ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། ། དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ།
རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད།
ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད།
ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན།
དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་། སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
མཐའ་མར། འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་། གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ ལ།།
ཕྱག་ན་པདྨོའི་སྐུ་ཚེ་བརྟན། །
རྒྱལ་བའི་བཀའ་དེ་ཀུན་གྱིས་སྒྲུབས། །
ནད་ཡམས་ཁྱབ་པ་སྔར་ཡང་བྱུང་། །
དེས་ན་ནད་ཡམས་རྒྱུན་ཆད་ངེས། །
སེམས་ལ་དངངས་སྒྲག་མེད་པའི་ཐོག །
ལུས་ཀྱིས་ཁ་སྣ་བཀབ་པ་དང་། །
ལག་འཁྲུད་གཞན་དང་བར་རྒྱང་ཞོགས། །
རང་ཉིད་ན་བའི་སྐབས་མེད་དོ། །
ནད་འགོ་ནད་ལས་ཐར་པའི་ཕྱིར། །
རྩ་བའི་བླ་མའི་བཀའ་བཞིན་སྒྲུབས། །
མྱུར་ཞི་མྱུར་གྲོལ་འོངས་བའི་ཕྱིར། །
སྒྲོལ་མའི་གཟུངས་སྔགས་གང་མང་གསོག །
ནད་དུག་འདི་ཡི་སྐབས་སུ་རྒྱལ་བའི་བཀའ་གནང་སེམས་ནང་ཞོགས།
མི་རྟག་འཆི་བ་སེམས་ནང་རྒྱུན་དུ་སྒོམས་དང་འཇིགས་མི་སྐྱེ།
འདུས་བྱས་ཐམས་བཅད་མི་སྡོད་འཇིག་ཞིང་རིམ་བཞིན་ཡལ་ནས་འགྲོ་།
རང་ལུས་འདི་ཡང་ནམ་འགྲོ་ནམ་ཡལ་ཆ་རྟོགས་མེད་པ་ངེས་པར་སེམས་ནས་དྲན།
རྒྱུན་དུ་སྐྱེས་རྒ་ན་འཆི་སྒོམས།
༧སྐྱབས་མགོན་རིན་པོ་ཆེས་རྟག་པར་རྐུན་མ་ལ་དཔའ་དར་དང་། སྤྱང་ཀི་ལ་ཚེ་ཐར་ཟེར་བའི་དཔེ་བཞིན་གུང་ཁྲན་ཡག་རབས་གསུང་ཡག་དེ་མང་དྲགས་མིན་འགྲོ་དྲན། དེ་འདྲ་མང་པོ་གོ་ཡོང་དུས་བོད་ནང་གུང་ཁྲན་གྱི་སྲིད་བྱུས་ལ་ཡིད་མ་རངས་ནས་ཚེ་སྲོག་ཚུན་ཆད་བློས་གཏོང་བྱེད་མཁན་དེ་དག་གི་རྣམ་ཤེས་ཚོ་རང་བཞིན་གྱིས་དྲན་ཡོང་གི།