ཀླུ་སྨྱོན།
ནམ་གུང་གི་ཚོར་བ་མེ་སྟག་འདྲ། །
དེས་སྣང་སྲིད་ཧྲིལ་བོ་ཐལ་བར་བསྲེགས། །
་་་ཁ་བྱང་གི་འགྲེལ།
མུན་ནག་སྟུག་པོའི་ཁོང་གསེང་ནས། །
ཕྲ་ལ་རྣོ་བའི་མཆེ་སྡེར་དག །
རིང་ནས་བརྐྱངས་པ་མཐོང་བའི་མོད། །
སྙིང་གི་བུ་ཆུང་གར་ལ་རྩེན། །
ཁྲག་དང་བཅས་པའི་མིག་ཆུའི་རྒྱུན། །
ས་གཞི་ཁྱབ་པའི་འཇིགས་སྣང་གིས། །
བྲེད་ཤ་ཐོན་པའི་འཕག་ཚག་ཀྱང་། །
སྡོམ་གྱི་རྨུ་ཐག་བཞིན་དུ་གྱུར། །
ལྷ་འདྲེ་གང་ཡིན་མ་ངེས་པའི། །
སྙིང་རྩ་སྡོམ་པའི་གྲིབ་གཟུགས་ཤིག །
འཇབ་བུའི་ངང་ཚུལ་ལྷུར་བླངས་ཏེ། །
ད་ནི་ཁོ་བོའི་འཁྲིས་སུ་བསླེབས། །
འོད་ཀྱི་ལན་བུ་ནག་པོའི་གསེབ། །
རང་གིས་བྲིས་པའི་མིག་སྤུ་གཡོ། །
སོ་ཕྲེང་འཛུམ་པའི་མེ་སྟག་གིས། །
སྙིང་རྩ་བསྲེག་པའི་ཆོ་ག་བསྐྲུན། །
ཀྱེ་མ་ཀྱེ་ཧུད་རྩ་གསུམ་ལྷ། །
རི་བོའི་སུལ་གྱི་ཆུ་ཕྲན་བཞིན། །
གཉུག་མའི་འོད་ཀྱི་གཟེགས་མར་བཅས། །
མུན་པའི་གཤོང་དུ་ད་བཞུར་ཅིག །
མགོ་སྐྲ་ལྕགས་ཀྱི་ཚེར་མ་བཞིན། །
ནམ་མཁའ་འབིག་པའི་ཟློས་གར་ཅན། །
རླངས་པ་ན་བུན་བཞིན་དཀྲིགས་པས། །
ད་ནི་མཐོང་བའི་ལམ་ཡལ་ལོ། །
འོ་དོད་བྲག་ཅར་ཡང་ཡང་འཁོར། །
བྱིས་པ་དག་ཀྱང་གཉིད་ལས་བསླངས། །
རང་གི་རྔུལ་ཆུའི་དོ་ཤལ་ནི། །
ལུས་པོ་ཡོངས་སུ་ལྕུག་ལྕུག་དཔྱངས། །
མུན་པའི་ནམ་མཁའ་གཏིང་ཟབ་ཅིང་། །
མུན་པའི་ས་གཞི་སྲ་འཐས་པས། །
ད་ནི་འོད་ཀྱི་འཇིག་རྟེན་ཞིག །
རྒྱུ་སྐར་འབུམ་གྱི་རྒྱབ་ཏུ་འཚོལ། །
འཇིག་རྟེན་བྱེད་པོ་གཉིད་པ་སྟེ། །
སྔུར་བ་གཡུ་འབྲུག་གླལ་བ་འདྲ། །
སྟོང་གསུམ་ཁྱབ་པའི་འཇིགས་སྐྲག་གིས། །
བསྐལ་པའི་མཐའ་ཡང་འདར་རོ་སྐད། །
དཀར་ནག་སྤྲིན་གྱི་གློག་དམར་རྒྱུན། །
ཆར་ཆུའི་ཐིགས་པ་མཛེས་བྱེད་པ། །
མིག་ཀོང་དབུས་སུ་གློག་བརྙན་བཞིན། །
སྙན་ངག་ཟབ་མོའི་ཟོལ་དུ་འཆར། །
དགོན་སྡེ་ཆེན་པོ་འཇིག་པའི་ཤུལ། །
ས་རྡུལ་བབས་པའི་གསེར་ཏོག་ཚོ། །
ས་ལ་ཉལ་བའི་རྡུལ་ཕྲན་གྱིས། །
ཤོག་བུ་བཟོས་ནས་གཏམ་རྒྱུད་འབྲི། །
མཛེས་མ་རྒས་པའི་སྡུག་ཡུས་ཀྱིས། །
མེ་ལོང་ཆག་པོའི་དྲན་ཤིང་བརླན། །
དབུ་སྐྲ་དཀར་པའི་ལོ་ལོན་དག །
མཛའ་མོར་འཁྱུད་པའི་རྨི་ལམ་འཁྲུག །
ཕྱི་ཕྱིར་འཁོར་བའི་རྫ་བུམ་ནང་། །
བསྐལ་པ་སྟོང་གི་གླུ་ལེན་མཁན། །
བུང་བ་རྒན་པོའི་གཤོག་པ་ཡང་། །
ད་ནི་དུམ་བུ་སྟོང་དུ་འཐོར། །
ཆུ་བོ་ཡོངས་རྫོགས་མེ་རུ་འབར། །
མེ་ལྕེ་འཁྱག་ལ་འབྱར་བ་ཡི། །
དབྱར་དགུན་བསྣོལ་པའི་གྲོང་ཚོ་རུ། །
ང་ཚོ་བར་དོའི་ཁམས་བཞིན་འཛོམ། །
དེ་རིང་འོད་གསལ་སྙིང་གི་གླུ། །
འགག་པ་མེད་པའི་གཉུག་གདངས་ཅན། །
རེས་ཀྱིས་ལེན་པའི་དུས་སྟོན་འདི། །
བསྐལ་པའི་མཐར་ཡང་བརྗེད་རེ་སྐན། །
མཁའ་མགྲོའི་རལ་བ་དམར་སེར་ལས། །
བཏུས་པའི་འོ་དྲི་ཞིམ་པོའི་རྒྱུན། །
ཞིང་ཁམས་ཉུལ་བའི་བཞུར་སྟངས་ཤིག །
རིག་པའི་ཁྱེའུས་དེ་རིང་རྙེད། །
ཚོགས་དྲུག་སྣང་བའི་མེ་ལོང་ཡང་། །
ད་ནི་ས་རྡུལ་ཁྲོད་དུ་ཡལ། །
ལོ་ཟླ་རྒས་པའི་གཉེར་མ་དེར། །
ནམ་མཁའི་དགུ་ཚིགས་མི་ཟེར་རམ། །
སོ་མ་ར་ཛ་ལ་*སོགས་པའི། །
མྱོས་རྫས་དག་གི་དུད་སྤྲིན་གྱིས། །
འཇིག་རྟེན་ཧྲིལ་བོའི་ཁ་དོག་ནི། །
མ་ངེས་སྒྲ་འོད་ཟེར་དུ་འབར། །
རྒུན་ཆང་དམར་པོའི་བཟི་ཁ་ཡིས། །
དཔྱིད་དུག་ཡོངས་སུ་སངས་བྱས་ཏེ། །
སྙན་པའི་ངག་གི་འཕྲུལ་འཁོར་གྱིས། །
རིགས་མཐུན་སྲོག་རྩ་དེ་རིང་བཅད། །
*རྩི་ཤིང་གི་ལོ་མ་དབྱིན་སྐད་དུ་མེ་རི་ཝ་ནMarijuana་ཟེར་བའི་སྣང་བ་འཁྲུལ་བྱེད་ཀྱི་མྱོས་རྫས་ཤིག
གོང་གི་འདྲ་པར་དེ་ཁོ་བོས་མཚན་མོའི་འཆམ་འཆམ་ཞིག་གི་སྐབས་སུ་བླངས།
སྙན་ངག་འདི་འདྲ་བྲིས་ན་ཀློག་ན་འདོད་ཀི ཡང་ཡང་བཀླག་རྒྱུའི་བསོད་ནམས་ལྡན་པར་ཤོག
རྒུན་ཆང་དམར་པོའི་བཟི་ཁ་ཡིས།།
དཔྱིད་དུག་ཕོག་པ་སངས་བྱས་ཏེ།།
ངག་རིག་དབྱངས་ཀྱི་སོར་མོ་ཡིས།།
མཚན་མོའི་གྲོང་ལ་པི་ཝང་བརྡུངས།།
གྲོགས་འབའ་སྲས་འདི་མགྱོགས་པ་ལའང་། ཡིན་ཡང་སྲིད། འབའ་མང་ར་རི་རྒྱུད་གཅིག་རེད།
ལྷ་སྲུང་མཁའ་འགྲོ་མཉམ་འགྲོགས་དགོས་ན། །
རྩི་ཤིང་ལོ་མ་མེ་རི་ཝ་ན། །
སོ་མ་ར་ཛ་ལ་སོགས་མྱོས་རྫས། །
སྐྱེས་ས་འཐེན་མཁན་གར་ཡོད་དེ་ན། །
ལྟ་ལོག་བློ་འཁྲུལ་མུན་འཐོམས་འབྱུང་ངེས། །
དེས་ན་བློ་གསལ་བུང་བའི་ཚོགས་རྣམས། །
མེ་ཏོག་མ་མཏོགས་ཤ་སྦྲང་འབུ་ལྟར། །
ཡོད་ཚད་ཐོབ་ཚད་ཁ་དང་སྣ་བར། །
མ་འཐེན་མ་སྣོམས་ཐབས་ལ་འབད་དགོས། །
བདག་བློའི་གཏི་མུག་མུན་པ་སོལ་དང་། ཀྱེ།
ཉིན་ཤས་སྔོན་ལ་ཀླུ་སྨྱོན་གྱིས་བྲིས་བྲིས་ཚང་མ་སྙན་ངག་ཡིན་པར་བརྗོད་པ་དེ་ལ་བསམ་དུས་ངས་དེ་རིང་ཡང་འདི་འདྲ་ཞིག་དྲན་བྱུང་། artཞེས་པ་གླེང་སྐབས་ཤིག་ལ་མཁས་པ་ཞིག་གིས། གལ་སྲིད་སྒྱུ་རྩལ་འགྲེམ་སྟོན་ཁང་གི་མི་སྣ་ཞིག་གིས་རང་གི་ལྷམ་ཡ་གཅིག་དེ་བཤམ་སྟེགས་སྟེང་དུ་བཞག་ན་ཡང་སྒྱུ་རྩལ་མ་རེད་ཟེར་སུ་གཅིག་གི་ཀྱང་ཐུབ་གི་མ་རེད། ཅེས་བརྗོད་ཡོད་པ་དྲན་བྱུང་།
གོང་གི་དེ་བརྗོད་མཁན་དེ་ནི་Negel Warburtonཟེར་བའི་མཚན་ཉིད་རིག་པ་བ་དེ་རེད་འདུག་ལགས།
ཨེ་མ། ནམ་གུང་ཧད་ཀྱིས་སད་པའི་ཚོར་བ། །ཟས་ཞིམ་ཁ་ནས་འཕྲོག་པ་འདྲ་བས། །ཁ་ནས་སྐྱིད་སྡུག་ཅི་ཞིག་བཤད་རུང་། །དོན་དུ་མཁྲེང་བཞིན་ལངས་པའི་གྱེས་གདུང་། །མུན་པའི་ཁྲོད་ཀྱི་སྐར་ཆེན་གཟི་འོད། །རབ་རིབ་ཅན་གྱི་རྒན་པོའི་་མཐོང་སྣང་། །མི་སྡུག་དགུ་ལྡན་རྒན་མོའི་མཛེས་སྡུག །སྒེགས་མོར་འཁྲུལ་བའི་སྣོན་མ་ཙམ་མོ། །དམར་སེར་སྐྲ་ལས་འཐིལ་པའི་དྲི་ཞིམ། །སྔགས་འཆང་དགྱེས་པའི་རྟེན་དུ་འགྱུར་སྐབས། །ཕོ་རྟགས་རྒྱུ་སྟོང་གསོབ་ཏུ་མ་ཞུགས། །དར་མའི་ཕོ་སྒོ་སྟོན་དུས་ལགས་སོ། །སྟུག་པོའི་མུན་ནག་ཕྱོགས་བཅུར་འཐིབ་ཀྱང་། །རྩ་གསུམ་ཐུགས་རྗེའི་ཉི་འོད་མི་ནུབ། །དུས་མ་ཡིན་པའི་སྐད་འབོད་མ་སྔ་། །ཁྱིམ་མཚེས་རྒན་མོས་སྒོ་རྩ་བརྡུང་ཡོང་། །འཁྲུལ་བའི་་སྣང་བ་འོད་གསལ་ལགས་ན། །ས་ལམ་སྦྱོང་པའི་ངལ་བ་མི་འདུག །སེམས་ཅན་རྣམས་ལ་གང་འདོད་འཆར་བས། །ལྟ་སྒོམ་སྒོང་ང་བྲག་ལ་རྡོབ་ཅིག །ཨ་ལ་སྣང་བ་སྤང་བའི་འོད་གསལ། །སྒྱེད་རྡོ་བོར་བའི་གསེར་འཚོལ་རྣམ་ཐཪ། །སྣང་བའི་དགའ་མ་གྲོགས་སུ་ཁུག་པའི་། །སྤྲོས་བྲལ་རྒད་པོ་ཇེ་མཁྲེགས་ཇེ་རྒོད། །འདོད་སྣང་དགུ་འགྱུར་ང་ལ་མི་དགོས། །དུག་རྫས་སྔོ་ལོ་ཁ་ལ་མི་ཚད། །རྒུན་ཆང་ཕོར་ཆུང་མཉམ་བཅག་བྱོས་དང་། །མཁའ་འགྲོའི་འདུ་བར་ལྷན་ཅིག་རོལ་ཆོག །མཚར་གཏམ་མོ།།
ཨ་ཁུ་ཀླུ་སྨྱོན་ལགས་ལ་མཁའ་འགྲོ་མའི་ཞལ་གཟིག་གཅིག་བྱུང་བ་འདྲ། འོན་ཀྱང་ཞིང་སྐྱེས་དང་། ལྷན་སྐྱེས་དང་། སྔག་སྐྱེས་གང་ཡིན་ན།
སྣང་པའི་ཡུལ་ལ་སྣང་པ་དག
མཁའ་ལ་བཤེགས་པའི་མཁའ་འགྲོའི་ཚོགས།
རྨི་ལམ་ཡིད་ལ་འཁྲུལ་པ་འདི།
འཁྲུལ་པས་མིག་ལ་ཆུ་བུར་བཞིན།
ཀླུ་སྨྱོན་པ་མཁས་པ་ཞིག་ཡིན་པ་གོ་མྱོང་ཡོད། ཡིན་ན་ཡང་ད་ལྟ་བར་བོད་མི་རིགས་ཀྱི་སྤྱི་དོན་ལ་སྨན་པའི་རྩོམ་ཡིག་གཅིག་ཀྱང་མཐོང་མ་སོང་བུ་མོ་མཛེས་མཛེས་དང་། མཚན་མོའི་རྨིན་ལམ་སོགས་ལྐོགས་འགྱུར་གྱི་སྙན་ངག་པ་ཡིན་ནམ་སྙམ།
ཨ་རོ་ཀླུ་སྨྱོན་རྩོམ་འདི་ག་རེ་ཡིན་ན་མི་ཤེས་ཀི་ ཡང་ཚེ་རིང་སྐྱིད་དྲན་གོ་ནི་མིན་ན།
སྙན་དངས་མཁན་ལ་་ཅི་ཡང་རྒྱན།
ནོར་འདོད་ཅན་ལ་ཅི་ཡང་ནོར།
ཞེས་པ་བཞིན་སྙན་དངགས་རྩོམ་བཞིན་བྱིས་པ་བདག་ལྟ་བུ་ཡང་བོད་ཀྱི་སྙན་དངགས་མཁན་ཆེ་ཤོས་དེ་སུ་ཡིན་ནམ་མི་ཤེས་ཀྱང་། སྙན་དངགས་པ་ཆེན་པོ་དེ་དང་མཚུངས་པར་འགྱུར་བ་གདོན་མི་ཟའོ།།
ཆོས་ལ་མཁས་པར་མ་ཟད་སྙན་དངགས་ལ་ཡང་ལ་མཁས་པ་ཞིག་གི་ཞལ་སྔ་ནས།
གོམས་ལ་སླ་བར་མི་འགྱུར་བའི།
དངོས་དེ་གང་ཡང་ཡོད་མ་ཡིན།
དེ་བས་གནོད་པ་ཆུང་གོམས་པས།
གནོད་པ་ཆེན་པོ་བཟོད་པར་བྱོས།། ༤ ༡༤
ཚིགས་བཅད་འདིར་བྱ་ཚིག་འགྱུར་བ་ཅན་གཉིས་ཡོད་པར་མངོན། དང་པོ། འགྱུར་གྱི་འདས་དང་སྨོན་ཚིག་དང་། གཉིས་པ། བྱོས་ཀྱི་ད་ལྟ་འདས་མ་འོངས་རྣམས་གང་ཡིན་ནམ། བདག་གིས་སློབ་མ་དག་ལ་འདྲི་བར་བྱེད། དེས་སློབ་མ་རྣམས་ལ་ཕན་པར་མ་ཟད་བདག་སློབ་པ་པོ་རང་ལ་ཡང་བློ་བསྐྱེད་སྟེར་བས། བོད་དུ་གཞོན་དུས་དེ་འདྲ་ལ་སྦྱངས་པ་མ་བྱུང་བའི་རྐྱེན་ནི་དེར་མཚན་ཉིད་དང་ལྷག་པར་དུ་རྩོད་པ་ལ་མཁས་དགོས་པས། སྦྱངས་པས་ཀྱང་བདག་ནི་སྐྱེས་ཐོབ་ཀྱིས་རྩོད་པ་ལ་དབུལ་བ་ཞིག་ལགས་སོ།།
རྒན་ལ་དྭགས་པ་བློ་བཟང་ལགས་ཕེབས་པར་དགའ་བསུ་ཞུ། ཉིད་ལྟ་བུའི་ཤེས་ཡོན་པ་བགྲེས་པ་ཚོས་ང་ཚོ་ཅུང་ཟད་ཤེས་པས་ཚིམས་བསྡད་ཡོད་པ་དག་ལ་བཀའ་སློབ་ལམ་སྟོན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གིན་ཡོད།