འབྲེལ་བཏུག་བྱེད་ས།
ཨ་བུ། 86-1378177100
ཆོས་འཕེལ། 86-13693460555
ངས་སྔོན་མར་དྲ་ཚིག་བརྒྱུད་ནས་ནད་ངན་ཨེ་ཙིའམ་རེག་དུག་བསྐོར་གྱི་ཡིག་ཆ་འགའ་ཨེ་ཐོབ་སྙམ་ནས།
རེ་ཞུས་ཀྱི་ཡི་གེ་ཐེང་བཞི་ལ་ཕུལ་ཡང་རེ་འབྲས་རྒྱབ་བསྐྱོར་གནང་མཁན་མི་གཅིག་མ་བྱུང་ཡང་།
སྨན་སྤྲུལ་དགེ་གྲགས་ཁོང་རང་གི་དམ་བཅའ་མ་ཉམས་པར་རྫོགས་ཆེན་མཁན་པོ་ཆོས་དགའ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར།
ཨེ་ཙིའམ་རེག་དུག་ནད་ངན་སྔོན་འགོག་བྱེད་ལུགས་ཀྱི་རི་མོ་དང་འདྲ་པར་སོགས་ཡོད་པའི་བོད་ཡིག་གི་དེབ་ཆུང་ཞིག་ཚར་ཁྲི་བཅུ་པར་ནས།
སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ལ་རིན་མེད་ཐོག་བཀྲམ་དང་བཀྲམ་བཞིན་འདུག
ད་དང་དེབ་ཀྱི་ནང་ལ་འཁོད་དོན།
ཆེད་ཞུ།
བྱམས་བརྩེའི་ཤེས་རབ་ཀྱིས་ཕྱུགས་པའི་སྤུན་གྲོགས་རྣམས་པ།
སྤྱིར་ན་ང་ཚོ་ལོ་རྒྱུས་དང་རིག་གཞུང་གིས་ཕྱུག་པའི་སྨྲ་ཤེས་དོན་གོ་བའི་མི་རིགས་ཞིག་ཡིན་པས། རྟག་ཏུ་མཐོ་ལ་ཕྲག་དོག དམའ་ལ་ཁྱད་གསོད། མཉམ་པ་ལ་འགྲན་སེམས་གི་བསམ་ངན་འཆང་ནས།
དངོས་ཤུགས་བརྒྱུད་གསུམ་ནས་གཅིག་གིས་གཅིག་ལ་གནོན་གང་ཐུབ་དང་གནོད་ཅི་ཐུབ་ཀྱི་བསམ་སྤྱོད་ངན་པ་གཏན་ནས་བྱེད་མི་འོས།
ཁྱད་པར་དབང་ཆ་དང་དཔལ་འབྱོར་ཡོད་མཁན་བོད་རིགས་མི་བུ་རྣམས་ཀྱིས།
རང་འདོད་དང་ཁེངས་དྲེགས་ཀྱིས་དུས་མི་འདའ་བར་སོ་སོའི་ཤེས་འབྱོན་ལྟར། མི་རིགས་འདིའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཡོང་བར་ཞབས་འདེགས་རླབས་ཆེན་བྱེད་འོས།
དེ་བཞིན་བོད་རིགས་ན་གཞོན་རྣམས་ཀྱིས་ཀྱང།
བག་མེད་ལེ་ལོའི་ངང་དུ་མི་ཚེ་འཕྲོ་བརླག་མི་བཏང་བར་རྒྱུན་དུ་གནའ་དེང་གི་རིག་པའི་ལམ་ལ་སློབ་སྦྱོང་བཟང་པོ་བྱས་ནས།
མ་བསྐུལ་དང་བླངས་ཀྱིས་མི་རིགས་འདིའི་སྤྱི་ཚོགས་ལ་ཞབས་འདེགས་བཟང་པོ་གང་འགྲུབ་ཞུ་འོས
་པར་མཐོང་།
མདོར་ན་བསམ་སྤྱོད་བཟང་པོས་རྒྱུན་དུ་སློབ་སྦྱོང་དང་འཕྲོད་བསྟེན་ཡག་པོར་བྱས་ནས། ཡ་རབ་ཚུལ་ལྡན་དང་ཕུག་བསམ་ཡོད་པའི་མི་ཞིག་བྱེད་རྒྱུ་ནི་དེང་སྐབས་མི་རིགས་འདི་ལ་ཧ་ཅང་གལ་འགང་ཆེན་པོ་ཞིག་ཡིན
་སྙམ།
ང་ཚོ་བོད་རིགས་ནི་གྲངས་ཉུང་མི་རིགས་རླབས་ཆེན་ཞིག་ཡིན་པས་
མི་རིགས་རང་གི་བཟང་སྤྱོད་དང་མཐུན་པའི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་ལས། རེག་དུག་ནད་ངན་གྱིས་ཁྱབ་པའི་མི་རིགས་སྐྱོ་བོ་ཞིག་དུ་འགྱུར་ན་མི་རུང་བས།
ད་ནས་བཟུང་མི་ཚང་མས་རེག་དུག་སྔོན་འགོག་གི་བསམ་སྤྱོད་བཟང་པོ་དྲིལ་བསྒྲགས་དང་ལག་ལེན་ཕྱོགས་སོ་སོ་ནས་བྱེད་དགོས
་སོ། །
མནའ་བོའི་རིག་གཞུང་ཟབ་མོའི་བརྒྱུད་པ་འཛིན་དགོས།
དེང་གི་ཤེས་རིག་མང་པོའི་སྙིང་བཅུད་ལེན་དགོས།
རང་གི་བསམ་སྤྱོད་བཟང་པོའི་ཡོན་ཏན་ཤེས་དགོས།
ཀུན་གྱི་སེམས་ལ་ཕན་པའི་དམ་ཆོས་སྤེལ་དགོས།
ཞེས་སོགས་འཁོད་འདུག
གཞན་ཡང་ཁོང་གི་རེ་བ་ལ། རང་རིགས་འདིའི་ཆེད་དུ།
ཁྱེད་གྲོགས་པོ་རྣམས་ཀྱིས་ཀྱང་ཁྱེད་ཀྱི་ཕ་ཡུལ་དང་འབྲེལ་ཡོད་ཀྱི་སློབ་གྲྭ་རྣམས་ལ་བཀྲམ་རོགས་ཞུ་ཞེས་གསུང་སོང་།
ཐུགས་རྗེ་ཆེ།
འདི་ངོ་ནས་བྱ་བཞག་རླབས་ཆེན་ཞིག་རེད། ན་ཚོད་སྨིན་ལ་མ་སྨིན་པའི་སྐབས་སུ་དེ་འདྲ་མང་པོ་ཞིག་ལ་བསམ་བློ་གཏོང་ཁོམས་མེད། མཇེ་དེ་སློབ་སྦྱོང་མང་པོ་མ་བྱས་སྔོན་ལ་ལངས་ཡོང་གི་རེད། དེ་བས་ན་རླུག་ཤུབ་ཡང་རིན་མེད་ཐོག་འགྲེམ་སྤེལ་བྱེད་རོགས། ས་ཆ་ལ་ལ་ན་ཆོས་ཚོགས་དེ་འདྲས་རླུག་ཤུབ་སྲང་ལམ་ལ་གཏོར་གྱི་འདུག མི་ཟེར་བ་འདི་ཡ་མཚན་པ་མང་པོ་རེད། ཐད་ཀར་རླུག་ཤུབ་ལག་ལ་བཞག་ན་ལེན་མཁན་མེད་པ་དང་། སྲང་ལམ་ལ་གཏོར་ན་ལེན་མཁན་མང་པོ་ཡོད་པ་དེ་ཡང་དོན་དངོས་ཞིག་རེད།
ད་དུང་ཐེ་ལེན་རྒྱལ་བོའི་རང་གི་རྒྱལ་ཁབ་ནང་དུ་རླུག་ཤུབ་ཟ་ཁང་ཟེར་བའི་ཟ་ཁང་སྐད་གྲགས་ཅན་ཞིག་བརྒྱབ་ཡོད་སྐད། ཟ་ཁང་དེར་སོང་ན་རླུག་ཤུབ་རིན་མེད་ཐོག་མདུན་ཅོག་སྟེང་གི་སྡེར་མའི་ནང་ནས་ཁྱེར་ཡོང་ན་འགྲིག་ཟེར། ང་ཚོ་བོད་ལ་ཡང་ས་ཆ་ཡོངས་རྫོགས་ལ་དེ་འདྲ་མེད་ན་ཡང་། ལྷ་ས་ལྟ་བུ་གྲོང་ཁྱེར་ཆེ་ཁང་ལ་ངེས་པར་དུ་ཡོད་ན་བཟང་གི
རེག་དུག་སྔོན་འགོག་གི་དེབ་ཆུང་དེ་ལ་ལྡེབ་45ཡོད་པ་དང་།
གཞན་ཡང་དེབ་དེའི་ནང་ལ་འདི་ལྟར་བཀོད་འདུག།
(HIV / AIDS)རེག་དུག་རང་ལ་ཕོག་ཡོད་མེད་བརྟག་དཔྱད་ལེགས་པར་བྱེད་དགོས།
ཁྱེད་དང་ཁྱེད་ལ་ལྟོས་པའི་ཁྱིམ་མི་དང། ཉེ་འཁོར་གྲོགས་པོ་རྣམས་ཀྱི་གཙོས་མཐོ་དམན་དྲག་ཞན་མེད་པའི་ཡུལ་མི་རྣམས་ལ་ཨེ་ཙིའམ་རེག་དུག་གི་ནད་(HIV / AIDS)ཟེར་བ་འདི་ཕོག་ཡོོད་མེད་ལོ་རེ་བཞིན་བརྟག་དཔྱད་བྱེད་ཐབས་གནང་དགོས། ཁྱད་པར་དུ་ས་ཆ་འདྲ་མིན་ལ་རྟག་པར་འགྲོ་དགོས་པར་བརྟེན་མི་གཞན་དང་ལུས་འབྲེལ་སོགས་བྱུང་བ་ཡིན་ན། དམིགས་བསལ་དུ་རེག་དུག་འདི་དག་ཕོག་ཡོོད་མེད་བརྟག་དཔྱད་དུས་ནས་དུས་སུ་བྱེད་གལ་ཆེ།
གལ་སྲིད་ཁྱེད་ཀྱིས་ནད་ངན་འདི་ཕོག་ཡོད་མེད་བརྟག་དཔྱད་མ་བྱས་པར་ལུས་འབྲེལ་གང་བྱུང་དུ་བྱས་ན། ཁྱེད་ཀྱིས་སྤྱི་ཚོགས་ཡོངས་ལ་གནོད་ཚབ་ཆེ་བའི་ནད་ངན་འདི་ཁྱབ་སྤེལ་བྱས་པ་ཡིན་པས། ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་ཉེ་འཁོར་ཡོངས་ལ་བརྩེ་བ་མེད་པའི་རེག་དུག་འདིས། མི་རིང་པར་ཁྱེད་དང་ཁྱེད་གྱི་ཉེ་འཁོར་ཚོའི་ཚེ་སྲོག་འཕྲོག་སྲིད་པ་ཞིག་རེད།
སྤྱིར་བཏང་རེག་དུག་འདི་དག་འགོག་སྲུང་བྱེད་དགོས་པ་མི་ཚང་མ་ལ་འགན་ཡོད་པས་སོ་སོའི་ལུས་འབྲེལ་གྱི་བྱ་སྤྱོད་བདེ་འཇགས་མིན་པ་ཤེས་བཞིན་དུ་ལོག་པར་སྤྱོད་ན། ཁྱེད་ཀྱིས་རང་ཐོག་ལ་རང་བཞིན་གྱིས་བབས་པའི་སྤྱི་ཚོགས་ཀྱི་འགན་དེ་མ་ཁུར་བ་མ་ཟད། འགྲོ་བ་སྤྱི་ཚོགས་འདིའི་ཚེ་སྲོག་ལ་སྣང་ཆུང་བཏང་བ་ཞིག་རེད།
མི་ཞིག་ཡིན་པའི་ཆ་ནས་བསམ་སྤྱོད་བཟང་པོས་གཞན་ཕན་གྱི་ལས་ཞིག་སྒྲུབ་མ་ཐུབ་ཀྱང་ཉེས་མེད་གཞན་གྱི་ཚེ་སྲོག་འཕྲོག་པའི་སྤྱོད་ངན་ལ་ཞེན་པ་ནི་ཤིན་ཏུ་མ་རབས་ཐ་ཆད་ཞིག་མ་རེད་དམ།
ཡང་འགའ་ཤས་ཀྱིས་ངོ་ཚ་ཆེ་མདོག་གིས་རེག་དུག་སོགས་འགོས་ནད་འགོས་ཡོད་མེད་ཀྱི་ལུས་པོ་བརྟགས་དཔྱད་མི་བྱེད་པ་ནི།
ཇི་སྐད་དུ། ངོ་ཚ་མི་དགོས་ས་ལ་ངོ་ཚ་དང་། །ངོ་ཚ་དགོས་ས་ལ་ངོ་མི་ཚ། ། ཞེས་མནའ་བོའི་གཏམ་དཔེ་ལས་གྲགས་པ་ལྟར་བླང་དོར་གོ་ལྡོག་བྱེད་མི་རུང་ཏེ། བདེ་འཇགས་མིན་པའི་ལུས་འབྲེལ་གང་བྱུང་དུ་བྱེད་པའི་སྤྱོད་ངན་ལ་ངོ་ཚ་དགོས་པ་ལས། ན་ཚ་སྔོན་འགོག་གི་ཆེད་དུ་རང་ལ་རེག་དུག་ཕོག་ཡོད་མེད་བརྟག་དཔྱད་བྱེད་པ་ལ་ངོ་ཚ་བྱེད་དགོས་དོན་ཅི་ཡང་མེད། རང་ལ་ནད་ངན་འདི་དག་ཕོག་ཡོད་མེད་བརྟག་དཔྱད་མི་བྱེད་པ་ནི་རང་སྲོག་རང་གིས་གཅོད་པ་ལྟ་བུའི་ངོ་ཚ་ཁྲེལ་མེད་ཀྱི་བླུན་རྟགས་ངོ་མ་ཞིག་རེད།
ཁྱད་པར་ནད་ངན་དེ་རང་ལ་ཕོག་ཡོད་པ་གཞན་གྱིས་ཤེས་སོང་ན་ངོ་ཚ་སྙམ་ནས་འཇིགས་སྐྲག་གིས་བརྟག་དཔྱད་བྱེད་མི་ཕོད་པ་སྡར་མ་ཝ་དང་འདྲ་བའི་བསམ་སྤྱོད་ནི། སེམས་ཁུངས་གཏིང་ནས་ཡིད་ཕམ་སྐྱེ་འོས་པའི་རྨོངས་དད་སྐྱོ་བོ་ཞིག་རེད། འདི་ལྟ་བུའི་ལོག་པའི་བསམ་སྤྱོད་ནི་དེང་གི་མི་རིགས་འདི་ལ་ཧ་ཅང་མ་འོས་ཤིང་གཏན་ནས་མི་དགོས་པའི་རྗེས་ལུས་ཀྱི་འདུ་ཤེས་ངན་པ་ཞིག་རེད།
དེས་ན་མི་རིགས་དང་སྤྱི་ཚོགས་ལ་ཕན་པའི་ཕྱིར་དང་། སོ་སོའི་མི་ཚེའི་མདུན་ལམ་ཡག་པོ་ཡོང་ཕྱིར་དང། རང་གཞན་ལུས་སེམས་ཀྱི་འཕྲོད་བསྟེན་ལ་འགོག་སྲུང་བྱེད་ཆེད་དུ། དུས་ལྟར་ཚད་ལྡན་སྨན་ཁང་དུ་སོང་ནས་རང་ལུས་ལ་ནད་དུག་འདི་དག་ཕོག་ཡོད་མེད་བརྟགས་དཔྱད་ལེགས་པར་བྱེད་དགོས་སོ།
ཡང་འཇུག་ཏུ་འདི་ལྟར་བཀོད་འདུག
འདིར་བཀའ་དྲིན་བརྗོད་པར་བཀའ་བ་རྫོགས་ཆེན་མཁན་ཆེན་ཆོས་དགའ་མཆོག་གིས། རང་རིགས་སྤྱི་ཚོགས་འདི་དང་། འགྲོ་བ་ཀུན་ལ་ལྷག་བསམ་བཟང་པོས་དོན་ལ་ཕན་པའི་ཞབས་ཞུ་གང་ཐུབ་རེ་བསྒྲུབ་དགོས་པའི་ཞལ་གདམ་ལམ་སྟོན། དུས་རྒྱུན་གུས་དང་གྲོགས་པོ་ཡོངས་ལ་གནང་དང་གནང་བཞིན་པའི་བཀའ་དྲིན་དང་། སྦྱིན་པ་ཚོགས་པའི་ཨེ་ཙི་ནད་དང་དེ་སློང་མཁན་གྱི་ནད་དུག་ཞེས་པའི་དེབ་ལ་གཞི་བྱས། ཁ་བརྡ་དྲ་ཚིག་ནང་གི་ཨ་ཕོ་མཐུ་ཆེན་ལགས་ཀྱི་ཟིན་བྲིས་ཨེ་ཙི་སྐོར་གྱི་དྲི་བ་དྲིས་ལན་ཟེར་བ་དང་། རྒྱལ་སྤྱིའི་ནད་ངན་ (HIV / AIDS) ཨེ་ཙིའམ་རེག་དུག་ཞིབ་འཇུག་ཚོགས་པའི་དྲ་ཚིག་དང་། དེ་མིན་ནད་ངན་འདིའི་བསྐོར་གྱི་དྲ་ཚིག་འགའ་ལ་བརྟེན། གུས་ཀྱི་མི་ལོ་ཧྲིལ་བོ་གཉིས་ཀྱི་རེ་འདུན་ལེགས་འགྲུབ་བྱུང་ནས། རང་རིགས་ཁ་བ་རི་བའི་སྤུན་ཟླ་རྣམས་ལ་རེག་དུག་སྔོན་འགོག་གི་དེབ་ཆུང་འདི་བསམ་སྤྱོད་བཟང་པོའི་དྲིལ་བསྒྲགས་དང་ལག་ལེན་བྱེད་ཆོག་ཏུ་འབུལ་ཐུབ་པ་བྱུང་བས། གོང་ན་སྨྲོས་པའི་མཁས་དབང་དང་ཚོགས་པ་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་། འདིས་འཚོན་དགེ་བའི་རྩ་བ་ཅི་འཆིས་ཀྱིས་ཇི་སྲིད་གོ་ལ་ཧྲིལ་བོ་མ་འཇིག་བར་དུ་རང་མི་རིགས་འདི་ཡི་ལུས་སེམས་གཉིས་ལ་བཟང་སྤྱོད་དང་མཐུན་པའི་འཕྲོད་བསྟེན་ཡག་པོ་ཞིག་བྱུང་སྟེ། དཀར་པོ་དགེ་བའི་རླབས་ཆེན་ཞི་བདེའི་བྱ་གཞག་གིས་ཡོངས་བའི་འཇིག་རྟེན་འདི་ཉིད་གསལ་བའི་རྒྱུ་རུ་འགྱུར་བ་ཤོག་ཅིག་གུ།
ཞེས་ཐེ་ཝན་བདེ་གཤེགས་འོད་ཟེར་ཆོས་ཚོགས་ནས་ཉིས་སྟོང་བཅུ་ལོའི་སྤྱི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་འཇུག་གྲུབ་པར་བྱས།
སྨན་སྤྲུལ་དགེ་གྲགས་ནས།
ཁ་བཏད་གང་རུང་ཞིག་ནད་ལྡན་ཡིན་ན་དེའི་ཕོ་མཚན་ནམ་མོ་མཚན་ལྡག་འཇིབ་གང་རུང་བྱེད་ན་ན་ཚ་འགོས་སམ།
རྗེས་སུ་ཡི་རངས་དང་་བསྔགས་བརྗོད་ཤིན་ཏུ་བྱེད་འོས་པའི་བྱ་བ་ཞིག་བསྒྲུབས་འདུག ངས་དེ་སྔ་ཨེ་ཙི་ནད་ཀྱི་སྐོར་ལ་རྩོམ་ཐུང་ཞིག་བྲིས་ཏེ་དུས་དེབ་ཅིག་གི་སྟེང་དཔར་སྐྲུན་བྱས་ཡོད། དེ་གའི་ཡིག་འབྲེལ་ཁ་བྱང་སྤྲད་ཚེ་རྙེད་མཚམས་བསྐུར་ཆོག་པ་ཞུ།
དེབ་དེའི་ནང་ལ་འདི་བཞིན་འཁོད་འདུག
སྐྱེས་པ་ལ་བུད་མེད་ཀྱིས་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས། འོན་ཀྱང་ལུས་འབྲེལ་མ་བྱས་པའི་སྔོན་ལ། སྐྱེས་པའི་མཚན་མ་ཁས་འཇིབ་པ་དང་ནུ་བ་སོགས་བྱས་ན། གལ་སྲིད་སྐྱེས་པ་དེ་ལ་རེག་དུག་ཕོག་ཡོད་པ་ཞིག་ཡིན་ན། བུད་མེད་དེ་ལ་ནད་ངན་དེ་ཕོག་པར་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་གོ་ལྔ་ 80%-95% བར་ཡིན། དེས་ན་བུད་མེད་རྣམས་ཀྱིས་སྐྱེས་པའི་མཚན་མ་ཁ་ཡིས་འཇིབ་ཅིང་ནུ་བ་སོགས་བྱེད་སྐབས་ལ་མཚན་མ་ལ་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་ཡིན་གཅིག་མིན་གཉིས་སྐོན་དགོས།
དེ་བཞིན་བུད་མེད་ལ་སྐྱེས་པས་ལུས་འབྲེལ་བྱེད་སྐབས་སྲུང་ཤུབས་སམ་སྦྲུམ་འགོག་འགྱིག་ཐུམ་བེད་སྤྱོད་བྱས། འོན་ཀྱང་ལུས་འབྲེལ་མ་བྱས་པའི་སྔོན་ལ། བུད་མེད་ཀྱི་མཚན་མ་འཇིབ་ལྡག་སོགས་བྱས་ན། གལ་སྲིད་བུད་མེད་དེ་ལ་རེག་དུག་ཕོག་ཡོད་པ་ཞིག་ཡིན་ན། སྐྱེས་པ་དེ་ལ་ནད་ངན་དེ་ཕོག་པར་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་གོ་ལྔ་ 80%-95% བར་ཡིན། བུད་མེད་ཀྱི་འོ་མ་ལས་ནད་དེ་འགོས་ཀྱི་ཡོད་པས། སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་ནུ་མ་སོགས་ནུ་དགོས་ན་འོ་མ་ཁ་ནང་ལ་མི་འགྲོ་བར་བྱེད་དགོས།
གང་ཡིན་ཟེར་ན་ (HIV / AIDS) ཞེས་པའི་རེག་དུག་མང་ཤོས་གནས་ས་ནི། ཁྲག་དང་ཐིག་ལེ། བུད་མེད་ཀྱི་འོ་མ། མོ་མཚན་གྱི་ཟགས་ཆུ་དང་ཕོ་མཚན་གྱི་གཤེར་ཁུ་སོགས་ལ་ཡིན།
གཞན་ཡང་ལུས་འབྲེལ་བྱེད་སྐབས་ལ་ཕོ་མོ་གཉིས་ཀྱིས་ཁྲུས་དང་གཙང་སྦྲ་ཡག་པོ་བྱེད་རྒྱུ་གལ་ཆེ། ཁྲུས་དང་གཙང་སྦྲ་ཡག་པོར་བྱས་ན་མཚན་མའི་འགོས་ནད་མང་པོ་ཞིག་མི་འགོས་པར་ཕན་ཐོག་ཆེན་པོ་ཡོད།
སྤྱིར་འཛམ་གླིང་འདིར་བུད་མེད་ཀྱི་རིགས་ལ་རེག་དུག་གི་ནད་ (HIV / AIDS) འགོས་སླ་བ་དང་བུད་མེད་ལ་འགོས་པའི་གྲངས་འབོར་མང་། འོན་ཀྱང་། རེག་དུག་ནད་འདི་ནམ་རྒྱུན་ཕོ་མོའི་འཁྲིག་སྦྱོར་ལ་བརྟེན་ནས་མོ་ལ་འགོས་སླ་བ་དང་། ཕོ་ཡིས་ཕོ་དང་མོ་ཡིས་མོ་ལྟ་བུ་མཚན་མཐུན་འཁྲིག་སྦྱོར་ལ་བརྟེན་ནས་ཕོ་ཡིས་ཕོ་ལ་འགོས་སླ་བ་དང་། ཕོ་ཡི་གཞང་དང་མོ་ཡི་གཞང་ངམ་རྐུབ་ལ་སྤྱོད་པ་དེས་གཞང་ངོས་ཀྱི་པགས་པ་སྲབ་མོར་རྨ་བཏོད་སླ་བས་རྨ་ལས་ཐོན་པའི་ཁྲག་བརྒྱུད་དེ་ཕོ་ལ་འགོས་སླ་བ་ཡིན།
མེ་ཏོག་དཀར་པོ་ལགས་ལ་གོང་གི་འཆན་དེ་ཕུལ་བ་ཡིན་ལགས།
བོད་ལུག་སྨན་པ་ཚོས་ཐོག་མར་ནད་འདིར་ཐ་སྙད་གཅིག་གྱུར་ཞིག་བཟོ་གལ་ཆེ། དཔེར་ན། སྨན་རྩིས་ཁང་གི་སྨན་པ་པདྨ་རྡོ་རྗེ་ལྟ་བུར་མཚོན་ན་སྔོན་མ་ནས་གཉན་རེག་དུག་ཅེས་གསུང་གི་ཡོད་པ་དེ་ལྟ་བུའི་ཐ་སྙད་ཅིག་གམ། ཡང་ན། ཕྱི་ལུགས་པས་གང་ཟེར་བཞིན་པའི་སྒྲ་དེ་ཐད་བསྒྱུར་གཅིག་གྱུར་ཡོད་པ་བྱེད་གལ་མཐོང་།
དེ་ཙམ་མ་ཟད། མན་རྒྱུད་ཀྱི་གཉན་རིམས་དང་གདོན་ནད་སོགས་ལ་གཏིང་ཟབ་པའི་ཉམས་ཞིབ་བྱས་ཏེ་ནད་འདིའི་སྲིན་བུ་ཆགས་སྟངས་དང་། འཕེལ་ཚུལ། གཉེན་པོ་གཏོང་ཐབས་བཅས་ངོ་འཕྲོད་པའི་ཉམས་མྱོང་འབྱུང་ཐབས་བྱས་ན་དེས་གཞན་གྱི་ཟེར་སྒྲོས་སྒུམ་བཞིན་པའི་གནས་སྟངས་འདི་ལས་ཅུང་དྲག་ཙམ་འོང་ངོ་སེམས།
སྤྱིར་བཏང་ལག་བསྟར་བྱེད་མཁན་སྨན་པ་ཚོས་འཇོན་མིན་ལ་མ་ལྟོས་པར་བཤད་ན། རྒྱུད་བཞི་དང་འབུམ་བཞི་གཙོས་པའི་བོད་ལུགས་སྨན་གཞུང་དག་ན་ནད་ཀྱི་རིགས་སུ་གྱུར་པ་ཡོད་དོ་ལྕོག་གི་ངོ་བོ་ངོས་འཛིན་དང་གཉེན་པོས་བཅོས་ཐབས་སོགས་ཧ་ལམ་མེད་པ་ཞིག་བཙལ་ཡང་མི་བརྙེད་པ་ལྟ་བུའི་གསོ་བ་རིག་པའི་གཞུང་ལུགས་ཆེས་ཕྱུག་པོ་ཚོའི་ལག་ཏུ་ཡོད་པ་རེད། ཡིན་ཡང་། གསོ་བ་རིག་པའི་མཚན་བྱང་ཅན་གྱི་དཔེ་དེབ་ཚོའི་ནང་དུ་མདོ་སྔགས་གཉིས་ཀྱི་གྲངས་འདྲེན་མི་འདྲ་བའི་སྲིན་རིགས་བརྒྱད་ཁྲི་དང་བདུན་ཁྲི་གཉིས་སྟོང་སོགས་ཀྱི་སྤྱི་བསྡོམས་ཀྱི་གྲངས་ཙམ་ལས་ཞིབ་རྒྱས་མེད་པ་རེད། དེའི་ཕྱིར་སྲིན་རིགས་དེ་དག་གི་ནང་གསེས་སོ་སོའི་གནས་དང་བྱེད་ལས་སོགས་ཤེས་པར་འདོད་ན། བཀའ་བསྟན་སྤྱི་དང་། ལྷག་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ལས་འགྲོ་བའི་མིའི་ལུས་ལུགས་སྐོར་ཀརྨ་འཕྲིན་ལས་མཆོག་གིས་ཟུར་འདོན་བྱས་པའི་དཔེ་དེབ་ ལུས་ཁམས་ཉི་མའི་གཉེན་པོ་ཞེས་པ་དེར་གཟིགས་ནས་ཉམས་ཞིབ་གནང་ན་སྨན་པ་ཚོར་བློ་སྒོ་གསར་བ་ཞིག་འབྱེད་ངེས་སྙམ།
མུ་མཐུད་གནད་དོན་འདི་འདྲའི་རིགས་ལ་གླེང་མོལ་ན་དོན་གྱིས་སྤྱི་ཚོགས་ལ་ཕན་ཐོགས་ངེས་པས་ཚང་མར་ཐུགས་རྗེ་ཆེ་ཞུ།
བྲེལ་བ་ཆེ་བས་དེ་ཙམ་ཡིན།
མཆན་གྲངས་ ༧ པར་ནོར་བ་མང་པོ་ཤོར་འདུག་པས་བསྐྱར་བཅོས་བྱས་ནས་བཀོད་ཡོད།
བོད་ལུག་སྨན་པ་ཚོས་ཐོག་མར་ནད་འདིར་ཐ་སྙད་གཅིག་གྱུར་ཞིག་བཟོ་གལ་ཆེ། དཔེར་ན། སྨན་རྩིས་ཁང་གི་སྨན་པ་པདྨ་རྡོ་རྗེ་ལྟ་བུར་མཚོན་ན་སྔོན་མ་ནས་གཉན་རེག་དུག་ཅེས་གསུང་གི་ཡོད་པ་དེ་ལྟ་བུའི་ཐ་སྙད་ཅིག་གམ། ཡང་ན། ཕྱི་ལུགས་པས་གང་ཟེར་བཞིན་པའི་སྒྲ་དེ་ཐད་བསྒྱུར་གཅིག་གྱུར་ཡོད་པ་བྱེད་གལ་མཐོང་།
དེ་ཙམ་མ་ཟད། མན་རྒྱུད་ཀྱི་གཉན་རིམས་དང་གདོན་ནད་སོགས་ལ་གཏིང་ཟབ་པའི་ཉམས་ཞིབ་བྱས་ཏེ་ནད་འདིའི་སྲིན་བུ་ཆགས་སྟངས་དང་། འཕེལ་ཚུལ། གཉེན་པོ་གཏོང་ཐབས་བཅས་ངོ་འཕྲོད་པའི་ཉམས་མྱོང་འབྱུང་ཐབས་བྱས་ན་དེས་གཞན་གྱི་ཟེར་སྒྲོས་སྒུམ་བཞིན་པའི་གནས་སྟངས་འདི་ལས་ཅུང་དྲག་ཙམ་འོང་ངོ་སེམས།
སྤྱིར་བཏང་ལག་བསྟར་བྱེད་མཁན་སྨན་པ་ཚོས་འཇོན་མིན་ལ་མ་ལྟོས་པར་བཤད་ན། རྒྱུད་བཞི་དང་འབུམ་བཞི་གཙོས་པའི་བོད་ལུགས་སྨན་གཞུང་དག་ན་ནད་ཀྱི་རིགས་སུ་གྱུར་པ་ཡོད་དོ་ལྕོག་གི་ངོ་བོ་ངོས་འཛིན་དང་གཉེན་པོས་བཅོས་ཐབས་སོགས་ཧ་ལམ་མེད་པ་ཞིག་བཙལ་ཡང་མི་བརྙེད་པ་ལྟ་བུའི་གསོ་བ་རིག་པའི་གཞུང་ལུགས་ཆེས་ཕྱུག་པོ་བོད་ལ་ཡོད་པ་རེད། ཡིན་ཡང་། གསོ་བ་རིག་པའི་མཚན་བྱང་ཅན་གྱི་དཔེ་དེབ་ཚོའི་ནང་དུ་མདོ་སྔགས་གཉིས་ན་གྲངས་འདྲེན་མི་འདྲ་བའི་སྲིན་རིགས་བརྒྱད་ཁྲི་དང་བདུན་ཁྲི་གཉིས་སྟོང་སོགས་ཀྱི་སྤྱི་བསྡོམས་ཀྱི་གྲངས་ཙམ་ལས་ཞིབ་རྒྱས་གསལ་འགྲེལ་བྱས་མེད། དེའི་ཕྱིར་སྲིན་རིགས་དེ་དག་གི་ནང་གསེས་སོ་སོའི་གནས་དང་བྱེད་ལས་སོགས་ཤེས་པར་འདོད་ན། བཀའ་བསྟན་སྤྱི་དང་། ལྷག་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ལས་འགྲོ་བའི་མིའི་ལུས་ཀྱི་གནས་ལུགས་སྐོར་ཀརྨ་འཕྲིན་ལས་མཆོག་གིས་ཟུར་འདོན་བྱས་པའི་དཔེ་དེབ་ ལུས་ཁམས་ཉི་མའི་གཉེན་པོ་ཞེས་པ་དེར་གཟིགས་ནས་ཉམས་ཞིབ་གནང་ན་སྨན་པ་ཚོར་བློ་སྒོ་གསར་བ་ཞིག་འབྱེད་ངེས་སྙམ།
མུ་མཐུད་གནད་དོན་འདི་འདྲའི་རིགས་ལ་གླེང་མོལ་གནང་ན་དོན་གྱིས་སྤྱི་ཚོགས་ལ་ཕན་ཐོགས་འོང་ངེས་པས་ཚང་མར་ཐུགས་རྗེ་ཆེ་ཞུ།
བྲེལ་བ་ཆེ་བས་དེ་ཙམ་ཡིན།
རུ་དམ་ལུང་གི་བུས་གསལ་བཤད་ལ་ཐུགས་རྗེ་ཆེ། ད་བྱས་ན་མཚན་མར་འདོན་འཇུག་བྱེད་པ་དང་ལྡག་འཇིབ་སོགས་ཧ་ལམ་ན་ཚ་འགོས་བྱེད་ལ་གཅིག་མཚུངས་ལྟ་བུ་མཐོང་གི་འདུག
སླར་ཡང་ཐུགས་རྗེ་ཆེ།
ཨེཙི་ནད་གཞིའི་སྐོར་ལ་བགྲོ་གླེང་གནང་བ་དེ་ཡག་པོ་འདུག མ་གཞི་ནས་བགྲོ་གླེང་དེ་ལྟ་བུ་བྱེད་པའི་དགོས་དམིགས་ནི་རང་རེའི་བོད་རིགས་ཕོ་གཞོན་མོ་གཞོན་རྣམས་ལ་སྨན་པའི་སླད་ཡིན་ཀྱང་། བོད་རིགས་གཞོན་སྐེྱས་རྣམས་ཀྱིས་དྲ་རྒྱ་འདི་ཀློག་གིན་ཡོད་མེད་དོགས་པ་ཡིན། གང་ལྟར་བགྲོ་གླེང་གནང་བ་ནི་ཤིན་ཏུ་ཡག་པོ་རེད། སྤྱིར་ཕ་ཡུལ་དྲ་རྒྱའི་རང་དབང་གླེང་སྟེགས་ར་བའི་ནང་དུ་དེའི་སྐོར་བགྲོ་གླེང་མང་པོ་བྱུང་ཡོད་པས་ལག་ལེན་མ་བསྟར་བ་ཙམ་མ་གཏོགས་མ་ཤེས་པ་མིན་སྙམ།
གཙོ་བོ་བོད་ནང་དུ་ལས་འགུལ་སྤེལ་མཁན་གང་མང་དགོས་ཀྱིན་འདུག བཙན་བྱོལ་ནང་དུ་རང་དབང་ཡོད་པས་ནད་གཞིའི་འདིའི་སྐོར་ལ་བརྒྱུད་ལམ་མང་པོ་ནས་ཤེས་ཀྱིན་ཡོད། བོད་ནང་དུ་ཤེས་མཁན་ཞེ་དྲག་ཉུང་ཉུང་ཡིན། ད་དུང་དེའི་མ་ཚད་སྤུན་སྤུན་རྒྱག་ཉེ་འབྲེལ་ནང་ཕན་ཚུན་ངོ་ཚ་ལ་འཛེམས་ནས་དེའི་སྐོར་མ་བཤད་པ་ནི་ཡག་པོ་མིན། སྤྱིར་ལྷ་སའི་ནང་དུ་ན་གཞོན་དབང་འདུས་ཟེར་བ་ཞིག་ཕྱི་རྒྱལ་གྱི་རོགས་ཚོགས་དང་མཉམ་འབྲེལ་གྱིས་ཨེཙི་ནད་གཞིའི་སྐོར་ལ་ལས་འགུལ་ལོ་མང་རིང་སྤེལ་ནས་བོད་རིགས་གཞོན་སྐེས་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་ཀྱང་། ལོ་གཉིས་ཙམ་གྱི་སྔོན་ལ་གློ་བུར་དུ་ཁོང་རྒྱ་ནག་གི་སྤྱི་བདེ་མི་སྣས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད། ཁོང་ནི་བོད་ནང་གི་བོད་རིགས་ཁྲོད་ནས་ནད་གཞིའི་འདིའི་སྐོར་ལ་ལས་འགུལ་ཤུགས་ཆེ་ཤོས་དེ་ཆགས་ཡོད།
སྤྱིར་ནད་ངན་འདིའི་བསྐོར་གྱི་དཔྱད་གཞིའི་ཡི་གེ་གང་ཞིག་ཨེ་ཐོབ་སྙམ་ནས། སྨན་སྤྲུལ་དགེ་གྲགས་ལགས་ཀྱི་རེ་བསྐུལ་ལྟར་གུས་ཀྱིས་སྔོན་དྲ་རྒྱ་འགའ་བརྒྱུད་ནས་རེ་ཞུས་ཡི་གེ་ཁ་ཤས་ཕུལ་ཡང་། ཡིག་འབྲུ་གཅིག་ལག་འབྱོར་མ་བྱུང་།
ཡིན་ཡང་སྨན་སྤྲུལ་དགེ་གྲགས་ཁོང་རང་གིས་དམ་བཅའ་མ་ཉམས་པར་རང་རིགས་འདི་ལ་ཕན་ཕྱིར་ཁོ་ནས་དེབ་འདི་རྩོམ་སྒྲིགས་བྱས་པ་ཞིག་རེད། ཁོང་གིས་ད་དུང་ཐེང་དང་པོའི་དེབ་འདི་ལ་ནོར་འཁྲུལ་མང་པོ་ཞིག་ཡོད་སྲིད་ཀྱང་། དེབ་འདི་ཚར་མང་ཙམ་པར་ནས་བོད་མདོ་དབུས་ཁམས་གསུམ་ལ་ཁྱབ་པར་བྱས་ན་ཕན་པ་ཆེན་པོ་ཞིག་ཡོད་པ་དང་དགོས་ངེས་ཀྱི་དུས་ལ་བབས་ཡོད། རང་གི་མི་རིགས་འདི་བྱ་བ་སྣེ་རེ་ལ་ཡང་གོ་རྟོགས་སད་ཐུབ་པར་བྱེད་ཐུབ་ན་བོད་མི་ཞིག་ཡིན་པའི་དོན་གོ་ཆོད་པ་ཡིན་ཞེས་གསུངས་སོང་། ཐུགས་རྗེ་ཆེ།