ཆང་སྐྱེས།
ཏོག་དབྱིབས་གསར་བའི་ནད་ཡམས་ནག་རིལ་མ།།
སུ་དང་གང་གིས་འགོག་ཐབས་མ་བྱུང་བས།།
ནགས་ཚལ་ཆེན་པོ་མེ་ལ་ཤོར་བ་བཞིན།།
སུམ་གཉིས་ས་ཡི་གོ་ལ་ཕུང་ལ་སྦྱར།།
གང་གིས་བྱས་ཉེས་ལས་འཁྲུངས་ནད་འབུ་འདིས།།
ཉམ་ཆུང་ཚེ་སྲོག་མང་པོ་བཙན་གྱིས་འཕྲོག།
མི་མང་གྲངས་ལས་འདས་པ་འཇིགས་ལ་སྐུལ།།
ད་དུང་ཅི་ཞིག་འབྱུང་མིན་སུ་ཡིས་ཤེས།།
ཉིན་ཞག་འཁོར་བསྐྱོད་འགག་པའི་དུས་ཚིགས་འདིར།།
ཕྱི་ནང་འཁོར་ཡུག་སྟོང་པ་སྟོང་རྐྱང་རེད།།
འགྲོ་འོང་བཙན་གྱིས་བཀག་པའི་བཀའ་ལུང་གིས།།
སེམས་ཀྱི་ལྷིང་འཇགས་ཐོལ་གྱིས་རྨང་ནས་དཀྲོགས།།
ཆོས་སྐྱོང་སྲུང་མས་འགོག་ཐབས་མ་བྱུང་བར།།
ཚན་རྩལ་རིག་པས་མཐར་ལམ་མ་རྙེད་ན།།
ད་ནི་ཁྱིམ་དུ་འཛུལ་ནས་སྡོད་པ་ལས།།
སྐྱབས་གནས་གཞན་ཞིག་མེད་པ་གཞི་ནས་རྟོགས།།
ཁ་སྣ་ཁ་རས་དཀར་པོས་མ་བཏུམ་ན།།
ཁ་ལོག་ཚིག་ལོག་སུས་རྒྱག་མི་ཤེས་ཐལ།།
གོམ་པའི་འདེགས་འཇོག་སྤོ་སྟངས་མ་ཤེས་ཚེས།།
ལམ་ནས་འགྲོ་དུས་ལྷམ་འགོར་འགོས་ཡོང་ཟེར།།
བསམ་གཞིག་མགོ་བོ་ལག་པས་སྐྱོར་བཞིན་དུ།།
སྙན་ངག་ཐན་ཐུན་བཙན་གྱིས་སྒྲིག་ཞོརཏུ།།
མཛའ་གཞས་སྙན་མོ་ཞིག་གི་ཁུགས་སོ་ན།།
རང་སེམས་རང་གིས་གསོ་ཁུལ་བྱས་ནས་ཡོད།།