱོར་གྱི་ནུས་པ་ཐོན་པའི་ཆེད་དུ་ཡིན་པ་ལས་མི་དགེ་བའི་ནུས་པ་ཐོན་པའི་ཆེད་དུ་གཏན་ནས་མིན་པས་སོ།། མདོར་ན་ཁྱིམ་པའི་དཔལ་འབྱོར་བསྒྲུབ་དགོས་ལ་དཔལ་འབྱོར་སྒྲུབ་བ་པོ་དེ་ཁོའི་འོས་འགན་ཡིན་པ་ལས་འོས་འགན་དེ་ཡང་མཐར་གཏུགས་ན་རང་གི་བདེ་སྐྱིད་དང་འབྲེལ་ཡོད་པ་དེའོ།། འོས་འགན་དེ་ནི་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་གྱི་འོས་འགན་ཡིན་ལ་དེ་ལས་རང་གི་བདེ་བ་འཐོབ་དགོས་པ་ནི་དམིགས་བྱ་ཉག་གཅིག་ཡིན།
གཉིས་པ། ཆོས་ལུགས་པ་དང་དཔལ་འབྱོར།
1 དགེ་བསྙེན་དང་དཔལ་འབྱོར།
དགེ་བསྙེན་ནི་བདག་ཅག་གི་སྟོན་པའི་འཁོར་རྣམ་བཞི་ཡོད་པ་ལས་ཁྱིམ་པར་གྱུར་པའི་འཁོར་ཡིན་ལ། ཁོས་རྒྱུ་ནོར་དང་བཟའ་ཚང་སྤངས་ནས་རབ་ཏུ་བྱུང་མི་ཐུབ་ཡང་རྩ་བ་བཞི་ཁས་བླངས་ཡོད་པས་དཔལ་འབྱོར་སྒྲུབ་པ་ནི་དམ་པའི་ཆོས་ཀྱི་ཆེད་དུ་ཡིན་ལ། རང་གི་ཆེད་ཀྱང་ཡིན་ནའང་འདིར་ཆེད་དུ་ཤེས་རྒྱུ་ནི་ཁོས་ནང་བསྟན་ལ་དད་པའི་མི་དག་བཞིན་དུ་དཔལ་འབྱོར་སྒྲུབ་མི་ཆོག་པ་དེ་ཡིན་ལ་བདག་ཅག་གི་སྟོན་པས་དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་འཚོང་བ་དང་། མཚོན་ཆ་འཚོང་བ་དང་། ཆང་འཚོང་བ། དུག་འཚོང་བ། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་བཙིར་བའི་ལས་སོ། །ཞེས་གསུངས་པ་ལྟར་དགེ་བསྙེན་གྱིས་ལས་དེ་རིགས་ཀྱིས་དཔལ་འབྱོར་བསྒྲུབ་པ་གཏན་ནས་མི་རུང་། ལྷག་པར་ཁོས་དཔལ་འབྱོར་ནི་ནང་བའི་ཆོས་ལས་ཁྱིམ་པའི་དབང་དུ་བྱས་པའི་དཔལ་འབྱོར་ཡིན་ལ། ཁོ་ཚོས་རང་ཉིད་ཕྱུག་པོར་འགྱུར་བའི་རེ་བ་བཅང་ཆོག་ལ་ཁོ་ཚོས་རྒྱུ་ནོར་གྱི་ཆེད་དུ་རྩོལ་བ་བྱེད་པའི་དབང་ཆ་ཡང་ཡོད་མོད། དེ་ལ་རེ་བ་ཡང་ཤིན་ཏུ་ཆེན་པོ་ཞིག་ཡོད་དེ་ཁོས་དཔལ་འབྱོར་བསྒྲུབ་པ་ནི་དགེ་བ་དང་འདྲེས་པའི་དཔལ་འབྱོར་ཡིན་པ་ལས་མི་དགེ་བ་དང་གཏན་ནས་མ་འདྲེས་པའི་དཔལ་འབྱོར་ཞིག་ཡིན་དགོས་པས་སོ།། ཁོ་ཚོས་དཔལ་འབྱོར་གྱི་དགེ་བ་གཙོ་བོ་ཡང་མི་གཞན་ལ་ཕན་འདོགས་པ་དང་དཀོན་མཆོག་མཆོད་པའི་སླད་དུ་ཡིན་པས་མི་དགེ་བའི་ལས་བྱས་ན་ཁོང་ཚོས་དཔལ་འབྱོར་བསྒྲུབ་པའི་དམིགས་བྱ་རྩ་བ་ནས་བོར་བ་ཡིན་པས་སོ།།
2 རབ་བྱུང་བ་དང་དཔལ་འབྱོར།
རབ་བྱུང་གི་ལས་ནི་འདོད་ཆུང་ཆོག་ཤེས་དང་སྤོང་བ་དང་བསམ་གཏན་ལ་དགའ་བ་དེ་ཡིན་པས་ཁྱིམ་གྱི་འདོད་ཡོན་ལོངས་སྤྱོད་ལ་སྤང་བྱར་གཟུང་དགོས་ལ། དེ་བས་རྒྱུ་ནོར་དང་རྒྱུ་ནོར་གྱི་ཆེད་དུ་བྱ་བ་གང་ཞིག་ཀྱང་བསྒྲུབ་མི་ཆོག་པའི་བཅས་པ་མཛད་ཡོད་ལ། རྒྱུ་ནོར་གསོག་པའི་བྱ་བ་མཛད་ན་རབ་བྱུང་གི་བཅས་ཁྲིམས་མང་བོ་ཞིག་ལ་འགལ་འགྲོ དེ་བས་རབ་བྱུང་བའི་བསམ་པའི་སྒོ་དང་བསྟུན་ནས་དཔལ་འབྱོར་ནི་དུག་སྦྲུལ་གྱི་ཚང་དུ་བཤད་ཡོད་ལ། རབ་བྱུང་བ་ལ་མཚོན་ན་དེ་ནི་དངོས་གནས་དུག་སྦྲུལ་གྱི་ཚང་ཞིག་དང་མེ་མུར་གྱི་འོབས་ཤིག་ལས་མ་འདས།
རབ་བྱུང་བས་དཔལ་འབྱོར་གཉེར་མི་ཆོག་ན་ཚོང་ལ་ལྟ་སྟངས་ཇི་ལྟར་འཛིན་དགོས་སམ་ཞེ་ན། དེ་ཡང་འདུལ་བའི་མདོ་ལས་གསལ་བོར་བཤད་ཡོད་དེ་ཟོང་ལ་གཞན་དོན་དུ་ཡང་མི་བྱ་སྟེ་དཀོན་མཆོག་གསུམ་ནི་མ་གཏོགས་སོ།།ཞེས་གསུངས་པ་སྟེ་དེ་དོན་ནི་གྲྭ་བ་ཞིག་ཡིན་ཕྱིན། གཞན་གྱི་དོན་དུ་ཡང་ཚོང་བྱེད་མི་ཆོག་ལ་སངས་རྒྱས་ཆོས་དགེ་འདུན་བཅས་ཀྱི་དོན་དུ་ཆོག་པ་དམིགས་བསལ་གྱིས་བསྟན་ཡོད། དེ་བས་དགེ་འདུན་གྱི་དོན་དུ་ཚོང་བརྒྱག་པའམ་དཔལ་འབྱོར་གྱི་ཐབས་གཉེར་ན་ཆོག་པ་ལས་གཞན་སུ་གང་གི་ཆེད་དུའང་མི་ཆོག་པ་སྟེ་གསལ་བོར་བཤད་ན། དགོན་པའི་དོན་དུ་ཚོང་བརྒྱབ་ཆོག་པ་ལས་བླ་མ་གྲྭ་བ་སུས་ཀྱང་ཚོང་བརྒྱབས་ཏེ་རང་དོན་ནམ་གཞན་སུ་ཞིག་གི་ཆེད་དུའང་མི་ཆོག་ལ། དཔལ་འབྱོར་གཉེར་བའི་ལས་ཀ་གང་ཞིག་ཀྱང་གཏན་ནས་བྱེད་མི་ཆོག་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསལ་བོར་གསུངས་འདུག་པ་དེ་རེད།
3 ཐེག་དམན་དང་དཔལ་འབྱོར།
ཐེག་དམན་ཞེས་པ་ནི་ལམ་དུ་ཞུགས་པའི་ཉན་ཐོས་དང་། རང་རྒྱལ་གཉིས་ཡིན་ལ་དེ་གཉིས་ལ་ངེས་འབྱུང་ཡོད་པས་རྒྱུ་ནོར་ཐམས་ཅད་གཅན་གཟན་གྱི་མདུན་དུ་རྩྭ་སྤུངས་པ་ལྟ་བུའི་བསམ་པའི་ཚད་ལ་སླེབས་ཡོད་པས་རྒྱུ་ནོར་ལ་སྲེད་པ་ཅི་ཡང་མེད་ན་ཡང་། རྒྱུ་ནོར་གཏན་ནས་དོན་དུ་མི་གཉེར་བ་ཞིག་མིན་ཏེ་སྐྱེས་བུ་ཆེ་འབྲིང་གཉིས་ཀས་སྲིད་པ་ཐམས་ཅད་མེ་འབར་བའི་འོབས་ལྟར་རྟོགས་ཀྱང་ཐར་བ་འཐོབ་པ་ལ་སྐྱེ་བ་དུ་མ་བརྒྱུད་དགོས་པས་སྲིད་པའི་ཕུན་ཚོགས་དོན་དུ་གཉེར་བའི་ཕྱིར་ཏེ། དཔེར་ན་སྨན་གྱི་ནང་གི་རྫས་འགའ་ཞིག་ལ་སྐྱུག་ལོག་ཀྱང་ནད་ཞི་བའི་ཆེད་དུ་དོན་དུ་གཉེར་བ་བཞིན་ཡིན་ཞེས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལས་གསལ་བོར་གསུངས་པས་སོ།།
དེ་བས་དེ་གཉིས་ཀྱི་དཔལ་འབྱོར་གྱི་དགོས་མཁོ་ནི་ཕྱུག་པོ་གཏེར་བདག་ཏུ་འགྱུར་བ་དེ་མ་ཡིན་པར་མི་རང་ཉིད་འཚོ་བའི་མཐུན་རྐྱེན་ཞིག་ཏུ་འགྱུར་བ་དང་དོན་བཟང་བོ་བསྒྲུབ་པའི་མཐུན་རྐྱེན་བཟང་བོ་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན། དེ་ནི་མཐར་ཐུག་གི་ཆེད་དུ་གནས་སྐབས་དོན་དུ་གཉེར་བ་ཞིག་རེད་ལ་མི་སུ་ཡིན་རུང་གནས་སྐབས་ཀྱི་དོན་དུ་གཉེར་བྱ་དེ་མཐར་གཏུགས་གི་ཆེད་ཡིན་པ་དེ་ཤེས་དགོས་པ་ལས། མཐར་ཐུག་དང་གཏན་ནས་མ་འབྲེལ་བར་དཔལ་འབྱོར་ལ་རྩོལ་སྒྲུབ་བྱས་ན་དེ་ནི་རང་གི་དོན་དག་མང་བོ་ཞིག་མི་འགྲུབ་པའི་ཁར་རང་ཉིད་ཀྱི་མི་ཚེ་གོ་འཛོལ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ། ཡིན་ནའང་བསམ་པའི་ཐད་ནས་རང་གི་སྤང་བྱར་འཛིན་པ་དང་གནས་སྐབས་ཀྱི་མཐུན་རྐྱེན་ཞིག་ཏུ་འཛིན་པ་ལ་འགལ་བ་ཅི་ཡང་མེད་དེ་རང་གི་བསམ་དོན་འགྲུབ་དཀའ་བའི་གནད་ཀྱང་ཁོའི་ཁོར་ཡུག་དང་དངོས་པོའི་མཐུན་རྐྱེན་དང་འབྲལ་ཐབས་མེད་པའི་གནད་དེ་གསལ་བོར་མཚོན་པ་རེད།
4 ཐེག་ཆེན་དང་དཔལ་འབྱོར།
འདིར་བཤད་པའི་ཐེག་ཆེན་ཞེས་པ་ནི་ཐད་ཀར་བྱང་ཆུབ་སེམས་དཔར་གོ་དགོས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གཞན་དོན་གྱི་ཆེད་དུ་དཔལ་འབྱོར་དོན་དུ་གཉེར་བ་ཡིན་ལ་དེས་དེ་ལྟར་དོན་དུ་གཉེར་དོན་ཡང་ཁོང་རང་གི་སེམས་པའི་ཐད་ནས་དཔལ་འབྱོར་ལ་ཚོད་འཛིན་བྱེད་ཐུབ་པའི་རྐྱེན་གྱིས་ཡིན་མོད། ཡིན་ནའང་དེ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པའི་དབང་དུ་བྱས་ནས་བཤད་ཀྱི་བྱང་སེམས་རབ་བྱུང་ལ་སྦྱོར་མི་རུང་སྟེ། བྱང་སེམས་རབ་བྱུང་བས་རང་གི་སེམས་ལ་ཚོད་འཛིན་བྱ་ཐུབ་ཀྱང་གཞན་དོན་དུའང་དཔལ་འབྱོར་དོན་དུ་གཉེར་མི་འོས་ཏེ། དབུ་མ་འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །དེ་བཞིན་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །ཞེས་དེ་བཞིན་གཤེགས་པས་ཁྱིམ་པའི་བྱ་བར་བསྔགས་པ་ལས་རབ་བྱུང་ལ་མ་བསྔགས་པའི་ཕྱིར། དེ་ལ་དོན་གྱི་གནད་ཤིན་ཏུ་ཆེ་སྟེ་རབ་བྱུང་བའི་བྱ་བ་ནི་ཆོས་ཀྱི་སྦྱིན་པ་དང་མི་འཇིགས་པའི་སྦྱིན་པ་སྟེ་དེང་སང་གི་སྐད་ཆས་བཤད་ན་གཞན་གྱི་རྨོངས་པ་སེལ་བ་དང་གཞན་གྱི་སྲོག་སྐྱོབ་དེ་ཡིན་ལ། བྱང་སེམས་ཁྱིམ་པའི་ལས་ཀ་ནི་རྒྱུ་ནོར་བསགས་ནས་གཞན་དོན་བསྒྲུབ་རྒྱུ་དེ་རེད། དེའི་གནད་ཀྱང་རང་གི་ལས་རིགས་དང་འབྲེལ་ཡོད་པ་སྨོས་མེད་ཡིན་ལ་དེང་གི་སྐད་ཆས་བཤད་ན་རང་གི་ཆེད་ལས་རེད།
བྱང་ཆུབ་སེམས་དཔའི་དཔལ་འབྱོར་གྱི་ཐད་དུ་གཞུང་ལུགས་ཤིག་ཡོད་པ་ནི་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་རེད། དེ་གཉིས་བྱང་སེམས་རབ་ཏུ་བྱུང་བ་ཡིན་མིན་གཉིས་ཀའི་བསྒྲུབ་བྱ་ཡིན། དེ་ལྟ་ཡང་གོང་དུ་བཤད་པ་དང་འགལ་བ་མེད་དེ་བྱང་སེམས་རབ་ཏུ་བྱུང་བས་རྒྱུ་ནོར་ལ་རྩོལ་སྒྲུབ་བྱས་མི་ཆོག་པ་མ་གཏོགས། རང་ལ་ནོར་ཡོད་བཞིན་དུ་སྦྱིན་པ་གཏོང་མི་ཆོག་པ་ཞིག་གཏན་ནས་མིན་ལ། རང་ལ་རྒྱུ་ནོར་ཡོད་ན་ངེས་པར་དུ་སྦྱིན་པ་གཏོང་དགོས་པ་ཡིན་ཏེ། ཕར་ཕྱིན་དྲུག་ལས་སྦྱིན་པའི་ཕར་ཕྱིན་ནི་གཏོང་བའི་སེམས་པ་ལ་སྦྱོང་བ་དེ་ཡིན་ལ་དེ་ཡང་གང་བྱུང་བྱུང་སྦྱིན་པ་དེ་མ་ཡིན་པར་གཞན་ལ་ཕན་ཐོགས་པའི་དངོས་པོ་དག་སྦྱིན་པ་གཏོང་བ་དེ་ཡིན། གཞན་ལ་ཕན་མི་ཐོགས་ཤིང་གཞན་ལ་གནོད་སྐྱེལ་བའི་མཚོན་ཆ་དང་དུག་གི་རིགས་སྦྱིན་གཏན་ནས་མི་རུང་ངོ་།། བསྡུ་བའི་དངོས་པོ་བཞི་ནི་གདུལ་བྱ་ལ་ཕན་ཐོགས་པ་དང་དེ་རང་གི་འདུལ་སྐལ་ཅན་དུ་བྱེད་པའི་ཆེད་དུ་ཡིན་ནོ།།
མདོར་ན་བྱང་ཆུབ་སེམས་དཔའི་དཔལ་འབྱོར་ནི་གཞན་ལ་ཕན་གདག་པའི་ཆེད་དུ་ཡིན་ལ་སྟབས་བདེ་བའི་སྒོ་ནས་བཤད་ན་གཞན་གྱི་དཔལ་འབྱོར་ཡིན། གཞན་གྱི་དཔལ་འབྱོར་ཟེར་བ་ནི་དམིགས་བྱ་དང་དགོས་པ་བཅས་ཕྱོགས་གང་ཐད་ནས་ཀྱང་གཞན་ལས་རང་ལ་དམིགས་མེད་པ་དེ་ཡིན་མོད་གཞན་དོན་འགྲུབ་པས་ན་རང་གི་དོན་ཡང་ཞོར་ལ་འགྲུབ་པ་ཡིན་ནོ།། ད་དུང་གསལ་བོར་བཤད་ན་དཔལ་འབྱོར་དེ་རིགས་ནི་དགེ་བའི་མཐུན་རྐྱེན་དུ་འགྱུར་བའི་དཔལ་འབྱོར་ཡིན་པ་ལས། མི་དགེ་བའི་མཐུན་རྐྱེན་དུ་འགྱུར་བའི་དཔལ་འབྱོར་ཡིན་ན་བྱང་སེམས་ཀྱིས་དཔལ་འབྱོར་སྒྲུབ་པའི་དགོས་པ་མ་གྲུབ་པ་ཡིན་ལ་དཔལ་འབྱོར་དེས་སྦྱིན་པའི་དགོས་པའང་མ་གྲུབ་པ་ཡིན་ནོ།།
ད་ཅུང་ཙམ་ཞིག་ནས་ནང་བསྟན་དམག་དོན་རིག་པ་ཞེས་པ་ཞིག་ཀྱང་ཡོད་འགྲོ་རྒྱུ་རེད།
གླིང་ཁྱོད་བདེན། ནང་བསྟན་གྱི་དམག་དོན་རིག་པའི་བྱུང་རབས་མང་དུ་ཡོད་པ་རེད། དེ་ཚོ་ཡར་ཀློག་བྱས་ན་ངོ་ཚ་རྒྱུ་ལས་མེད། དེ་ལས་དེ་ཚོ་མ་གླེང་ན་དགའ་བསམ།
ནང་བསྟན་གྱི་དཔལ་འབྱོར་རིག་པའི་སྐོར་ལ་འགྲེལ་བཤད་ཡག་པོ་གསུང་འདུག་རྗེས་སུ་ཡི་རངས་ཡོད། ད་དུང་ཞིབ་ཚགས་པོ་དང་རྒྱུ་མཚན་ཁུངས་བཙན་པ་མང་པོ་བཀོད་གནང་ཐུབ་ན་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་ཚེ་འདི་བློས་གཏོང་དགོས་ཞེས་ཇོ་བོའི་གསུང་དེ་ལ་གོ་བ་ལོག་ནས་ཆོས་བྱེད་ན་ཚེ་འདིའི་དཔལ་འབྱོར་དང་ཚེ་འདིའི་ཡོད་ཚད་སྤོང་དགོས་པར་དོགས་པའི་བབས་ཆགས་ངན་པ་ཐུག་པོ་ཞིག་ཡོད་པ་དེ་སྲབ་རུ་གཏོང་བར་ཕན་ཐོགས་ཆེ། ད་དུང་ང་ཚོས་ཆོས་དང་འཇིག་རྟེན་ཆོས་བརྒྱད་གཉིས་འགལ་བས་ཆོས་དང་འཇིག་རྟེན་གཉིས་འགལ་བར་བསམས་པ། ཆོས་དང་ནག་པོའི་ཆབ་སྲིད་གཉིས་འགལ་བས་ཆོས་སྲིད་གཉིས་འགལ་བར་དོགས་པ་སོགས་ཀྱི་ནོར་འཁྲུལ་ཆེས་མང་བོ་ཡོད་པ་མ་ཟད། དེ་ལྟར་མང་ཚོགས་ལ་བཤད་ཡ་མང་དྲགས་ནས་མི་དམངས་བྱིངས་ཀྱིས་ཀྱང་དེ་ལྟར་ཡིན་ཤག་བྱེད་ཀྱིན་ཡོད། མ་ཟད་གང་ཟག་དགོས་བཙན་དང་བསྟན་པ་སྤྱི་བཙན་གྱི་གནས་བབས་ནོར་བ་ཧ་ཅང་མང་པོ་འདུག། དཔེར་ན་རི་ཁྲོད་དུ་ཉིན་རེར་བཞིན་འཆི་བ་མི་རྟག་ཉམས་ལེན་གནང་མཁན་ཞིག་གིས་དེ་རིང་གི་དུས་ལ་སང་ཞོགས་ཀྱི་བཟའ་བཏུང་ཡང་འཚོལ་སྒྲིག་མི་བྱེད་པའི་གནས་སྟངས་སོགས་མི་དམངས་བྱིངས་ལ་བསླབ་སྟོན་ཤུགས་ཆེར་གནང་བའི་བབས་ཆགས་ཀྱིས་མི་དམངས་བྱིངས་ནས་དཔལ་འབྱོར་འཚོལ་སྒྲུབ་མི་བྱེད་པར་ཕྲུ་གུ་ལ་སློབ་གྲྭ་དང་སློབ་སྦྱོང་གི་གོ་སྐབས་མི་ཐོབ་པ་སོགས་ཉེན་ཁ་དེ་འདྲ་ཡང་འབྱུང་བཞིན་ཡོད། མདོར་ན་དེ་ཚོ་ཚང་མ་ནང་བའི་ཆོས་ཀྱི་སྐྱོན་མིན་པར་ཆོས་ཉམས་ལེན་གནང་མཁན་གང་ཟག་གི་སྐྱོན་ཡིན། ནང་བའི་ཆོས་ནི་མཚན་ཉིད་རིག་པའི་ཆོས་ཞིག་ཡིན་ལ་བློ་རབ་འབྲིང་ཐ་མ་སུ་ཞིག་གིས་ཉམས་ལེན་གནང་ཡང་འགལ་འདུ་ཞིག་མེད། དེར་བརྟེན་མཚན་ཉིད་རིག་པའི་ཆོས་དང་ཚན་རིག་གི་ཆོས་ཞེས་གོ་ལ་འདིའི་སྟེང་ལྷ་ཡི་རྔ་བཞིན་གྲགས་བཞིན་ཡོད།།
ཁ་བདེ་ཆེ་ན་གང་བཤད་རེད། ལྟོག་འདུན་ཅན་གྱིས་གང་ཟོས་རེད། ཟེར་བ་ལྟར་རེད་ནང་བསྟན་དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། དམག་དོན་རིག་པ། སྙན་གྲགས་རིག་པ། རང་ཁེ་གཞན་ཕམ་རིག་པ་སོགས་གང་འགྲེལ་འགྲེལ་རེད་འདུག་ག།
ནང་དོན་གཞུང་ལུགས་རྒྱ་མཚོའི་ནང་།།
ཀླད་ཆུང་སྦལ་པའི་རྣ་ཐོས་ལ།།
དཔལ་འབྱོར་རིག་པའི་ཐ་སྙད་ཙམ།།
གོ་ནས་བོང་སྐད་བཞིན་དུ་སྒྲོགས།།
གནའ་ནས་ད་བར་ཤཱཀྱའི་ཆོས་ལུགས་ནང་།།
བསོད་སྙོམས་ལྷུང་བཟོད་བསྣམས་ནས་ཕེབས་ཚུལ་དང།།
སྦྱིན་བདག་དད་ཞེན་ཅན་ཚོས་འབུལ་ལུགས་སོགས།།
བོན་རྒན་ཁྱོད་ཀྱི་རྣ་ལམ་མ་ཐོས་སམ།།
ནང་བསྟན་ཆོས་ལུགས་ནང་ནོར་ལྷ་བརྟེན་ནས་རྒྱུ་ནོར་སྒྲུབ་ལུགས་ཀྱི་ཆོ་ག་དེ་འདྲ་ཡོད་པ་མ་རེད་པས། འདི་དཔལ་འབྱོར་རིག་པའི་ཁོངས་སུ་བཞག་ན་མ་འགྲིགས་པ་ཅང་ཨེ་ཡོད། ཧ་ཧ། ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་དེེང་རབས་ཅན་ལ་འགྱུར་ནས་བླ་ཆེན་བླ་ཆུང་། མཁན་ཆེན་མཁན་ཆུང་། དགེ་བཤེས་དགེ་བཤེས་མ་སོགས་མདོར་ན་མགོ་རིལ་ཡོད་ཚད་ནུབ་ཕྱོགས་དང་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱ་རིགས་གནས་སྡོད་ཆེ་སའི་ཡུལ་གྲུ་དག་དུ་མཛད་འཕྲིན་རྒྱས་བཞིན་པ་མ་ཟད། དབང་ལུང་མན་ངག་གི་གདམས་ངག་ཡོད་ཚད་མགོ་སེར་དང་རྒྱ་ཕོ་རྒྱ་མོ་དེ་ཚོའི་སྟེང་དུ་ཆར་པ་འབེབས་འབེབས་དེས་ནང་བསྟན་ཆོས་ལུགས་འདི་དཀའ་བ་ཆེར་མི་དགོས་པའི་དཔལ་འབྱོར་རིག་པ་རྩེ་གྲས་སུ་སླེབས་འདུག།
ད་དུང་ནང་བསྟན་ཆོས་ལུགས་ནང་ཕུན་ཚོགས་སྡེ་བཞི་ཞེས་པ་དཔལ་འབྱོར་རིག་པའི་གཞུང་ལུགས་ཞིག་ཡོད་པ་མ་རེད་པས།
འཛམ་ལྷ་སོགས་ནོར་བདག་སྒྲུབ་པ་དཔལ་འབྱོར་རིག་པ། སྲུང་ཟློག་བསད་གསུམ་གྱི་ཆ་ལག་རྣམས་ལ་ག་རེའི་རིག་པ་འབོད་དགོས་སམ། ད་དུང་སྦྱིན་སྲེག ཚེ་སྒྲུབ། མཐུ་སྒྲུབ། ཤེས་རབ་སྒྲུབ་པ། སྲིད་སྤེལ། སྲིའུ་གསོ་བ། རྟ་ནོར་གཡག་གཟུངས། རྐང་མགྱོགས། བླ་འགུག ནད་སྲུང་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པས་འདི་རྣམས་ལ་རིག་པ་ཞེས་པའི་མིང་རེ་འདོགས་ན་ག་འདྲ་འདུག
ཧ་ཧ། ཆོ་ག་འདི་ཚོ་རིག་པས་སྒྲུབ་པ་ཞིག་མིན་ན་ཅི་རེད། འོ་སྟེར་བཏོན་འདྲ་ནི་ཡིན་རྒྱུ་མ་རེད་པཱ།
མྱི་དཀར་ལགས།
ཁྱེད་ཀྱིས་གསུངས་པ་ལ་བདེན་ཁ་འདུག་མ་གཞི་དེ་ཚོ་་་་མེ་ཏོག་དཀར་པོ་་་་ཟེར་བའི་་་་བྱི་ན་ཡ་ཀ་་་་དེ་ལ་དྲིས་དང་ཁོས་ཤེས་ལེ་རེད། །
བྱས་ཙང་ཆོ་ག་འདི་ཚོ་ལྷ་ཆོས་རིང་ལུགས་ཀྱི་དཔལ་འབྱོར་ཡོང་སྒོ་ཡོད་ན་མེད་ན་གཅིག་མ་རེད་པས། ཡིད་མི་ཆེས་ན་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ཐེ་ཝན་གཙོ་བོར་གྱུར་པའི་རྒྱུ་རིགས་འདུས་སྡོད་ཡུལ་གྲུ་ཁག་ལ་ཆོ་ཁ་འདི་ཚོར་བརྟེན་ནས་གཅིག་ལས་གཅིག་རྫིག་ཉམས་དོད་པ་བྱུང་བ་ཞིག་ཕལ་ཆེར་རེད། དེ་མིན་མགོ་སེར་ཚོར་ཆོ་ག་འདི་ཚོ་འགྲོ་ཁུངས་མེད་པ་རེད་ལ། ལར་ནས་མགོ་སེར་ཚོའི་ལག་པ་དཀར་པོ་དེ་ཡང་དམ་སེའེ་ཡོད་པ་རེད་ད། བྱས་ཙང་ཆོ་ག་འདི་ཚོ་བོད་བརྒྱུད་ནང་བསྟན་ལྷ་ཆོས་རིང་ལུགས་པའི་དཔལ་འབྱོར་རིག་པ་ཡོད་ན་མེད་ན་གཅིག་མི་འདུག་གས?
མྱི་འདི་ཚོར་མིག་སེར་ཚ་བ་ལ། འབུལ་ནི་ཞིག་གིས་འབུལ་བས་ཚོན་པོར་ཆགས་ན། དེ་ལ་སྐྱོན་ག་རེ་ཡོད་པ་རེད། ཁྱད་མཚར། དེ་ན་དད་ལྡན་ཆོས་ཞུ་བ་ཡོད་དོ་ཅག་གི་ལག་པ་གཅོད་དགོས་བ་རེད་དམ། དེ་མིན་ཆོས་པའི་ལག་པ་བཅད་རུང་། འབུལ་བ་བོས་འབུལ་རྐྱང་བྱེད་རྒྱུ་རེད། མང་ཚོགས་ཀྱི་དཔལ་འབྱོར་ཅི་ཙམ་རྒྱས་ན། དེ་ཙམ་གྱིས་བླ་མ་དང་ཆོས་བ་ལ་ཆོས་ཡོན་རག་རྒྱུ་རེད། འགྲམ་ཆུ་ཤོར་བ་ལས་སོ་སོ་ཆོས་ལ་ཞུགས་ན་ཡག་ཤོས་རེད། གོ་སྐབས་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱིས་གནང་ཡོད་པ་རེད་ཟེར།
ལྟོག་སྐོམ་སྡུག་བསྔལ་དང་བྲལ་བའི། །
ཟས་གོས་གནས་མལ་མི་ལ་དགོས། །
ནད་མནར་རྒས་གཅོང་ལ་ཕན་པའི། །
སྨན་བཅོས་འཕྲོད་བསྟེན་མི་ལ་དགོས། །
མིག་སེར་ཚ་བ་མ་རེད། མིག་ཆུ་ཤོར་དགོས་པ་རེད། དཀོར་རྫས་ཀྱི་འབྲས་བུ་ཇི་ལྟར་འབྱུང་རྒྱུ་རེད། ལར་ནས་སྐབས་ཀྱི་བཤད་བྱ་ནང་བསྟན་ཆོས་ལུགས་འདི་ཕྱི་རྒྱལ་ཁག་ལ་དེང་རབས་ཅན་གྱི་འགྲོ་རྒྱུགས་ཆེ་བའི་ཚོང་རྫས་ཡོད་ན་མེད་ན་ཅིག་རེད་ལ། རྩོམ་པ་པོས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་དཔལ་འབྱོར་རིག་པ་བཤད་པ་དེས་དོན་དངོས་འདི་འདྲ་ལ་ཟེར་ཡིན་རྒྱུ་རེད་སྙམ། དེ་ལྟ་བས་ན་བོད་ཀྱི་མི་ཆོས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་དཔེ་དེབ་ན་ཀྱོག་གཅིག་མེད་ན་ཡང་ལྷ་ཆོས་རིག་པའི་གཞུང་ལུགས་ཀྱི་དཔེ་དེབ་ཁྲི་ཕྲག་འབུམ་འབུམ་ཕྲག་དེ་ཚོའི་ནང་དཔལ་འབྱོར་རིག་པ་ཏོག་ཙམ་མེད་ན་ངོ་ཡང་ཚ། རྒྱུ་མཚན་ལྷ་ཆོས་རིང་ལུགས་ཀྱི་བླ་མ་གྲྭ་པ་ཡོད་ཚད་གཅིག་ཀྱང་མ་ལུས་པ་ཚང་མ་ཁ་དང་ལྟོ་བ་མི་སྤྱི་མཚུངས་ལྟར་ཡོད་མཁན་རྐྱང་ཡིན་པས་ཕྱིར།
དཔལ་འབྱོར་མེད་ན་འཚོ་གནས་མི་ཐུབ། འཚོ་བ་མེད་ན་རོ་ལས་ཅི།
དམག་དོན་རིག་པ་ཡོད་ལོས་ཆོག ལོ་རྒྱུས་ཐོག་གྲྭ་དམག་བྱུང་ཚུལ་དང། བསྟན་སྲིད་དྭངས་བླང་དམག་དཔུང་ཡང་བཙུགས་འདུག་ག དཔལ་ལྡན་ལྷ་མོ་མ་གཞི་ནས་དམག་དཔོན་ཞིག་མ་རེད་དམ། དམག་གི་ལས་ནི་དྲག་འདུལ་ཡིན། ཞི་རྒྱས་དབང་དྲག་བཞིས་བསྟན་འགྲོ་སྐྱོང་ཚུལ་ཧ་ཅང་རྒྱས་པར་ཡོད་པ་རེད།
རེད་ཡ། བདེན་ནོ། དཔལ་ལྡན་ལྷ་མོ་དམག་དཔོན་ཨེ་རེད། ཁོང་གི་དམག་ཁང་ག་པར་ཡོད་པ་རེད། ཁོང་གིས་དམག་སྣེ་དྲངས་ནས་སུ་ལ་དམག་བརྒྱབས་པ་རེད། ལོ་རྒྱུས་ཐོག་ཁོང་གིས་དམག་དཔོན་བྱས་ཏེས་དམག་སྣེ་དྲངས་པ་ཞིག་ཁྱོན་ནས་མཐོང་མ་སོང་། ལྷག་པར་དུ་བོད་སྐྱོད་བཅིངས་གྲོལ་དམག་བོད་ལ་སླེབས་དུས་དཔལ་ལྷན་ལྷ་མོའི་དམག་མགོ་བོ་རྡོག་རྡོག་མཇུག་མ་རིབ་རིབ་མཐོང་རྒྱུ་མི་འདུག་ཟེར་གྱི་འདུག་ག། ཧ་ཧ།
ཁུངས་ལུང་མེད་པའི་གཏམ་འཆལ་རང་རེད། ཤེས་རབ་བསྟན་དར་ཟེར་བ་འདི་རྒྱ་དགའ་དང་། གྲུབ་མཐའི་ཕྱོགས་ཞེན་གྱིས་བཟི་བསྡད་ཡོད་མཁན་ཞིག་ཡིན་པ་ཁོ་རང་གི་རྩོམ་འཆལ་དག་ལས་རྟོགས་ནུས།
འབྱུང་བ་དགྲར་ལང་ས་བཅུད་ཉམས་པའི་ཚེཿ
སེམས་ཅན་མུ་གེའི་ནད་ཀྱིས་ཟིན་པ་ནཿ
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ
ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅསཿ
དབུལ་ཕོངས་དཀྲེས་སྐོམ་སེལ་བར་ཐེ་ཚོམ་མེདཿ