ཆབ་མདོ་ངག་ཕུན་གྱིས།
སྔོན་གླེང་།
དེང་སྐབས་རྒྱ་ནག་ཧུར་ཝུ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་འདབ་ཆགས་རིགས་ཚད་ལས་བརྒལ་བའི་བཟས་པའི་དབང་གིས་གློ་བུར་ནད་དུག་འགོས་ནས་མི་རྣམས་དཀའ་སྡུག་གི་འོག་ཏུ་ལྷུང་དགོས་བཟོས་ཡོད་ཅིང་། ན་ཚ་དེ་ཉིད་མི་ཁྲི་ཕྲག་མང་པོར་འགོས་པ་དང་། མི་བརྒྱ་ཕྲག་ཁ་ཤས་གྲོངས་པ། མི་ཁྲི་ཕྲག་མང་པོར་འགོས་ནས་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པ་སོགས་ཀྱིས་འཛམ་གླིང་གི་མི་རྣམས་འཇིག་སྐྲག་གི་འོག་ཏུ་གནས་དགོས་པའི་བཟོས་ཡོད། ད་རེས་ན་ཚ་འདི་ནི་ཤ་རིགས་འདྲ་མིན་བཟས་པ་ལས་བྱུང་བའི་ནད་ཡམས་ཤིག་ཡིན་པ་བསྒྲགས་ཀྱི་ཡོད། དེ་འདྲ་ཡིན་ན་ད་ནི་ཤ་རིགས་འདྲ་མིན་བཟའ་མི་རུང་བའི་སྔོན་བརྡ་ཞིག་ཡིན་པས། ད་དུང་བསམ་ཤེས་མེད་པའི་མུ་མཐུད་དེ་འདྲའི་བཟས་བསྡད་ན། འགྲོ་བ་མི་རྣམས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་ནི་ད་རེས་འདིས་སྔོན་བརྡ་གསལ་པོ་ཞིག་ཀྱང་རེད་སྙམ། མི་རྣམས་ཀྱིས་དུད་འགྲོ་གསོན་པོའི་ཤ་བཟའ་བ་སོགས་ཀྱི་བསམ་ཡུལ་འདས་པའི་དུད་འགྲོ་ལ་སྡུག་སྦྱོང་གཏོང་གི་འདི་འདུག་ན། མ་འོངས་པ་དེ་འདྲ་རིགས་གཏན་ནས་མི་རུང་བ་ཞིག་ཀྱང་ཡིན། སོ་སོའི་ལུས་སྟེང་ལ་གྲི་བཙུགས་ན་ན་ཟུག་ག་ཚོད་གཅིག་ཡོད་པ་ཧ་གོ་བའི་ཐོག་ནས་གཞན་གྱི་ལུས་ཐོག་ཏུ་གྲི་བཙུགས་ན་ན་ཟུག་ག་ཚོད་ཡོད་མ་རེད་དམ། དེ་འདྲའི་བསམ་བློ་གཏང་དགོས་རྒྱུ་ཧ་ཅང་གལ་ཆེའི་གནད་དོན་ཞིག་རེད་སྙམ།
༄༅། །དེ་ཡང་བྱ་རྒོད་རྒྱ་མཚོའི་འགྲམ་གྱི་ཤིང་སྡོང་གི་སྟེང་དུ་འབབ་ནས་ཕྱོགས་གང་སར་བྱ་ར་ནས་བསྡད་པ་དང་། རྒྱ་མཚོའི་འགྲམ་གྱི་ཁུལ་དེར་ཟ་ཁང་ཧ་ཅང་མང་པོ་ཞིག་ཡོད་པ་མཐོང་ཞིང་། གནས་དེར་ཡུལ་སྐོར་སྤྲོ་འཁྱམ་ལ་ཡོང་མཁན་དེ་ལས་ཀྱང་མང་། དེར་བརྟེན་གནས་དེར་ཟ་ཁང་དེ་དག་ནང་དུད་འགྲོ་འདྲ་མིན་གྱི་ཁ་ལག་བཟའ་རྒྱུ་ཡོད་ཅིང་། དུད་འགྲོ་གསོན་པོ་ལྕགས་ཁྲ་ནང་དུ་བཅུག་ནས་བཞག་ཡོད་པ་དང། ཤར་ཕྱོགས་པའི་མི་རྣམས་ཀྱིས་གང་ཞིག་ཟ་འདོད་ཡོད་ཚེ་ལམ་སང་གསོན་པོ་ཐབ་ཀྱི་སླ་ང་ནང་དུ་རྔོ་བཞིན་ཡོད། དེ་དག་བྱ་རྒོད་ཀྱིས་མཐོང་བ་དང་། སྲོག་ཆགས་དེ་དག་དངངས་སྐྲག་དང་། ན་ཟུག་གི་སྐད་ངན་ཤོར་གྱི་ཡོད་པ་བྱ་རྒོད་ཀྱི་རྣ་བ་ནང་དུ་སྒྲ་ལྷང་ལྷང་ཐོས། ཡིན་ནའང་ཤར་ཕྱོགས་པའི་མི་དེ་དག་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པས། རྔོ་རྐྱང་བྱེད་པ་མཐོང་ཞིང་། བྱ་རྒོད་ཀྱིས་སྙིང་ནང་དུ་བཟོད་ཐབས་མེད་པས་ན་ཟུག་བཏང་བ་དང་འབྲེལ་དེ་འདྲ་ཞིག་མུ་མཐུད་དེ་བྱས་ནས་བསྡད་ན་ཁྱོན་ནས་ཡོང་བ་ཞིག་མི་འདུག་སྙམ་ནས་འདབ་ཆགས་ཚང་མ་འཛོམས་དགོས་པ་བརྡ་སྦྱར།
དུས་རྒྱུན་ཡིན་ན་བྱ་རྒོད་ཀྱི་དེ་འདྲའི་རིགས་སུ་དོ་སྣང་བྱེད་ཀྱི་མེད་པས། དེ་རིང་འདབ་ཆགས་རྣམས་དམར་རི་ལུང་པར་འཛོམས་དགོས་པའི་བརྡ་སྦྱར་དགོས་དོན་གང་ཡིན་ན་བསམ་ནས་འདབ་ཆགས་ཚང་མ་ཛ་དྲག་ངང་ནས་དུས་གཅིག་ཏུ་འཛོམས། དེ་ཡང་གོ་བོ། བྱ་གླག།།ཁྲ། སྤིང་ཀྱུར་མ། ནེ་ལེ། བྱ་རོག །ཀྱུང་ཀ། ཁུ་བྱུག །སྤུ་ཤུད། ཁ་ཏྭ། ཁུང་ལིང་། ཟིང་མོང་། ཕུག་རོན། ཁུག་རྟ། འུག་པ། སྲེག་པ། གོང་མོ། བྱ་དམར་མ། བྱ་ངང་པ། འུག་གུ། མཐིབ་བྱིའུ། འཇོལ་མོ། འཆིལ་པ། བྱི་རྒོད་མ། བྱིས་བླ་མ། གངས་བྱིའུ། ནས་བྱིའུ། ཕ་ཝང་སོགས་བདག་མེད་འདབ་ཆགས་རྣམས་འཛོམས་ནས་དེ་རིང་བྱ་རྒོད་ལ་བཟང་ངན་གྱིས་གཏམ་གང་ཞིག་བཤད་རྒྱུ་ཡོད་ན་བསམ་ནས་འདབ་ཆགས་རྣམས་ཀྱིས་ཨ་མཆོག་ཀྲོང་ཀྲོང་བྱས་ཏེ་ཉན་ནས་བསྡད། བྱ་རྒོད་ཀྱིས་ཤིང་སྡོང་སྟེང་ནས་གཤོག་སྒྲོ་བརྡབ་ཙམ་ཐེངས་འགའ་བྱས་ཏེ།
དེ་རིང་བདག་མེད་འདབ་ཆགས་རྣམས་གནས་འདི་རུ་འཛོམས་དགོས་དོན་ནི། རྣམ་པ་ཚོས་ལྟོས་དང་རྒྱ་མཚོ་འགྲམ་གྱི་ཟ་ཁང་འདི་ནང་དུ་གང་ཞིག་བྱེད་ཀྱི་འདུག། བདག་མེད་ང་ཚོ་རིགས་རྒྱུད་གཅིག་པ་དུ་མ་ཞིག་ལྕགས་ཁྲའི་ནང་དུ་བཅུག་ནས་གསོན་པོ་པགས་པ་བཤུ་ནས་སྣུམ་ནང་རྔོ་བ་དང་། གསོན་པོ་ཤ་ཟ་བ་སོགས་བྱེད་ཀྱི་འདུག་ཅིང་། སྔོན་དུས་ཡིན་ན་མི་རྣམས་ཀྱིས་སྲོག་ཆགས་འདྲ་མིན་བསད་ནས་ཟ་བའི་ལུགས་སྲོལ་ཞིག་གཏན་ནས་མེད་ཅིང་། དེང་སྐབས་ནི་དེ་ལས་ལྡོག་སྟེ་སྲོག་ཆགས་མིག་གིས་མཐོང་ཚད་བསད་ནས་ཟ་ཞིང་། དེ་ཡང་འགའ་ཤས་གསོན་པོ་མེར་བསྲེགས་ནས་ཟ་བ་དང་། འགའ་ཤས་ནི་གསོན་པོ་ཤ་ཁོ་ན་ཟ་བ་སོགས་བྱེད་ཀྱི་འདུག་ཅིང་།
ལྷག་པར་བདག་མེད་འདབ་ཆགས་འགས་ཤས་ཀྱི་ཤ་རིགས་ལ་དུག་ཡོད་ལུགས་བརྗོད་ནས་དེ་སྔོན་ཡིན་ན་ཟ་སྲོལ་ཁྱོན་ནས་མེད་པ་རེད། དེང་སྐབས་ནི་དུག་ཡོད་མེད་ལ་མ་བསྟོས་པས་བདག་མེད་དུད་འགྲོ་ཡིན་ཚད་ཚང་མ་བསད་ནས་ཟ་ལུགས་འདིས་ང་ཚོ་བདག་མེད་འདབ་ཆགས་རྣམས་ཀྱི་སེམས་རྒྱུད་ལ་སྨྲ་མི་ཤེས་པའི་དཀའ་སྡུག་གི་གནས་སྟངས་ཤིག་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་དེ་རིང་བདག་མེད་འདབ་ཆགས་རྣམས་འཛོམས་ནས་དེའི་སྐོར་ལ་རང་རང་སོ་སོའི་བསམ་ཚུལ་གང་ཞིག་ཡོད་ཚེ་བཤད་ན་ཡག་པོ་མེད་དམ་སྙམ་ནས་རྣམ་པ་ཚོ་སྐད་བཏང་བ་ཡིན་རབས་སོགས་བཤད་པ་དང་། བྱ་རྒོད་ཀྱིས་བཤད་པའི་གཏམ་དེ་དག་གོ་རྗེས་འདབ་ཆགས་རྣམས་སྐབས་གཅིག་གི་རིང་དུ་སྨྲ་བས་འུར་སྒྲ་མེད་ཅིང་འཇམ་ཐེང་ངེར་གྱུར།
དེ་ནས་གཡོན་ཟུར་ཤུག་སྡོང་སྟེང་ནས་གོང་མོས་མགོ་བོ་སྒུར་ཙམ་ཐེངས་འགའ་བྱས་ཏེ་བརྗོད་དོན་ལས། ཡ་དེ་རིང་འདིར་འཛོམས་པས་བདག་མེད་ཤ་ཁྲག་རིགས་རྒྱུད་གཅིག་པའི་འདབ་ཆགས་རྣམས་ཀྱི་རྣ་བ་གཞན་ལ་མ་གཡེང་ནས་ཡག་པོ་བྱས་ཏེ་ཉོན་ཨང་། གོང་དུ་བྱ་རྒོད་ཀྱིས་བཤད་པ་དེ་དག་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་སྙམ། རྒྱུ་མཚན་ང་ནི་རི་མཐོ་ས་གཙང་ཞིང་། གངས་རིའི་འདབས་སུ་གནས་བཞིན་ཡོད་ཅིང་། སྤྱིར་ལུང་པ་ལ་ཕུ་མདའ་གཉིས་ཡོད་པ་ལས་ལུང་པའི་ཕུ་མ་གཏོགས་མདའ་ལ་དེ་ཙམ་གྱིས་རྒྱུས་མངའ་མེད་ནའང་། དེང་སྐབས་མི་རྣམས་ཀྱི་བྱེད་སྟངས་དེ་དག་མིག་གིས་ཡང་ཡང་མཐོང་གི་འདུག་ཅིང་། སྔོན་མ་ཡིན་ན་ང་ལ་ལྷ་བྱ་གོང་མོ་ཞེས་མི་རྣམས་ཀྱིས་ལྷ་བྱ་ཞིག་ཏུ་ངོས་འཛིན་ནས་ང་ཚོར་གནོད་འཚེ་གཏོང་མཁན་ཁྱོན་ནས་མེད་པ་རེད། དེང་སྐབས་གོང་མོའི་ཤ་ནི་གཞན་དང་མ་འདྲ་བའི་བྲོ་བ་དང་། ནད་རིགས་དུ་མ་ཞིག་ལ་ཕན་རླབས་ཡོད་རབས་གླེང་ནས་མི་རྣམས་ཀྱིས་ང་ཚོའི་ཚེ་འཕྲོག་བཞིན་ཡོད་ལ། ང་ཚོ་ནི་དཀའ་སྡུག་གིས་གནས་སུ་ལྷུང་ཡོད། འགྲོ་བ་མི་རྣམས་ཀྱི་བྱེད་སྟངས་དེ་དག་ལ་སེམས་འཚབ་ཡོད་ནའང་སེམས་ནང་དྲན་ཡང་ལུས་པོ་མ་འདང་ཞེས་པ་ལྟར་གྱུར་གྱི་ཡོད། དེ་རིང་བྱ་རྒོད་ཀྱི་དགོངས་པ་གཏིང་ཟབ་བཞེས་ནས་འདབ་ཆགས་སྤྱིའི་བདེ་སྡུག་ཆེད་དུ་འདུས་འཛོམས་འདི་འདྲ་ཞིག་གནང་བ་དེར་ཐོག་མ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ལྷག་པར་ང་ཚོ་བྱ་གོང་མོའི་རིགས་ཡོངས་ཀྱིས་ཚབ་ཞུས་ཏེ་བྱ་རྒོད་ཀྱི་བསམ་ཚུལ་དེ་དག་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་གོང་བརྗོད་ལྟར་དེང་སྐབས་སྐྱེ་བོ་རྣམས་ནི་ཧ་ཅང་ཐལ་དྲག་པའི་ལས་དོན་བྱེད་ཀྱི་འདུག་ཅིང་། དཔེར་ན་སྔོན་མ་ཡིན་ན་འདབ་ཆགས་ཤ་ཟ་བའི་ལུགས་སྲོལ་ཉུང་ཉུང་ཡིན། འོན་ཀྱང་དེང་སྐབས་ལུང་པ་འགའ་ཤས་ནང་དུ་མི་རྒས་དར་གཞོན་གསུམ་གྱིས་དུད་འགྲོ་སྲོག་ཆགས་ཡིན་ཚད་ཚང་མའི་ཤ་ཟ་ཆོག་པ་ཞིག་ཏུ་ངོས་འཛིན་ནས་ཟ་རྐྱང་དང་། བསད་རྐྱང་བྱེད་བཞིན་འདུག་ཅིང་། དེ་དག་ནི་རང་བཞིན་གྱིས་བློ་ཕམ་བྱེད་དགོས་པའི་གནས་དོན་ཞིག་རེད་ཟེེར།
དེ་ནས་ཁུ་བྱུག་གིས་ཕ་བོང་ནར་མོ་ཞིག་གིས་སྟེང་ནས་གཤོག་སྒྲོ་དཀྲུག་དཀྲུག་ཐེངས་འགའ་བྱས་ཏེ། ང་ནི་དགུན་དུས་མོན་ཡུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། མོན་ཡུལ་དུ་བསྡད་དུས་ངས་སྐད་སྙན་པོ་སྒྲོག་གི་མེད་པས། མོན་པ་མི་ཚོས། “བཟས་ཞིམ་པོ་རང་ཡུལ་ལུང་ནས་བཟའ། སྐད་སྙན་པོ་མི་ཡུལ་ལུང་ལ་རྒྱབ་”ཅེས་བརྗོད་དེ་དམའ་འབེབས་བྱེད་ཀྱི་ཡོད། དབྱར་དུས་ས་ཕྱོགས་གཞན་ལ་ཕྱིན་ནས་ས་ཆ་ག་སྐྱིད་ལ་འཕུར་ནས་སྐད་སྙན་སྦྱིན་གྱི་ཡོད་ཅིང་། མི་ཚོས་ཀྱང་ངས་སྐད་གོ་བ་དང་། “ཨ་བྱ་ལྷ་བྱ། ཁྱོད་མ་ཤི་ང་ལ་ཐུག་པར་ཤོག །ང་མ་ཤི་ཁྱོད་ལ་ཐུག་པར་ཤོག” །ཅེས་སྨོན་ལམ་འདེབས་ཀྱི་ཡོད། མི་རྣམས་ཀྱི་དེ་འདྲའི་སྨོན་ལམ་འདེབས་པ་གོ་དུས་ངའི་སེམས་ནང་དུ་ཚད་མེད་པའི་སྐྱིད་སྣང་ཤར་གྱི་འདུག །ལྷག་པར་ང་ས་ཕྱོགས་གང་སར་འཕུར་ནས་མཐོང་བསྡད་པ་ནི་སྔོན་དང་མ་འདྲ་བའི་དེང་སྐབས་མི་རྣམས་འདབ་ཆགས་བསད་པ་ཙམ་མ་ཟད་གསོན་པོ་ཟ་བཞིན་འདུག་ཅིང་། གསོན་པོ་སྣུམ་ནང་རྔོ་བ་སོགས་ཀྱི་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་བྱེད་བཞིན་འདུག །མིས་བྱེད་སྟངས་དེ་དག་མཐོང་དུས་རང་དབང་མེད་པར་ཡིད་ཐང་ཆད་དགོས་པའི་གནས་སྟངས་ཤིག་རེད་ཟེར་བཞིན་ཡིད་སྐྱོ་བའི་རྣམ་པ་བསྟན།
དེ་ནས་བདག་མེད་འདབ་ཆགས་རྣམས་ཕན་ཚུན་བསམ་ཚུལ་ཤོད་བཞིན་པའི་སྐབས་དེར། ཁ་ཏྭ་ཕ་བོང་གཡག་རོ་ཙམ་ཞིག་གི་སྒང་ལ་འབབ་ནས་མཆུ་ཏོ་ཕ་བོང་ལ་ཕྱིས་ཙམ་ཐེངས་འགའ་བྱས་ཤིང་། དེ་ནས་དེང་སྐབས་མི་རྣམས་བྱ་སྤྱོད་ཚད་ལས་བརྒལ་བ་འདིས་ད་ནི་བདག་མེད་ང་ཚོ་འཇིག་རྟེན་གྱི་ཁམས་འདིར་ཚོར་སྡོད་བྱེད་ཁག་པོ་གྱུར་གྱི་འདུག་ཅིང་། མིས་བྱ་སྤྱོད་དེ་དག་མཐོང་ཚེ་ང་ནི་རང་བཞིན་མེད་པའི་ཡིད་ཐང་ཆད་དགོས་པའི་དུས་སྐབས་ཤིག་ཤར་གྱི་འདུག །སྔོན་མ་ཡིན་ན་མི་རྣམས་ཀྱིས་གང་བྱུང་མ་བྱུང་གི་དུད་འགྲོ་བསད་ཅིང་ཟ་སྲོལ་གཏན་ནས་མེད་ཅིང་། རི་ངོས་སྲོག་ཆགས་གང་བྱུང་བསད་པ་ཡིན་ན་མི་ལ་ནད་ཡམས་རྒྱུན་ཆད་མེད་པ་ཡོང་བའི་ངོས་འཛིན་བྱེད་སྲོལ་ཡོད་ཅིང་། དེ་བཞིན་གང་བྱུང་མ་བྱུང་གི་རི་ངོས་ཤིང་ནགས་ཀྱང་གཅོད་འབྲེག་མི་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་རེད། དེང་སྐབས་དེ་ལས་ལྡོག་སྟེ་ཁོར་ཡུག་འབག་བཙོག་བཟོ་བ་དང་། གང་བྱུང་གིས་ཤིང་ནགས་གཅོད་འབྲེག་མང་པས་ང་ཚོ་ཚང་བཟོ་སའི་ཤིང་སྡོང་ཡང་མེད་པར་འགྱུར་བཞིན་ཡོད། བྱ་ཚང་བཟོ་སྟེ་སྒོ་ང་བཞག་པའི་སྐབས་ཤིང་སྡོང་འབྲེག་ནས་སྒོ་ང་ཚང་མ་བཅག་པ་མ་ཟད། སོ་སོ་སྡོད་སའི་ཚང་ཡང་མེད་པ་གྱུར་ནས་དཀའ་སྡུག་གི་འོག་ཏུ་ལྷག་གི་ཡོད། དེ་བཞིན་ཁོར་ཡུག་མཛེས་སྡུག་པ་དེ་དག་དེང་སྐབས་རྟ་རྒས་རྒྱབ་ཆད་ནང་བཞིན་བསྒྱུར་ཡོད།
ལྷག་པར་བོད་མི་རིགས་ལྟ་བུ་མཚོན་པ་ཡིན་ན་དུད་འགྲོ་སྦར་མོ་ཡོད་མཁན་གྱི་རིགས་དེ་ལས་ཀྱང་ཟ་རྒྱུར་འཛེམས་སྲོལ་ཡོད་པ་རེད། དེང་སྐབས་མི་རྣམས་ཀྱིས་སྔོན་དུས་མི་རྣམས་གླེན་པ་རེད་གང་ཡང་ཤེས་ཀྱི་མ་རེད་ཅེས་མཐོང་ཆུང་དང་། དམའ་འབེབས་བྱེད་ཀྱི་ཡོད་མོད། དེང་སྐབས་མིའི་རྣམ་དཔྱོད་གོང་དུ་འཕེལ་རྒྱས་ཕྱིན་ཡོད་ནའང་། མིའི་སེམས་རྒྱུད་ལ་བྱམས་བརྩེ་ཟེར་བའི་ཚིག་དེ་མེད་པ་གྱུར་ཅིང་། དུད་འགྲོ་ཡིན་ཚད་ཚང་མ་བསད་ནས་ཟ་རྐྱང་བྱེད་པ་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་མ་རེད་དམ་ཟེར་བཞིན་སེམས་སྐྱོ་བའི་རྣམ་འགྱུར་དང་བཅས་གཤོག་སྒྲོ་དཀྲུག་ཙམ་བྱས་ཏེ་བསྡད།
མཐར་དེ་དང་དེ་འདྲ་བའི་མང་པོ་ཕན་ཚུན་བཤད་རེས་བྱེད་བཞིན་པའི་སྐབས་དེར། ཕ་ཝང་ཞིག་གིས་ཡིད་སྐྱོ་བའི་རྣམ་པའི་ཞིག་སྟོན་ནས་དེ་ལྟར། དེང་ཤར་གྱི་ཕྱོགས་སུ་ང་གནས་ཤིང་ཚོར་སྡོད་བྱེད་ཀྱི་ཡོད་ཅིང་། གནའ་མོ་ཡིན་ན་ངའི་ཚེ་སྲོག་ལ་ཉེན་ཁ་དེ་ཙམ་མེད་ཅིང་ང་ཚོ་ཚང་མ་ཞི་བདེ་བག་ཕེབས་ཀྱི་ངང་ནས་རང་རང་སོ་སོའི་ཚོར་བ་རོལ་གྱི་ཡོད། འོན་ཀྱང་དེང་སྐབས་ཤར་ཕྱོགས་པ་རྣམས་ཟ་རྒྱུ་ཁོ་ན་ལས་མ་འོངས་པ་འཇུག་འབྲས་ལ་ལྟ་མཁན་མེད་པར་གྱུར་ཟིན་པ་བརྟེན། ང་ཚོ་བསད་ནས་ཟ་བ་མ་ཚད་གསོན་པོ་བསད་ནས་ཟ་བཞིན་འདུག་ཅིང་། ངས་ཕ་མ་གཉིས་ཀྱང་གསོན་པོ་བཟུང་ནས་ཤར་ཕྱོགས་པས་བཟས་སོང་། ང་ཚོ་ཕ་མ་གཉིས་ཀྱིས་ང་ཚོའི་རིགས་རྒྱུད་བསད་ནས་མ་ཟ་མ་གཏོགས་ཁྱོད་ཚོ་ནད་དུག་འགོས་ནས་དཀལ་འཕྲད་ཀྱི་རེད་ཅེས་ལག་པོ་ཐལ་མོ་སྦྱར་ཏེ་ཞུ་བ་ག་ཚད་ཞུ་བ་ཕུལ་ན་ཡང་ཉན་འཇོག་ཁྱོན་ནས་མ་བྱས་པས་བསད་ནས་བཟས་པ་རེད། མཐར་ཐུག་མཇུག་འབྲས་ངན་པའི་ད་ལྟ་འཛམ་གླིང་སྐྱོ་བོ་ཀུན་འཇིག་སྐྲག་གི་གནས་སྟངས་འོག་ཏུ་གནས་དགོས་པའི་ཏོག་དབྱིབས་ཀྱི་ནད་ཡམས་ཀྱི་གནས་སྟངས་འདི་འདྲ་ཞིག་གྱུར་པ་རེད། དེ་འདྲའི་འཇིག་སྐྲག་སྐྱེ་དགོས་པ་བཟོ་མཁན་དེ་སུ་རེད་ཟེར་ན་མི་རེད། མིས་མི་བྱེད་དགུ་བྱེད་བྱས་པའི་དབང་གིས་ཛ་དྲག་གནས་སྟངས་འདི་བྱུང་བ་རེད། བྱ་བྱེད་མང་ན་བྱ་རྐང་ཆག་ཟེར་བའི་དཔེ་ནང་བཞིན་གྱུར་པ་རེད། ད་དུང་ཡིད་ཟབ་མ་བྱས་ཚེ་དེ་ལས་དངངས་འཚབ་ཆེ་བ་ཡོང་རྒྱུ་ཡིན་པ་ནི་བཤད་མ་དགོས་སོ་བརྗོད་པ་དང་།
དེ་ནས་འདབ་ཆགས་རྣམས་ནང་ནས་གཙོ་བོ་ཁུ་བྱུག་གིས་ད་རེས་ཕ་ཝང་བསད་ནས་ཟོས་པའི་དབང་གིས་མི་རྣམས་དཀའ་སྡུག་གིས་གནས་སུ་ལྷུང་འདུག་ན། མ་འོངས་པ་གང་བྱུང་མ་བྱུང་གི་ཤ་རིགས་ཟ་རྒྱུ་མི་འདུག་སྙམ་པས་འགྲོ་བ་མི་རྣམས་ཀྱི་སེམས་རྒྱུད་ལ་སྔོན་བརྡ་ཞིག་ད་རེས་ཏོག་དབྱིབས་ནད་ཡམས་འདིས་ཡོང་བའི་རེ་བ་ཡོད། ད་རེས་ཀྱི་ཏོག་དབྱིབས་ཀྱི་ནད་ཡམས་འདིས་དབང་གི་རྒྱལ་ཁབ་གཅིག་གིས་བདག་མེད་སྲོག་ཆགས་རིགས་གང་བྱུང་བསད་མི་ཆོག་པའི་ཁྲིམས་ལུགས་གསར་དུ་བཟོས་པས། དེ་ནི་ང་ཚོའི་རྒྱལ་ཁ་ཆུང་ཆུང་ཞིག་ཐོབ་པ་རེད། ཡིན་ནའང་བདག་མེད་ང་ཚོའི་ད་དུང་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་བྱེད་དགོས་ཚུལ་སོགས་བརྗོད་ནས་གྲོལ། དེ་ནས་ཁུ་བྱུག་གིས་ཤུག་སྡོང་སྟེང་ནས་གཤོག་སྒྲོ་དཀྲུག་ཙམ་ཐེངས་འགའ་བྱས་ཏེ་འགྲོ་བ་མི་རྣམས་ལ་གང་དྲན་གྱི་གདམས་པའི་བསླབ་བྱ་འགྱུར་མེད་སེམས་ཀྱི་དབྱངས་རྟ་ལ་འདི་ལྟར་ཞིག་དྲངས་སོ།། །།
འདབ་ཆགས་ཡོངས་ཀྱི་ལྷ་ཚོགས་རྣམས།། མི་བྲལ་ཐུགས་རྗེའི་སྤྱན་གྱིས་གཟིགས།།
ཉམ་ཆུང་འདབ་ཆགས་ཚོགས་རྣམས་ལ།། ཉེ་རིང་མེད་པར་བརྩེ་བས་གཟིགས།།
མ་ཧཱ་ཙི་ནའི་ཡུལ་ཕྱོགས་སུ།། ཏོག་དབྱིབས་ནད་དུག་དར་ཁྱབ་ཕྱིན།།
མི་ཡི་ཚེ་སྲོག་དབང་མེད་འཕྲོག མི་རྣམས་དངངས་སྐྲག་གནས་སུ་ལྷུང་།།
ཕར་འགྲོ་ཚུར་ཡོང་མ་གནང་ཞིག།།ཚེ་སྲོག་འཕྲོག་པའི་ཉེན་ཁ་ཡོད།།
རང་ལ་ནད་ཡམས་འགོས་པ་ན།། རང་ཉིད་ཙམ་དུ་མ་ཟད་པའི།།
གཞན་རྣམས་ཚེ་སྲོག་འཕྲོག་ཉེན་ཡོད།། དེར་བརྟེན་ཕྱི་ལ་མ་འཁྱམ་ཤིག།།
ཁ་ལ་ཁ་རས་ཡག་པོ་གྱོན།། ལུས་ལ་གྱོན་ཆས་གཙང་མ་གྱོན།།
ལག་པ་ཡང་ཡང་གཙང་མ་བཀྲུས།། བཞེས་ལག་དུས་ཚོད་རྟག་རྟག་ཟོ།།
དེ་མིན་འགོས་ནད་འགོས་པ་ན།། རང་ཉིད་ཙམ་དུ་མ་ཟད་པའི།།
སྤུན་མཆེད་ལ་སོགས་ཉེ་འབྲེལ་རྣམས།། སྡུག་བསྔལ་གནས་སུ་ལྷུང་ངེས་སོ།།
དེ་དག་ཐམས་ཅད་ཡིད་དུ་བཟུང་།། གཟབ་གཟབ་གནང་དང་འགྲོ་བ་རྣམས།།
མཐོང་ཚད་ཁ་ལ་བཟའ་མི་ཉན།། དྲན་ཚད་གཞན་ལ་བཤད་མི་ཉན།།
བསམ་ཚད་ལག་ཏུ་ལེན་མི་ཉན།། ཆང་རག་ཚོད་མེད་འཐུང་མི་ཉན།།
ཚད་བརྒལ་རྒྱས་སྤྲོད་བྱེད་མི་ཉན། འབྱོར་མདོག་གཞན་ལ་ངོམ་མི་ཉན།།
གཞན་ལ་མཐོང་ཆུང་བྱེད་མི་ཉན།། རྒན་པ་གུས་བཀུར་བྱེད་པ་ལས།།
བརྙས་བཅོས་གཏན་ནས་བྱེད་མི་རུང་།། རང་གི་སྲོག་ལ་ཐུག་ན་ཡང་།།
དྲིན་ཅན་རྩ་བའི་བླ་མ་ལ།། ཁ་གཏོང་དད་ལོག་བྱེད་མི་རུང་།།
བརྟག་དཔྱད་ཞིབ་འཇུག་མ་བྱས་པར།། གཞན་ཟེར་རྗེས་སུ་བགྲང་མི་རུང་།།
དྲིན་གྱིས་བསྐྱངས་པའི་ཕ་མ་ལ།། ཅི་གསུང་ཁ་ལ་ཉན་པ་ལས།།
མ་འདོད་རྣམ་འགྱུར་སྟོན་མི་ཉན།། དུས་ཚོད་ནམ་ཡོད་དཔེ་ཀློག་ལས།།
ཁ་གཡེང་མིག་གཡེང་བྱེད་མི་རུང་།། རང་ཉིད་ལོ་ཆུང་ཡིན་སྙམ་ནས།།
མི་ཤི་སྙམ་པ་བྱེད་མི་རུང་།། འཆི་བདག་ནམ་ཡོང་སུ་ཡི་རྟོགས།།
རྒྱན་དང་ཤོ་རྩེད་བྱེད་མི་རུང་།། ཚད་བརྒལ་རྒྱན་འཛུགས་བྱས་པ་ན།།
རང་དང་མ་ཚད་ནང་མི་རྣམས།། དཀའ་སྡུག་གནས་སུ་ལྷུང་བ་ཡིན།།
དེ་དག་ངེས་པར་ཡིད་དུ་བཟུང་།། དགོང་མོ་སྔ་ཙམ་མར་ལ་ཉོལ།།
ཞོགས་པ་སྔ་ཙམ་ཡར་ལ་བཞེངས། ཞོགས་པ་སྔ་པོ་བཞེངས་པ་ན།།
གཟུགས་པོའི་འཕྲོད་བསྟེན་ཕན་པ་སྐད།། ལུས་སྦྱོང་གནང་ན་དེ་ལས་ཕན།།
སོ་སོ་གནས་སའི་ཁོར་ཡུག་དེ།། རང་ཉིད་གནས་སའི་ཁྱིམ་དྲན་ནས།།
བདག་གཅེས་ཡག་པོ་གནང་དགོས་ལས།། གད་སྙིགས་གང་བྱུང་གཡུག་མི་ཉན།།
རི་ངོས་སྔོ་ལྗང་ལྗོན་ཤིང་རྣམས།། གང་བྱུང་གཅོད་འབྲེག་བྱེད་མི་ཉན།།
མ་ཤེས་ཤེས་མདོག་མང་པོ་ཞིག།།སེམས་ཀྱི་གཏིང་ནས་ཤོར་སོང་བས།།
ཀུན་གྱིས་ཐུགས་ལ་དེ་ལྟར་ཞོགས།། ནོར་བ་མཆིས་ཚེ་ཐོ་ལོ་བཤགས།།
ཞེས་བརྗོད་པ་དང་། འདབ་ཆགས་ཚོགས་ཀྱིས་ཁུ་བྱུག་བཤད་པ་དེ་དག་བདེན་པ་གོ་ནས། ཁུ་བྱུག་ནི་བྱ་བརྒྱ་ཀུན་གྱི་དཔོན་པོ་རེད་ལ་དོན་ལའང་གནས་འདུག་བསམ་སྟེ་ཚང་མའི་མགོ་བོ་སྒུར་སྒུར་ཐེངས་གསུམ་ཙམ་བྱས་ཏེ་རིམ་གྱིས་འདུ་འཛོམས་དལ་གྱིས་གྲོལ་བ་རེད་དོ།། །།
ཆབ་མདོ་ངག་ཕུན་གྱིས་བྲིས་པའི།
དུད་འགྲོ་གསོད་སྟངས་གསོད་ལུགས་དག
རིགས་པ་མ་ཡིན་འདོད་པ་བཞིན་
ཐེངས་འདང་ཡོང་སོགས་ཡིག་སྐད་དུའོ།
བོད་ཀྱི་སྐད་ལ། ཡིག་སྐད་དང་། ཁ་སྐད། གཉིས་སུ་དབྱེ་དགོས། ཡི་གེ་བཀོལ་མཁན་ཡོངས་རྫོགས་ཀྱིས། ཡིག་སྐད། ཐང་། ལྡང་། འོང་། སོགས་བཀོལ་སྤྱོད་དགོས། བོད་ཀྱི་ལོ་ཙ་པ་ཉི་མ་ལྟ་བུ། སྐ་བ་དཔལ་བརྩེགས་ཀྱིས།
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། ཞེས་དང་། དེ་སྙེད་ཀོ་བས་ག་ལ་ལྡང་། ཞེས་དང་། འགྲོ། འོང་། ཡིག་སྐད་ལ་མང་དུ་མཆིས་སོ།
ཁ་སྐད་ཡིན་པ་དེ། ཡིགསྐད་ཡིན་པར་བསམས་ཏེ། འབྲི་བ་པོ་ཁེངས་ནས་ཡོད་པས། སྔར་བསྒྱུར་པའི་བཀའ་འགྱུར་དང་བསྟན་འགྱུར་སོགས་ལྟཅི། ཆོས་རྗེ་ས་སྐྱ་པཎཌི་ཏ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། རྗེ་ཙོང་ཁ་པ། གཙང་སྨྱོན་ཧེ་རུ་ཀ་སོགས་པས་བྲིས་པར་མཛད་པ་རྣམས་མ་འོངས་པ་ན། ཇི་ལྟར་འགྱུར། རང་ཅག་གིས་མི་ཤེས་སོ།
ཡིག་ནོར་ཀུན་ལ་ཞུས་དག་མཛད་ན། བོད་སྐད་ཡུན་རིངས་པོར་གནས་པའི་ཞབས་འདེགས་སུ་འགྱུར་རོ།
༸ས་སྐྱ་༸གོང་མས།
https://www.facebook.com/groups/214782235238284/wp/199380201294409/
་་་་་་་་་་ ཐང་། ལྡང་། འོང་། སོགས་བཀོལ་སྤྱོད་དགོས། ་་་་་་་་་་
་
འདི་ནི།
ང་ལ་དུས་ཚོད་ལྡང་བ་མེད་ན་ཡང་། ངས་ཐང་མ་མང་པོར་ཁ་སྐད་ཡོང་དེ། ཡིག་སྐད་དུ་འོང་ཞེས་བྲིས་ན་ལེགས་པའི་ཁུངས་དང་བཅས་བྲིས་ཡོད་ཅེས་པ་ལྟ་བུའོ།།
ཆབ་མདོ་ངག་ཕུན་ལགས། ཁྱེད་ཀྱི་དེ་སྔོན་གྱི་རྩོམ་ཡིག་དང་ད་ལྟའི་རྩོམ་ཡིག་བཅས་འཇལ་བ་ཡིན། ཁྱེད་ནི་ལྷག་བསམ་གངས་ལྟར་དཀར་བའི་མི་བུ་ཞིག་ཡིན་པ་རྟོགས་བྱུང་། ཐུགས་རྗེ་ཆེ།