ཁྲོ་གཏུམ།
སྙན་ངག་གི་ཚོར་བ་ཡོད་དུས་སེམས་ཀྱི་བསམ་གཞིག་ནི་ལུས་པོ་དང་ཁ་བྲལ་ཏེ་ཚོར་བའི་གཟས་ས་དེའི་ཡུལ་ལྗོངས་སུ་ཞིབ་དཔྱོད་ཀྱིས་རྒྱུ་བཞིན་ཡོད་ལ། སྐུ་ཞབས་ལྷམ་ཐིག་གི་སྙན་ངག་<<ནམ་གུང་གི་ཁེར་ལབ། >>ཞེས་པ་འདི་བཀླགས་ཐེངས་གཅིག་གིས་དོན་དག་ཅིག་ཚོར་བ་ནི། མི་ཡུལ་ཀྱི་ཆེས་ལྷིང་འཇགས་ཀྱི་དུས་སྐབས་དེ་མཚན་གུང་ངམ་ནམ་གུང་ཡིན་ལ། གཉིད་ཀྱི་སྟེང་རིམ་ན་སྔུར་བ་གཅིག་པུ་འཐེན་པའི་འཇིག་རྟེན་གྱི་དུས་མཐུན་གཅིག་རེད། སྐབས་འདིར། རྩོམ་པ་པོས་གཉིད་ཀྱི་ཞིང་ཁམས་མི་འགྲིམས་པར་རྣམ་རྟོགས་ཀྱི་བང་རིམ་ཁྲོད་ནས་གནས་ལུགས་གང་ཞིག་འཚོལ་བར་བྲེལ་ཤ་ལངས་ཤིང་།
“མི་རྣམས་ད་ཅིས་ནས་གཉིད་སོང་བ་འདྲ།
དོ་ནུབ་ཁོར་ཡུག་འདི་ཧ་ཅང་ལྷིང་འཇགས་ཡིན་པས།
ངས་ད་དུང་མི་ཚེ་དང་ཕ་རོལ་གླེང་། “ཞེས་གོ་སྐབས་ཤིག་དམ་འཛིན་གྱིས་མི་ཚེ་གླེང་མགོ་བཙུགས་ཤིང་ཚོར་བའི་ཁམས་དཀྲུགས་པར་བྱས།
སྙན་ངག་འདིའི་ཉམས་འགྱུར་གྱི་ཁྲོད་ཀྱི་”བཙའ་དང་གཡའ་ཆགས་པའི་མེ་ལོང་རྙིང་བ”་ཞེས་པ་འདི་སྙན་ངག་འདིའི་ཆེའི་མཐའ་མའི་ཚིག་རྐང་དུ་བྲིས་ཤིང་། རྩོམ་པ་པོས་བརྗོད་འདོད་པའི་རྣམ་རྟོགས་གང་མང་ཞིག་གི་མ་མཐའི་ཆ་རྐྱེན་ཡང་འདི་ཡིན་པ་འདྲ་ལ། འདི་ལས་སྒྱུ་རྩལ་གྱི་ཉམས་ཤིག་ཀློག་པ་པོར་བསྟན་ཐུབ་པར་སྣང་། སྙན་ངག་འདི་ནི་ལྷུག་མའི་རྣམ་པ་རུ་འགྱུར་ལ་ཉེ་བ་ཞིག་ཏུ་མཐོང་ཞིང་། རང་མོས་སྙན་ངག་གི་ཚིག་གི་གཅོད་མཚམས་རང་དབང་གིས་བཀོལ་ཆོག་པ་ཞིག་ཡིན་ཀྱང་རུང་། འཕར་མཆོངས་ཀྱི་རྣམ་པ་ཇི་ལྟར་ཉུང་ན་དེ་བཞིན་སྙན་ངག་གི་སྒྱུ་རྩལ་ལ་དོ་ཕོག་འགྲོ་བས་ན། སྙན་ངག་འདི་ལ་འཕར་མཆོངས་ཀྱི་རྩལ་སྟོན་པ་ཞན་ཙམ་ཡོད་པས། རང་མོས་སྙན་ངག་གི་ཆེས་མཐོ་བའི་རྩལ་བཏོན་པའི་འགོ་འཕངས་དམའ་བོར་གྱུར། སྙན་ངག་གི་ཚོར་བའི་ཉམས་ཡོད་ཀྱང་རང་མོས་ཀྱི་རང་རྐང་ཟིན་པ་ཙམ་ཞིག
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༠༥ ཉིན།
ནམ་གུང་གི་ཁེར་ལབ།
ལྷམ་ཐིག•རྨ་ལྷོ།
ལྷིང་འཇགས་དང་མུན་ནག་གི་ཁྲོད་འདིར།
ངས་སུ་ཞིག་གམ་ཏུ་ཡོད་པ་ནང་བཞིན་རང་ཉིད་ལ་ཁ་བརྡ་བྱས།
མིག་ལམ་དུ་སླེ་བོ་འཁུར་བའི་བགྲེས་པོ་ཞིག་ཡང་ཡང་ཐོགས།
སྐབས་དེར།
སྔོན་ཆད་བསླབ་མྱོང་བའི་སློབ་ཚན་ཞིག་གློ་བུར་ཡིད་ངོར་འཆར།
ཁེ་སྔོན་ཡང་ཡི་གེ་མི་ཤེས་པའི་བོད་མོ་ཞིག་ལ་ཁ་བརྡ་གློད་དེ་སྙིང་ཆུང་བྱིན།
འཆར་སྣང་གི་ཁྲོད་ནས་དགུན་ཁའི་མཚན་མོ་འདི་ཤིན་ཏུ་རིང་བའི་གཏམ་རྒྱུད་ཡག་པོ་ཞིག་རེད་སྙམ།
མི་རྣམས་ད་ཅིས་ནས་གཉིད་སོང་བ་འདྲ།
དོ་ནུབ་ཁོར་ཡུག་འདི་ཧ་ཅང་ལྷིང་འཇགས་ཡིན་པས།
ངས་ད་དུང་མི་ཚེ་དང་ཕ་རོལ་གླེང་།
ནམ་གུང་གི་ད་མཚམས་སུ་ཇག་པ་ཚོས་ལག་པ་བསྲིངས་ཏེ་རུ་སྡེ་ལུང་བར་རྐང་རྗེ་ཕབ། འུག་པའི་གྲག་སྐད་འདི་སྙིང་ལ་ཟུག
ད་དུང་མཚན་ལྗོངས་འདིར་འོད་སྣང་མི་གསལ་བས་སེམས་ངལ་ལྷག་མ་ཞིག
འཁྱགས་དྲག་པའི་ནམ་གུང་ཞིག་ལ
ངས་རང་ཉིད་ལ་ཁ་བརྡ་མང་ཙམ་དང་དྲི་བ་སྣ་ཚོགས་ཞིག་དྲིས་ན།
ངའི་མི་ཚེ་ནི་མེ་ལོང་ཆག་རོ་ཞིག་དང་ཨ་ན་མ་ན་རེད།
བཙའ་དང་གཡའ་ཆགས་པའི་མེ་ལོང་རྙིང་བ་ཞིག་སྟེ
སང་ཉིན་སྔར་བཞིན་འཇིག་རྟེན་པས་མཐོང་དུས་ཤིན་ཏུ་དགོད་བྲོ་བ་ཞིག་རེད་ཨང་།