སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་ནི་ཉིས་སྟོང་བཅོ་ལྔ་ལོའི་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུའི་དགོང་མོ་དང་། དུས་ཚོད་བཅུ་དང་སྐར་མ་ཞེ་ལྔ་རེད། ནམ་རྒྱུན་བཞིན་དེ་དགོང་གི་ནུབ་ཟས་ཀྱང་དུས་ཚོད་བདུན་དང་སྐར་མ་སུམ་བཅུའི་སྟེང་ཟོས་གྲུབ། ངས་ཕོར་བ་དང་ཤེལ་ཕོར་འགའ་ཕོར་བ་བཀྲུ་བྱེད་ཀྱི་འཕྲུལ་ཆས་ནང་དུ་བཞག་རྗེས། དཔེ་སྒྲོམ་གྱི་ཟུར་དུ་ཡོད་པའི་ཅོག་ཙེའི་སྟེང་གི་ཐ་མག་སྒམ་ཆུང་ལས་ཐ་མག་རྐང་གཅིག་བླངས་ཏེ་རབ་གསལ་གྱི་སྟེགས་བུའི་སྟེང་བསྡད། ཐ་མག་འཐེན་བཞིན་ནམ་མཁར་བལྟས། སྐར་མ་འགའ་མངོན་ཆུང་གི་ཚུལ་གྱིས་འཚེར་ཞིང་། ཟླ་བ་ནི་ཟོར་དབྱིབས་ཤིག་དང་གཉིས་སུ་མ་མཆིས། ངས་ནམ་མཁར་བལྟས་ཀྱིན་བལྟས་ཀྱིན་ཕ་ཡུལ་གྱི་འདས་དོན་མང་པོ་ཞིག་དྲན་ངོགས་སུ་འཁོར།
ང་འདས་དོན་རིང་མོ་ཞིག་གི་ཀློང་དུ་ཚམ་ཚོམ་མེད་པར་འཐིམ་རྩིས་བྱེད་སྐབས། ངས་དྲིལ་བརྡ་ཞིག་ཐོས་ཤིང་། ང་ཡར་ལངས་ནས་སྒོ་འགྲམ་དུ་ཐོན་པ་ན་ཡང་བསྐྱར་དྲིལ་བརྡ་ཞིག་གྲག་བྱུང་། དེ་མ་ཐག་ངས་སྒོ་ཕྱེས་པ་ན་བཟའ་ཟླའི་གྲོགས་མོ་ཞིག་ལངས་འདུག་ཅིང་། མོའི་གདོང་ན་བཅོས་མིན་གྱི་འཛུམ་ཞིག་སྒེག་འདུག་པར་མ་ཟད། རི་དྭགས་སྐྲག་བྱེད་ཀྱི་མིག་གི་རྒྱལ་མོ་གཉིས་ལས་འོད་སྣང་འཚེར། དམར་ཚོས་བྱུགས་པའི་མཆུ་འདབས་ནི་ད་སོ་མ་གས་པའི་རྒྱ་སེ་མེ་ཏོག་ཅིག་དང་འདྲ། ལྷུག་ལྷུག་འདར་བའི་བྲང་གི་ནུ་འབུར་གཉིས་ནི་དམར་མདོག་ཅན་གྱི་སྟོད་གོས་ཀྱི་འོག་ཏུ་མངོན་པར་མཐོ།
ངས་མོར་འཚམས་འདྲི་སྟབས་བདེ་ཞིག་བྱས་ཏེ་ཁྱིམ་དུ་བསུས། ཤེལ་ཕོར་ཞིག་ཏུ་རྒུན་ཆང་ཞིག་བླུགས་ཏེ་སྤྲད། སྐབས་དེར་བཟའ་ཟླས་གོས་རྒྱན་དང་མཛེས་ཆོས་སྤྲས་ཏེ་ཁྲུས་ཁང་ལས་ཐོན། སྤོས་ཆུ་བྱུགས་ཡོད་པས་དྲི་ཞིམ་ཞིག་བར་མེད་དུ་ལྡང་། ང་ཚོས་ཁ་བརྡ་བྱས་ཀྱང་བཅོ་བརྒྱད་གླེང་བའི་དུས་ཚོད་མེད། བཟའ་ཟླས་བདག་ལ་གསར་དུ་ཐོན་པའི་གློག་བརྙན་ཞིག་ལ་བལྟ་རུ་འགྲོ་བར་ཨུ་ཚུགས་བྱས། བཟའ་ཟླའི་གྲོགས་མོས་ཀྱང་གློག་བརྙན་དེར་བལྟས་ཚར་རྗེས་ཇ་ཁང་ཞིག་ཏུ་འགྲོ་བར་རེ་བ་ཅི་ལྟར་བཏོན་ནའང་། ངས་གནས་ལུགས་འགའ་དྲངས་ཏེ་ཁས་ལེན་མ་བྱས། དྲང་མོར་བཤད་ན། ང་གློག་བརྙན་བལྟ་བར་འགྲོ་བའི་དུས་ཚོད་ཀྱང་མེད། དེ་ནས་ཁོང་གཉིས་བྲེལ་སྟབས་ཀྱིས་སྒོའི་ཕྱི་རོལ་ཏུ་བུད། དེ་དགོང་ཞི་ལུའང་ཁྱིམ་དུ་མེད་པས། ཁང་པ་འདི་ཁུ་སིམ་མེར་གྱུར། སྟོང་སྟོང་འཇགས་སེ་ཡོད།
ངས་དཔྱད་རྩོམ་ཞིག་འབྲི་བཞིན་ཡོད་པས་རྣམ་ཐར་དང་ལོ་རྒྱུས་དེབ་ཐེར་འགའ་ཕར་བསློགས་ཚུར་བསློགས་བྱས་ཤིང་། བསམ་བློ་ཞིག་བཏང་སྟེ་ཡིག་ཕྲེང་འགའ་བྲིས། སྐབས་འདིར་ཅི་ཞིག་དྲན་པ་ལྟར་དུས་རབས་བཅུ་བདུན་པའི་ནང་ཕྱི་གླིང་པ་ཞིག་གིས་བརྗོད་གཞི་འདིའི་སྐོར་ལ་བྲིས་པའི་ཟིན་ཐོ་ཞིག་ཡོད་པ་བཀླགས། མིང་ཚིག་མ་གོ་བ་དེ་དག་ལ་རྟགས་བརྒྱབ་ནས་ཚིག་མཛོད་བསྔོགས། མིང་ཚིག་གི་ནང་དོན་ཤེས་ཀྱང་ཚིག་གྲུབ་རིང་པོ་ཁ་ཤས་ཀྱི་དོན་དག་མགོ་མ་ཚོས། དེ་དགོང་རྒན་མོའང་མེད་པས་འདྲི་ཡུལ་མེད་པར་གྱུར། དེར་བརྟེན་ཡང་དང་བསྐྱར་དུ་བཀླགས་ཤིང་། ཅི་ལྟར་བཀླགས་ཀྱང་མགོ་མ་ཚོས་པ་དེ་དག་དམར་རྟགས་རེ་བརྒྱབ་ནས་བཞག དཔྱད་རྩོམ་འདི་ནི་ཤོག་གྲངས་ཁ་ཤས་ཀྱིས་འཐུས་པར་བྱས་ཆོག་ཀྱང་། དཔྱད་རྩོམ་འབྲི་རྒྱུ་ནི་ཧ་ཅང་དཀའ་ལས་ཅན་ཞིག་ཡིན་པའི་ཚོར་བ་དེ་སླར་ཡང་སྐྱེས། དེ་ནས་དེ་དགོང་གསར་དུ་བྲིས་པའི་ཚིག་ཕྲེང་དེ་དག་བཀླགས་ཤིང་། ཡིད་ཚིམས་པ་ཞིག་མ་བྱུང་བས་འབྲི་མཚམས་བཞག་སྟེ་ཕྱི་རོལ་གྱི་རབ་གསལ་གྱི་སྟེགས་བུའི་་ཕྱོགས་སུ་སོང་།
ངས་སྨག་ནག་པོའི་མཚན་མོ་འདི་ལ་ལྟ་བཞིན། ཚེ་འདིར་ཕ་བུ་ལྷན་འཛོམས་མ་བྱུང་བའི་ལས་དབང་ནག་པོ་དེ་བདག་གི་ས་ལ་དལ་གྱིས་རྒྱུ་བ་ཚོར། ངས་སྨག་ནག་པོའི་མཚན་མོ་འདི་ལ་ལྟ་བཞིན། རྒྱང་རིང་ན་བདག་གི་ཨ་མས་བུ་ཆུང་གི་ལོག་ཕེབས་ལ་སྒུག་བཞིན་པའི་ཉམས་སྣང་དེ་གསལ་གྱི་ལེར་ཚོར། ངས་སྨག་ནག་པོའི་མཚན་མོ་འདི་ལ་ལྟ་བཞིན། ཕུ་ནུ་སྤུན་ཟླ་ཚོས་བདག་གི་རྩེད་ར་མ་ཞིག་པར་རེ་ལྟོས་ཁྲི་ཕྲག་གིས་མིག་ཟུང་བགྲད་ཀྱིན་ཡོད་པ་ཚོར། ངས་སྨག་ནག་པོའི་མཚན་མོ་འདི་ལ་ལྟ་བཞིན། མི་རིགས་ཤིག་གི་ཤེས་རིག་ལོ་རྒྱུས་དང་བཅས་པ་རྩ་ཡལ་དུ་འགྲོ་བཞིན་པ་ཚོར། ངས་སྨག་ནག་པོའི་མཚན་མོ་འདི་ལ་ལྟ་བཞིན། ཚོར་བ་སྣ་ཚོགས་རླབས་རིས་ཇི་བཞིན་འགུལ་བ་དང་། རླབས་རིས་ཇི་བཞིན་ངའི་ཀླད་པ་ལྟེབ་ནས་བཏུམས་ཡོང་།
དུས་ཡུན་ཇི་ཙམ་འགོར་བ་མ་ཤེས་མོད། ཚོར་བ་སྣ་ཚོགས་ཀྱི་ཀློང་ནས་ང་གཉིད་སད་པ་ལྟར་གྱུར། ལག་པ་འདར་བཞིན་ཐ་མག་ཅིག་ལ་མེ་སྒྲོན། བསམ་བློ་ཞིག་བཏང་རྗེས། དེ་རིང་གཞིས་བཞུགས་དགེ་རྒན་ཆེན་མོ་ཞིག་གིས་བདག་ལ་ཆེད་དུ་བསྐུར་བའི་སྒྲ་ཐག་ཅིག་ལ་ཉན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ་འཆད་བཞིན་འདུག ལི་ཡུལ་གྱི་སྐོར་རྩལ་དུ་བཏོན་ནས་འགྲེལ་བཤད་གནང་གི་འདུག སྐར་མ་ཁ་ཤས་རིང་ཉན་རྗེས་ཧྥ་རན་སིའི་སྙན་ངག་ཅིག་བསྒྱུར་མཚམས་བཞག་ཡོད་པ་དེའི་འཕྲོ་བསྐྱངས། སྙན་ངག་དེ་བསྒྱུར་གྱིན་བསྒྱུར་གྱིན་ཧ་ཅང་ཡག་སྣང་སྐྱེས་པའི་ཚོར་བ་ཞིག་བྱུང་བས། གློག་ཀླད་ཀྱི་ཁ་ཕྱེས་ཏེ་སྙན་ངག་དེའི་གྱེར་ཀློག་རེ་ཡོད་མེད་བལྟས། རྒད་པོ་ཞིག་གིས་སྙན་ངག་དེ་རོལ་དབྱངས་སྙན་མོ་ཞིག་དང་མཉམ་དུ་གྱེར་འདུག སྙན་ངག་དེ་རོལ་དབྱངས་ཤིག་དང་འདྲ་ལ། རོལ་དབྱངས་དེ་སྙན་ངག་དེ་དང་འདྲ་བར་བསམས།
གྱེར་འདོན་སྙན་ངག་དེར་ཐེངས་འགར་ཉན་རྗེས། ངོ་དེབ་ཀྱི་ཁ་ཕྱེས། ཁ་སང་དེ་རིང་ངོ་དེབ་ཏུ་རང་བཙན་དང་ལམ་དབུ་མའི་རྩོད་པའི་རླབས་རྒྱུན་དྲག་པོ་དེ་རེ་ཞིག་འཇགས་ཡོད་པའི་ཚོར་སྣང་སྐྱེས་མོད། ཁ་སང་གི་ཇོ་ནང་པ་ཚོའི་དོན་རྐྱེན་དེའི་སྐོར་ལ་མི་མང་པོས་སེམས་ཚོར་གྱི་ཀློང་ནས་སེམས་ཚོར་གླེང་བ་མཐོང་། རྩོམ་ཡིག་དང་མཆན་བུ་དག་བམ་ཀློག་བྱས་ཤིང་། མིག་བཤེར་ཙམ་བྱས་རྗེས། ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་དམངས་གཙོའི་སྒྲིག་འཛུགས་ཤིག་ཡིན་སྐོར་བཤད་དེ་མགྲིན་པའི་འཕྲུལ་འཁོར་ཟད་ལ་ཉེ་མོད། ཆོས་བརྒྱུད་ཁག་ནས་སྤྱི་འཐུས་རེ་སླེབས་ཆོག་པ་འདིས་དམངས་གཙོ་ལ་དོ་ཕོག་གཏོང་གི་ཡོད་པར་མ་ཟད། སྒྲིག་འཛུགས་འདི་ནི་དམངས་གཙོའི་སྒྲིག་འཛུགས་ཤིག་རེད་ལ། ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་འཛུགས་ཤིག་ཀྱང་ཡིན་སྣང་སྐྱེས།
དེ་ནས་ངས་དུས་ཚོད་ལ་བལྟས། ནམ་གུང་གཟིར་འདུག བཟའ་ཟླ་ཕྱིར་ལོག་ཟིན། སྐབས་འདིར་ངའི་སེམས་ལའང་སྨུག་པ་ཞིག་འཐིབས་བྱུང་ལ། ཨ་ཐང་ཆད་པའི་ཚོར་བ་ཞིག་ཀྱང་སྐྱེས་བྱུང་། དེར་བརྟེན་ངས་ནམ་གུང་གི་ཟིན་ཐོ་འདི་ལྟར་མཇུག་བསྡུས་པ་ཡིན། ཁྱེད་ཀྱིས་བདག་གིས་འཕྲལ་དུ་བྲིས་པའི་ཟིན་ཐོ་འདི་བཀླགས་པར་བཀའ་དྲིན་ཆེ་ཞུ།
ཟིན་ཐོ་འདིར་ཇི་སྐད་བལྟས་ནས་མཐར་བསྐྱལ་བ་ཡང་མཇུག་མ་རྫོགས་པར་མ་ཤེས། ཧ་ཞིག་གོ་དུས། ཀློག་པ་པོར་བཀའ་དྲིན་ཆེ་ཞེས་པ་ཞིག་མཐོང་ཚར་བའི་རྗེས་དེར་རེད། ཧ་ཧ། འུ་ཚང་གི་ཁ་བརྡ་དྲ་བར་ཡང་། བོད་ནང་གི་དྲ་ཚིགས་རེ་འགར་ཡོད་རྒྱུའི་དྲ་ངོས་རང་ནས་ཐད་ཀར་རྩོམ་ཡིག་སྐུར་ས་ཞིག་ཡོད་ན། ངས་ཀྱང་ཀློག་སྙིང་བྲོ་བའི་ཟིན་ཐོ་ཞིག་མིག་དམར་པོར་ལོག་གྲབས་བར་ཁ་པར་ནས་བྲིས་ཏེ་བསྐུར་ལོས་ཆོག
རབ་གསལ་གྱི་རྐུབ་སྟེགས་ནི་ཅི་ཞིག་ཡིན་པ་ཧ་གོ་མ་སོང་། དང་ཐོག་དགེ་འདུན་རབ་གསལ་ཚང་ན་མགྲོན་ཏུ་བསྡད་ཡོད་སེམས་སོང་། ཞོ་གོར་དེ་འདྲ་ཞིག་མིན་པ་ཤེས་སོང་། རང་གི་ལས་དབང་དང་བོད་ཡོངས་ཀྱི་ལས་དབང་སྦྲེལ་ཏེ་བསམ་གཞིགས་བྱེད་བཞིན་པ་དེར་དངོས་གནས་ཡི་རང་བྱུང་ཡོད། མྱུར་དུ་རང་ཡུལ་ལ་ལོག་ཐུབ་པའི་སྨོན་འདུན་ཞུ།
ངོ་གཅིག་རྫོགས། ཤེས་ལྡན་པ་ཞིག་གིས་ཐ་མག་འཐེན་ནས་གློ་ནད་ཀྱིས་འཆི་ན་འདོད་པ་འདྲ། ངོ་རྫོགས།
ཨ་ཁུ་ཀླུ་སྨྱོན་ལགས། ཁམས་གསུམ་ཆོས་ཀྱི་རྒྱལ་བོའི་རྗེས་འཇུག་པ་རྣམས་རྒྱ་གར་ལ་བདའ་མཁན་དང་བཙོན་ཏུ་འཇུག་མཁན་ནམ་རྐྱེན་ལམ་དུ་བརྫོངས་མཁན་གཙོ་འཛིན་མའོ་ནི་ཐ་མ་འཐེན་མཁན་ཞིག་ཡིན་ལ། ཁོས་ཤི་རག་བར་དུ་དེ་འཐེན་ནས་བསྡད་པ་རེད། ཁོང་གིས་བཤད་ན་ཐ་མག་འཐེན་ན་རྩེ་གཅིག་གི་ཏིང་ངེ་འཛིན་ལ་ཕན་པ་མ་ཟད་དགྲ་འཇོམས་ཀྱི་བསམ་གཏན་ལའང་ཕན་ཟེར། བྱ་ཁ་ཏ་རླུང་གིས་མི་ཁུར། སྐྱེ་ཕོ་རབ་ཐ་མག་གིས་མི་གསོད་ཟེར་ལེ་རེད།
དཀའ་ངལ་དེ་འདྲ་མི་གང་མང་ལ་ཡོད་ཀྱི་རེད།
ད་དྲག