ལྷ་རུའི་བུ།
ཉེ་ཆར་ཕྱི་ལོ་༢༠༡༨ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་པའི་ལས་ཉིན་དགུ་པའི་ཚོགས་ཐུན་དང་པོའི་མཇུག་ཙམ་ལ། ཆེས་བཀུར་བར་འོས་པའི་གྲོས་ཚོགས་ཀྱི་འཐུས་མི་བློ་བཟང་ཆོས་འབྱོར་ལགས་ཀྱིས། ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ། ཉེ་སྔོན་ཕྱི་ཟླ་༠༣ཚེས་༠༨ལ་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་སུ་གྲགས་པའི་དུས་བབ་གསར་ཁང་གི་དྲ་གནས་ཐོག བདག་གི་བརྩམས་ཆོས་༼ནང་སྲིད་བཀའ་བློན་ལགས། དྲི་བ་ཞིག་ཡོད།༽ ཅེས་པའི་ནང་དོན་དང་འབྲེལ་ནས་བཀའ་འདྲི་ཞིག་གནང་སོང་ཡང་། དཔལ་ལྡན་བཀའ་བློན་མཆོག་གི་བཀའ་ལན་དང་། བདག་གིས་བརྗོད་འདོད་པའི་སྐད་ཆ་གཉིས་བར་རབ་རིབ་དང་ཁ་གསལ་མེད་པ། ད་དུང་འབྲེལ་ཆགས་གཞིས་ཆགས་སུ་དཔལ་ལྡན་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་སྲ་བརྟན་གྱི་ཡང་དག་པའི་སྲིད་བྱུས་ལ་གེགས་བར་བློ་ཡུལ་ལ་གཤོང་དཀའ་བ་ཞིག་འབྱུང་འགྱུར་གྱི་དུས་ཡུན་ནང་ཡོང་མི་སྲིད་པ་མི་འདུག་པས། བློས་གང་ཐུབ་གཞིའི་གནས་ཚུལ་ཇི་ལྟ་བ་གང་ཡིན་པ་དེ་ཉིད་བརྗོད་འདོད་ཀྱི་བསམ་པ་སྲབ་མེད་གྱི་ལིང་རྟ་ཕོ་བཞིན་སྨྲ་སྒོ་ནས་འདི་ལྟར་ཐལ་བར་འགྱུར་སོང་ངོ།
སྔུན་མའི་སྲིད་བྱུས་ལས་གསར་བ་མིན་འདུག
དུས་ཀྱི་འཕེལ་ཕྱོགས་དང་ཕྱོགས་མཚུངས་པའི་སྲིད་བྱུས་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་མཆིས་སོ་ཅོག་གིས་ཐབས་འཚོལ་ལག་བསྟར་དགོས་པ་ནི་བརྗོད་ག་ལ་དགོས། དཔལ་ལྡན་གྲོས་ཚོགས་ཀྱི་འཐུས་མི་ཁོང་གིས་བཀའ་བརྩེད་གནང་བའི་དྲི་བ་དེ་ནི། དེང་ལ་དྭགས་ཀྱི་གཞིས་ཆགས་འདི་སྔར་བཞིན་སྲ་བརྟན་འཐུབ་མིན་དང་འབྲེལ་བའི་གནད་དོན་གལ་འགངས་ཅན་ཞིག་ཡིན། དེར་བཀའ་ཤག་གིས་ཡོད་བཞིན་པའི་དཀའ་ངལ་ལ་སྲིད་བྱུས་གསར་བ་གང་ཡང་མ་མཐོང་། དུས་ཡུན་སྐར་མ་ལྔ་ཙམ་རིང་དྲི་བར་བཀའ་ལན་ཕེབས་ཡོད་ཀྱང་། དོན་གྱི་གནད་རྣམས་མདོར་བསྡུས་ན། སྨྲ་བ་ཟླ་མེད་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་གཞིས་ཆགས་སྲ་བརྟན་དང་འབྲེལ་བའི་སྲིད་བྱུས་ཀྱི་རྒྱ་ལས་སོར་གང་ཙམ་ཡང་ཡར་རྒྱས་མེད་པ་ཞིག་རེད་གདའ། ས་ཞིང་ཉོ་བཙོང་མི་ཆོག་པ་དང་། ཉོས་ན་མ་འོངས་པར་དབུས་དང་མངའ་སྡེའི་ཁྲིམས་སྲོལ་འོག་མགོ་ལས་རྨ་ཆེ་བའི་གནས་སྟངས་ཤིག་གདོང་ལེན་དགོས་པ་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཙམ་དུ་མ་ཟད། བདག་ལྟ་བུ་ཕལ་བ་ཕལ་བ་ཚོས་ཀྱང་གསལ་གསལ་ཐིང་ཐིང་ཡིན། ངས་བརྗོད་རྒྱུའི་གནད་དོན་དེ་ཙམ་མིན། གཞིས་ཆགས་ཀྱི་ས་ཞིང་རྣམས་ནི། གཞིས་ཆགས་དེའི་མི་རབས་དང་པོ། ད་ལྟ་མང་མང་ཞིག་ལྔ་ལམ་དུ་གཤེགས་ཟིན་པ་དང་། མང་མང་ཞིག་ལྔ་ལམ་དུ་གཤེགས་ལ་ཉེ་བའི་མི་དག་ཡིན། ཁོང་ཚོའི་ས་ཞིང་ལས་མང་དག་ཅིག་ཡུལ་མིར་བཙོངས་ཟིན་པ་དང་། ཇི་སྙེད་ཅིག་ད་ལྟ་བཙོང་ལ་ཉེ་བའི་གནས་སྟངས་འོག་ཡོད། ཁོང་ཚོ་མང་པོས་རང་གི་ས་ཞིང་ཕྱི་མིར་བཙོང་འདོད་མེད་ཀྱང་། རྗེས་ཤུལ་བུ་ཕྲུག་དང་ཚ་དབོན་ཚོས་བསམ་ངན་ཁོག་བཅུག་དང་། འཕྲལ་ཕུགས་རང་གཞན་ཅི་དང་གང་ལའང་མི་སེམས་པར་དངུལ་འབའ་ཞིག་ལ་བརྔམས་ནས་ཐ་ཤལ་གྱི་བྱ་ངན་སྐྱུག་བྲོ་བ་དེ་བྱས་དང་བྱེད་བཞིན་ཡོད་པ་དེ་དག་དང་འབྲེལ་བ་ཡོད། མ་འོངས་པར་རྒྱ་གར་གྱི་དབུས་སའི་ཁྲིམས་སྲོལ་འོག་ཁོང་ཚོ་ཁྲིམས་རར་ཅི་ལྟར་འདེད། ཁྲིམས་ཐོག་ནས་འབྲེལ་བ་ཡོད་པའི་མི་དང་སྒྲིག་འཛུགས་ནི། ཤི་ཟིན་པ་དང་འཆི་ལ་ཉེ་བའི་ཟུངས་ཟད་ཀྱི་ཉེས་མེད་ཀྱི་རྒན་རྒོན་དང་། ས་གནས་སུ་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ལས་ཁུངས་ཤིག་ཡོད་པ་དེ་ཁོ་ན་ཡིན། ཅི་སྟེ་འདི་ལྟའི་དུས་ངན་ཞིག་མགོ་ཐོག་ལ་ལྷུང་ཚེ། སུ་དང་སུས་གདོང་ལེན་བྱ་ཕོད་དམ། ད་དུང་སྐུ་ཉིད་ཀྱི་བཀའ་ལན་ནང་གནད་དོན་དེས། འབྱུང་འགྱུར་ཡུལ་མི་དང་ས་གནས་ཀྱི་བོད་མི་བཙན་བྱོལ་བའི་དབར་གྱི་འཆམ་མཐུན་གྱི་གེགས་བར་ཞིག་ལ་གཟིགས་ཀྱི་ཡོད་གསུངས་སོང་བས། ཁྱེད་བཀའ་ཤག་ལྷན་རྒྱས་དང་། ཁྱད་པར་ནང་སྲིད་ལས་ཁུངས་ཀྱིས་མ་འོངས་པར་འབྲེལ་ཆགས་གནས་ཡུལ་ལ་སྔར་བཞིན་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་ཡུན་གནས་ཀྱི་ཆེད་དུ་ཐབས་ལམ་དང་སྲིད་བྱུས་གསར་བ་ཅི་འདྲ་ཞིག་ཡོད་པ་ལམ་སྟོན་དུས་ཅི་འདྲ་ཞིག་གནང་རྩིས་ཡོད་དམ། གཞིས་ཆགས་སུ་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ལས་ཁུངས་དེའི་ཆེ་མཐོང་སྲུང་སྐྱོབ་དགོས་པ་གཙིགས་ཆེ་བས། འཐུས་ཤོར་ཅན་གྱི་གནད་དོན་དེའི་འོག་ནས་ལས་ཁུངས་ཀྱི་མཚན་གནས་ལ་རྒྱར་མི་གནོད་པའི་སྲིད་བྱུས་གསར་བ་གང་ཡོད་པ་མགྱོགས་མྱུར་ལག་བསྟར་དགོས་པ་དུས་ལ་སླེབས་ནས་འདུག་སེམས།
ཐབས་གཞན་མི་འཚོལ་ལམ།
སྤྱིར་ནས་སྣེ་ཁྲིད་པ་ཚོས་ཉམ་ཆུང་ཉེས་མེད་ཀྱི་ཆབ་འབངས་རིས་མེད་ལ་འཕྲལ་ཕུགས་ལ་སྨན་པའི་ལམ་སྟོན་བྱེད་དགོས་པ་ཚུལ་གནས་ལུགས་མཐུན་གྱི་མི་སྡེའི་སྤྱི་ཚོགས་ཀྱི་ལམ་སྲོལ་རྣལ་མ་ཞིག་དང་། དུས་དང་འཚམས་པའི་འགྱུར་བ་དང་། མ་འོངས་ཕུགས་རྒྱང་རིང་པོར་རང་གི་རྒྱལ་ཁབ་དང་མི་རིགས་ལ་དཀའ་ངལ་འཕྲད་སྲིད་པ་ལས་གཡོལ་ཐབས་ཀྱི་ལམ་བུ་སྒོ་ཀུན་ནས་འཚོལ་དགོས་པ་ནི་སྲིད་གཞུང་དང་སྣེ་མོ་བའི་བྱ་བའི་ཆོས་ཉིད་ཅིག་ཡིན། དེས་ན་སྐབས་དོན་དང་འབྲེལ་ཆགས་པའི་གནད་དོན་ཐད། གཞིས་ཆགས་དེའི་དེ་སྔ་ས་འཐུས་དང་། རང་བདེན་ཚོགས་མི། དེ་བཞིན་གཞིས་གྲོང་གི་བརྒྱ་དཔོན་དང་བཅུ་དཔོན་སོགས་མི་མང་ལ་ཁ་མར་ཕྱོགས་ནས་ཁ་ཞེ་གཉིས་མེད་ཡིན་ཁུལ་དང་། ལྷག་བསམ་ཆེ་མདོག་གིས་དཔོན་ཉམས་སྟོན་མཁན་དག་གི་བཞིན་རས་ངོ་མ་དེ་མ་གཟིགས་ནས། ཉམ་ཆུང་ཅི་ཡང་མི་ཤེས་པ་ཇི་སྙེད་ཅིག་མགོ་བསྐོར་འོག སྔོན་ཆད་ས་ཞིང་ཡུལ་མིར་བཙོངས་ཟིན་པ་དང་། ད་ལྟ་འདི་ལྟའི་མི་མང་པོ་ཞིག་མངོན་གསལ་དོད་པོའི་ཉེན་ཁ་མིག་མཐོང་ལག་ཟིན་མེད་པས། ས་ཞིང་བཙོང་འདོད་ཀྱི་འདུན་པ་ཡོད་མཁན་གྱི་མི་སྡེ་ལོ་ཟླ་འཕེལ་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ན། ཁོང་ཚོའི་མདུན་ལམ་ལ་བུ་ངན་པའི་ཨ་མ་བཞིན་རེ་བ་དང་ཡིད་ཆེས་མ་བརླག་པར་སྙིང་རུམ་ལ་བཅུག་ནས། རྔོ་ཐོགས་པའི་མཛུབ་སྟོན་ཐག་རིང་བཞུགས་སྒར་ནས་དེ་སྔོན་བཞིན་བརྡ་ལན་ཙམ་ཞིག་དང་བཀའ་ཡིག་ཙམ་བསྐུར་བ་མ་ཡིན་པར་ཆེད་དུ་གནད་དོན་དེ་ཁོ་ན་ལ་དམིགས་སུ་བཀར་ནས། ཐད་ཀར་འབྲེལ་ཡོད་ལ་ཁ་ཏ་དང་། ལེགས་ཉེས་བླང་དོར་གྱི་མཛུབ་སྟོན་ཚ་ནན་གནང་གལ་ཆེ་བར་མཐོང་། ཅི་སྟེ་ཁྱེད་ཚོས་འདི་ཁུལ་ལ་ས་གནས་གཞིས་འགོ་དང་ས་འཐུས་སོགས་གཞུང་འབྲེལ་གྱི་ལས་བྱེད་ཡོད་པས། ཆེད་གཉེར་མི་སྣ་ཆེད་གཏོང་གི་དགོས་པ་མི་འདུག་སྙམ་ན། དེ་ལ་འདི་ལྟར་སེམས་མི་རིགས་ཏེ། སྔོན་ཆེད་ས་གནས་འགོ་འཛིན་དང་། གནད་དོན་དེའི་ཐོག་ཕུགས་རྒྱང་རིང་པོའི་བསམ་གཞིག་བྱེད་མཁན་ཚོས་བསམ་ཚུལ་སྦས་སྐུང་མེད་པར་ཞུས་ཡོད་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དོན་འབྲས་གང་ཡང་བྱུང་མེད་པའི་ཚོད་རེད། མ་ཟད་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བའི་ཐུགས་སུ་གཞིས་ཆགས་ཀྱི་ས་ཁང་དང་ཞིང་ས་བཅས་ལ་ས་ཐོབ་ལག་འཛིན་མེད་པ་དག་ལ་མགྱོགས་མྱུར་ཁྲིམས་མཐུན་གྱི་ས་ཐོབ་ལག་འཛིན་བཟོ་དགོས་པའི་སྐད་ཆ་ཞིག་ལོ་འགའི་སྔོན་ནས་བཤད་ཀྱི་འདུག་ནའང་། བདག་གི་རྨོངས་ཚོད་ལ་སྐད་ཆ་དེ་ནི་ཅང་གོ་རྒྱུ་ལྷག་པོ་གང་ཡང་མེད་པའི་ཆོ་མེད་ཀྱི་སྐད་ཆ་ཞིག་རེད་སྙམ། རྒྱུ་མཚན་ནི་ལོ་རེ་ནས་ལོ་རེར་གཞིས་ཆགས་ཀྱི་ས་ཞིང་ཇེ་ཆུང་ནས་ཇེ་ཉུང་ལ་འགྱུར་བཞིན་པ་དང་གཅིག གཉིས་ནས་རང་གིས་ས་ཞིང་ལ་བདག་གཉེར་གྱིས་ར་བསྐོར་འདྲ་བསྐོར་ནས་བཞག་ན། དེར་ཕྱི་མི་སུས་ཀྱང་ཧམ་བཤད་བྱེད་པ་བདག་གི་རྣ་བའི་ལམ་ལ་ད་ལྟ་ལ་ཐུག་གི་བར་ཅང་གོ་བ་མ་བྱུང་ལ། ས་ཐོབ་ལག་འཛིན་མེད་རབས་དང་། ཁྱེད་ཚོ་བཙན་བྱོལ་བ་ཡིན་རབས་བཤད་ནས་རྙོག་བཤད་བྱེད་མཁན་ཡང་མི་འདུག་དྲན། ད་ལྟ་བར་ས་ཞིང་གི་རྙོག་དྲ་ཅི་ཡོད་པ་ཐམས་ཅད་རང་རེའི་ཕྱོགས་ནས་བདག་པོ་མ་བྱེད་པ་དང་། བསམ་གཞིག་མ་ཐུབ་པ། དཀའ་ལས་ཅི་ཡང་མེད་པའི་སྒོ་ནས་དངུལ་འབོར་ཁྱོན་ཆེ་རེག་ཐབས་བྱེད་པའི་ནོར་འཁྲུལ་ཁོ་ན་ལ་ཐུག་འདུག་པས། གནད་ཁག་རྒྱུས་ལོན་དགོས་གལ་ཆེ་སྙམ།
ད་དུང་ཁ་སྣོན་གྱི་ཚུལ་དུ་གཞིས་ཆགས་ཀྱི་ས་ཞིང་གང་མཆིས་པ་དེ་དག་ཐམས་ཅད་རང་རེའི་སྒྲིག་འཛུགས་དང་འབྲེལ་མེད་དོན་གཞན་ཞིག་མིན་སྟབས། སྒྲིག་འཛུགས་ཀྱིས་དེར་ཁྲིམས་ཐོག་ནས་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཅི་འདྲ་ཞིག་ཡོད་དམ། ད་ལྟ་བར་གཞིས་ཆགས་ཀྱི་ས་ཞིང་བདག་གཉེར་དང་འབྲེལ་བའི་གཞིས་ཆགས་སོ་སོར་ཁ་ཏ་ཙམ་བྱེད་པ་ལས་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཁ་གསལ་ཞིག་ནམ་ཡང་མ་བྱུང་བ་ལྟ་བུ་དེའི་འཐུས་ཤོར་གྱིས། དེའི་འགན་འབབ་ནང་སྲིད་ལས་ཁུངས་དང་། ས་གནས་འགོ་འཛིན་ལ་མེད་གསུང་ན་ཉུང་ཤས་ཀྱིས་རྣ་བར་འགྲོ་རུ་ཆུག་ཀྱང་། མང་པོས་རྣ་བར་འགྲོ་བའི་གཏམ་ཞིག་ག་ལ་ཡིན། ལྷག་དོན་བཀའ་དྲིན་ཟླ་མེད་རྒྱ་གར་གྱི་དབུས་སའི་སྲིད་གཞུང་གི་རྣ་བར་འགྲོ་བའི་གཏམ་ནི་དེ་བས་ཀྱང་མིན་སྙམ། དེས་ན་འཐུས་དེ་དག་ལ་གྲ་སྒྲིག་དང་། སླད་ཕྱིན་གནད་དོན་དེ་ཉིད་ཚབས་ཇེ་ཆེ་ནས་ཇེ་ཆེ་ལ་མི་འགྱུར་ཆེད་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ལག་བསྟར་དགོས་པ་གནད་ཆེ།
མཐའ་མའི་སྐད་ཆ།
མི་རྗེ་བཀའ་བློན་མཆོག་གི་བཀའ་ལན་ནང་། བདག་གིས་དེ་སྔ་བྲིས་པའི་བརྩམས་ཆོས་༼ནང་སྲིད་བཀའ་བློན་ལགས། དྲི་བ་ཞིག་ཡོད།༽ཅེས་པ་དེ་ནམ་ཡང་གཟིགས་མ་སོང་གསུངས་པ་དེར་ཅི་ཡང་བརྗོད་རྒྱུ་མེད་པ་མ་ཟད། གནད་དོན་དེ་ཉིད་ས་གནས་ཀྱི་འབྲེལ་ཡོད་མི་སྣ་སོགས་ཐེམ་པ་རིམ་འཛེགས་བྱེད་དགོས་པའི་བཀའ་སློབ་ཅིག་ཕེབས་པ་དེར་གསལ་བཤད་འདི་ལྟར་བྱ་འདོད་འབྱུང་། སྤྱིར་ནས་ཉེན་ཚབས་ཆེ་བའི་གནད་དོན་དེ་ཉིད། བདག་ཙམ་མ་ཟད་ས་གནས་ཀྱི་གཞིས་འགོ་སོགས་སྔ་ཕྱིར་བྱོན་པའི་ལས་ཀྱི་སྣེ་ཁྲིད་པ་ཐམས་ཅད་ཀྱིས་སྔ་མོ་ནས་ཡིད་ཀྱི་མེ་ལོང་དུ་གསལ་ཞིང་དག་པའི་དོན་དག་ཅིག་ཡིན་པ་དང་། ཁོང་ཚོས་ཀྱང་དབུས་ཀྱི་འབྲེལ་ཡོད་ལྷན་ཁང་གི་ཆེས་མཐོའི་མི་སྣར་འགྲེལ་བཤད་ལན་གཅིག་ཙམ་མ་ཟད། དུ་མ་ཞིག་གནང་ཡོད་པའི་རེ་བ་དང་ཡིད་ཆེས་ཡོད། དེས་ན་ཁྱེད་ཚོས་བདག་གིས་སླར་ཡང་གླང་རྒན་ཨུ་ཚུགས་ཀྱི་བརྟུལ་ཞུགས་དང་ཕྱོགས་མཚུངས་པ་ཞིག་བྱེད་པ་མ་ཡིན་ནམ་ཞེ་ན། ཁྱེད་ཚོས་དགོངས་སྲིད་ཀྱང་བདག་གིས་ནི། དེ་ལྟར་གནས་སྟངས་གསལ་བཤད་ཙམ་མ་ཟད། བཙན་བྱོལ་ནང་གི་གཞིས་ཆགས་གཞན་དང་གཞན་བཞིན་ས་ཁང་སྒྲིག་གཞི་ལག་བསྟར་དོ་ནན་དང་། བོད་རིགས་སྤྱི་དང་༧རྒྱལ་བ་དོན་གྱི་བདག་པོའི་མཚན་གནས་ལ་གནོད་པའི་བྱ་བ་དེ་རིགས་འཕྲལ་མ་ཉིད་དུ་མཚམས་འཇོག་ཚོད་འཛིན་དགོས་པའི་འབོད་སྐུལ་ཞིག་བྱེད་ཀྱི་ཡོད། འདི་ལྟའི་འབོད་སྐུལ་ནི། དེ་རིང་ཙམ་མ་ཟད་གཞིས་ཆགས་ཀྱི་བསམ་ཡོད་མི་སྣ་མང་པོས་ཚོགས་ཐོག་མང་པོར་སྙན་སེང་རེ་སྐུལ་བྱས་ཡོད་ཀྱང་། ཁོང་ཚོས་དགོངས་ཚུལ་རྣམས་ནུས་མེད་ལྟ་བུས་ད་ལྟ་བར་ས་འཚོང་བསྐྱོན་མཁན་མཚམས་འཇོག་མེད་པར་ལོ་རེ་བཞིན་གཅིག་རྗེས་གཉིས་འཐོན་གྱིས་མང་དུ་ཕྱིན་དང་འགྲོ་བཞིན་ཡོད། ལར་ནས་སྔ་མོ་གཞིས་ཆགས་ཀྱི་མགོ་ལས་ཀྱི་གྲས་ནས་ལྷག་བསམ་མ་དག་པ་དང་མགོ་བདེ་དྲན་འཕྲུལ་གྱིས་ས་ཞིང་འཚོང་མཁན་ཡོད་པས། ཉམ་ཆུང་ལྷག་བསམ་ཅན་གྱི་མི་སྣའི་དགོངས་ཚུལ་མང་པོ་བྱུང་ཡོད་ཀྱང་། བར་ནས་ཁོང་ཚོའི་བསམ་ཚུལ་རྣམས་དམར་གསོད་དང་གཤག་བཅོས་བྱས་ནས་གོ་རྒྱུ་ཐོས་རྒྱུ་མེད་པའི་གནས་སུ་བསྐྱལ་ཡོད་པས། བདག་དང་བདག་ལྟ་བུས་མི་འདི་དག་ལ་ཞེ་གཏིང་ནས་ལོག་ཅིང་། ཡིད་ཆེས་ཀྱང་ནམ་ཡང་བྱ་མི་ཐུབ་པའི་ཚོད་རེད། རྒྱུ་མཚན་དེའི་ཕྱིར་ང་ཚོར་ལྷག་པ་ནི་མང་གཙོའི་སྤྱི་ཚོགས་ཀྱི་ཀ་ཆེན་བཞི་པ་གསར་འགྱུར་གྱི་བརྒྱུད་ལམ་དེ་ཁོ་ན་ལས་ལྷག་མི་འདུག་སྙམ།
ཞར་ལ་མི་རྗེ་བཀའ་བློན་མཆོག་གི་བཀའ་ལན་ནང་གནད་དོན་དེ་དང་འབྲེལ་བའི་མངའ་སྡེའི་སྲིད་གཞུང་གིས་བོད་མིའི་དུད་ཁྱིམ་བཅུ་བཞི་ཙམ་ཞིབ་བརྩད་གནང་གི་ཡོད་པའི་གནས་ཚུལ་ཞིག་གསུངས་སོང་། གནས་ཚུལ་དེའི་ནང་ཚུད་པའི་དུད་ཁྱིམ་དེ་དག་རེ་རེ་བཞིན་དགག་བྱ་ལས་ཀྱང་དགོས་པ་ཆེར་གཟིགས་ནས། མི་མང་ལ་དེ་དག་སུ་ཡིན་མིན་གྱི་མིང་འདོན་ཡང་བྱ་དགོས་པ་དུས་ལ་འབབ་ནས་འདུག ད་ལྟ་བར་འདི་ལྟའི་གནས་ཚུལ་གང་ཡོད་ཀུན་གྱིས་མངོན་པར་མི་གསལ་བའི་ཚུལ་དུ་ལྷག་འདུག་པས། ཕུགས་ཀྱི་ཁེ་ཕན་དང་མི་མང་ཉམ་ཆུང་ལ་གླེང་རྙོག་མི་འབྱུང་ཆེད་ཅི་ནས་འབོད་སྐུལ་ཞུ་བཞིན་ཡོད།
མཐར་ང་ཚོ་ནི་ས་འདིར་བཙོན་བྱོལ་གྱི་འཚོ་བ་རོལ་མཁན་ཡིན་པས། ས་འདིར་རང་གི་རྐང་པ་ཟུང་ཡང་འཛུགས་སའི་ས་ལག་མཐིལ་ཙམ་ཡང་མེད། དེས་ན་གཞན་ལ་ས་བཙོངས་ནས་དངུལ་ལེན་པ་ནི། ཆོས་ཕྱོགས་ནས་མ་སྦྱིན་པར་ལེན་པ་དང་། ལོག་འཚོ་སོགས་ལས་འབྲས་ཀྱི་ཆོས་ཉིད་དང་ཕྱིན་ཅི་ལོག་པ་ཤ་སྟག་ཡིན་པས། འདི་ཕྱི་གཡང་སར་བསྐྱལ་བའི་འུ་ཐུག་གི་ལས་འདི་ནམ་ཡང་མི་བྱ་བའི་རེ་བ་ཞུས། མེ་འབར་བཞིན་པའི་ལྕགས་ཀྱི་ཐུ་ལུམ་ཁར་བཅུག་ཏུ་ཐུབ་པ་ཆོག་ཀྱང་། ཕོ་བས་འཇུ་རུ་མི་ཐུབ་པས་གཞན་རྒྱུ་ལ་གཟབ་པར་འཚལ་ལོ།