རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
ནམ་མཁའ་བྱིའུ་བདའ་ནི་ངའི་གྲོགས་པོ་ཞིག་ཡིན། ཆུང་བྱིས་བའི་དུས་ཀྱི་གྲོགས་པོ་ཞིག་ཡིན། ང་ཆུང་ངུའི་སྐབས་སུ་། ཕ་ཡུལ་དུ་དབྱར་གནང་ལ་འགྲོ་ཐེངས་རེར།
ནམ་མཁའ་བྱིའུ་བདའ་དང་མཉམ་དུ་བྱིའུ་བདའ་རུ་ཐེངས་མང་འགྲོ་མྱོང་། ནམ་མཁའ་བྱིའུ་བདའ་དང་མ་ཐུག་པར་ལོ་ངོ་བཅུ་གྲངས་ཕྱིན་པའི་དེ་རིང་ཡང་། ངའི་སེམས་ན། ཆུང་ངུའི་དུས་ཀྱི་འཚོ་བ་དེ་ཚོ་ཁྲ་ལེམ་མེར་འདུག ནམ་མཁའ་བྱིའུ་བདའི་མིང་དངོས་ལ་ནམ་མཁའ་ཚེ་རིང་ཟེར། ནང་མི་དང་གྲོགས་པོ་ཚོས་ཁོང་གི་མིང་ལ་ནམ་མཁའ་ཞེས་འབོད། སྡེ་མི་རྣམས་ཀྱིས་ཁོང་གི་མིང་ལ་ནམ་མཁའ་བྱིའུ་བདའ་ཞེས་འབོད། རྒྱུ་མཚན། ཁོང་ཆུང་ངུའི་དུས་ནས་བྱིའུ་བདའ་བར་ཧ་ཅང་དགའ།
ང་ཚོའི་གྲོང་པའི་བྱིས་བ་རྣམས་ཀྱང་བྱིའུ་བདའ་བར་དགའ། དབྱར་གནང་གི་སྐབས་སུ་ང་ཨ་ཕའི་མཉམ་དུ་ཕ་ཡུལ་ལ་སོང་།
དབྱར་གནང་གི་དུས་ཚོད་ཕལ་ཆེ་བ་བྱིའུ་བདའ་ནས་རྫོགས། ཉིན་གང་བོར་ནམ་མཁའ་བྱིའུ་བདའ་དང་མཉམ་དུ་བྱིའུ་བདའ་རུ་ཕྱིན། མཚམས་རེར་ཉིན་གང་བོར་བྱིའུ་གཅིག་ཀྱང་འཛིན་མི་ཐུབ། མཚམས་མཚམས་ལ་བྱིའུའི་རྗེས་ལ་རྒྱུག་ནས་ཁྱིམ་ཚང་གཞན་པའི་ཞིང་ཁའི་ནང་དུ་རྐང་རྗེས་མང་པོ་ཕབ། ཞིང་བདག་གིས་དེ་མཐོང་ནས་ངེད་ཚོའི་ཕ་མ་རྣམས་ལ་ལབ། ཕ་མ་རྣམས་ཀྱི་རྩ་ནས་ང་ཚོར་ཉེས་རྡུང་རག། དུས་སྐབས་སུ་ཉེས་རྡུང་དེ་འདྲ་བ་ནི། ཉིན་གཅིག་རེ་གཉིས་རེའི་ནང་ལ་རག་རག་པ་ཞིག་རེད། གལ་སྲིད། ཉིན་གཅིག་གི་ནང་ལ་བྱིའུ་ཕྲུག་མང་པོ་འཛིན་ཐུབ་པ་ཡིན་ན་། བྱིའུ་ཕྲུག་རྣམས་ང་ཚོ་ནང་ཁུལ་ལ་བགོ་བཤའ་རྒྱག་གི་རེད། ནམ་མཁའ་བྱིའུ་བདའ་ག་དུས་ཡིན་ན་ཡང་ང་ཚོའི་དཔོན་པོ་རེད། བྱིའུ་བདའ་བའི་སྐབས་སུ་ཁོང་གི་བཀོད་འདོམས་ལ་ཚང་མས་ཉན་གི་རེད། བྱིའུ་ཕྲུག་རྣམས་བཟུང་ཚར་བའི་རྗེས་སུ། ཁོང་གིས་བྱིའུ་ཕྲུག་ཡག་ཤོས་དེ་བདམས་ཀྱི་རེད། དེའི་རྗེས་ནས། ང་ཚོས་འདེམས་ཀྱི་རེད། ང་ཚོས་ལག་ཏུ་བྱིའུ་ཕྲུག་རེ་ཐོགས་བཞིན་ཕྱིར་ནང་ལ་ལོགས། ནང་ལ་མ་སླེབས་པའི་སྔོན་ལ། བྱིའུ་ཕྲུག་དེ་དག་། སོ་སོའི་ནང་གི་ཉེ་ས་ཞིག་ལ་སྦས། མཚམས་རེར་ཚེར་གསེང་ལ་སྦས་འཇོག་གི་རེད། བྱིའུ་ཕྲུག་མང་ཆེ་བ་སང་ཉིན་ཞོགས་པ་ཤི་ཚར་ཡོད། ད་ལྟ་བསམ་ན། ཆུང་བྱིས་བའི་སྐབས་སུ། སྡུག་པའི་ལས་ཀྱང་མང་པོ་བསགས་འདུག་བསམ། འོན་ཀྱང་། དེའི་སྐབས་ཀྱི་སྣང་བ་དེ་ནི་སྣང་བ་གཞན་ཞིག་རེད། ཕྱིར་ཡོང་མེད་པའི་སྣང་བ་ཞིག་རེད། བརྗེད་རྒྱུ་མེད་པའི་སྣང་བ་ཞིག་རེད།
ཉིན་གཅིག་ནམ་མཁའ་བྱིའུ་བདའ་དང་མཉམ་དུ་ང་ཚོ་བྱིའུ་བདའ་རུ་ཕྱིན། ནམ་མཁའ་བྱིའུ་བདའི་ལག་ཏུ་ཐག་པ་རིང་པོ་ཞིག་འཁྱེར་འདུག
ང་ཚོ་བྲག་ཆུང་ཆུང་གི་འགྲམ་ལ་སླེབས། དེ་རུ་བྱིའུ་ཚང་ཡོད་པ་ང་ཚོས་སྔ་མོ་ནས་ཤེས། འོན་ཀྱང་། ང་ཚོས་བྱིའུ་ཚང་དེ་བསྔོགས་མྱོང་མེད། བྱིའུ་ཚང་དེ་བྲག་ཆུང་ཆུང་དེའི་་སྐེད་མཚམས་ཤིག་ལ་ཡོད། ཉིན་དེར། ནམ་མཁའ་བྱིའུ་བདས། “དེ་རིང་ང་ཚོས་བྱིའུ་ཚང་འདི་བསྔོགས་”ཟེར། ང་ཚོས་མོས་མཐུན་བྱས། འོན་ཀྱང་། སུ་བྲག་ངོས་ལ་འབྱར་མིན་ལ་ཐག་གཅོད་མ་བྱས། ང་ཚོས་གྲོས་བསྡུར་བྱས། བྲག་ངོས་ལ་ང་འབྱར་གྱི་ཡིན་ཟེར་མཁན་གཅིག་ཀྱང་མ་བྱུང་། ཚང་མས་ནམ་མཁའ་བྱིའུ་བདའི་ངོ་ལ་བལྟས། ཚང་མས་ནམ་མཁའ་བྱིའུ་བདའ་བྲག་ངོས་ལ་འབྱར་ན་བསམ། མཐའ་མ་དེར། ནམ་མཁའ་བྱིའུ་བདའ་བྲག་ངོས་ལ་འབྱར་རྒྱུ་བྱས། ང་ཚོས་ནམ་མཁའ་བྱིའུ་བདའི་སྐེད་པ་་ཐག་པས་བསྡམས།་ ང་ཚོ་བྲག་ཆུང་ཆུང་དེའི་སྒང་ལ་ཕྱིན། ང་ཚོར་ཁྱོན་གྲོགས་པོ་དྲུག་ཡོད། ང་ཚོ་གྲོགས་པོ་གསུམ་གྱིས་ཐག་པའི་སྣེ་མོ་བཟུང་། ག་ལེར་ག་ལེར་། ནམ་མཁའ་བྱིའུ་བདའ་བྲག་ངོས་སུ་མར་བསྣར། རོགས་པ་གཞན་གཉིས་བྲག་གི་གཤམ་ལ་ཕྱིན་། གལ་སྲིད་ནམ་མཁའ་བྱིའུ་བདའ་མར་ཟགས་པ་ཡིན་ན། ཁོང་གཉིས་ཀྱིས་གཤམ་ནས་སྐྱོབས་རྒྱུའི་སྟ་གོན་བྱས། ང་ཚོ་གྲོགས་པོ་གསུམ་གྱིས་བྲག་ཆུང་དེའི་སྒང་ནས་ཐག་པའི་སྣེ་མོ་དམ་པོར་བཟུང་། བྲག་གཤམ་ལ་སྡོད་མཁན་གཉིས་ཀྱིས་སྐད་བརྒྱབ་ནས། “ད་དུང་ཐག་པ་མར་ཅུང་ཙམ་བསྣོར་”ཟེར། ང་ཚོས་ཀྱང་ག་ལེར་ག་ལེར་ཐག་པ་ལག་ནས་བསྣར། ” ད་དུང་ཅུང་ཙམ་མར་སྣོར་དང་བྱིའུ་ཚང་གི་སྒོ་ལ་སླེབས་གྲབས་འདུག་”ཟེར། ང་ཚོས་ཡང་བསྐྱར་ཐག་པ་ལག་ནས་ག་ལེར་ག་ལེར་བཏང། ང་ཚོ་སྒང་དུ་འདུག་མཁན་ཚོས་ཀྱང་། མར་སྐད་བརྒྱབ་ནས་། ” ད་འགྲིག་སོང་ངམ། བྱིའུ་ཚང་གི་སྒོ་ལ་སླེབས་སོང་ངམ་”ཞེས་དྲིས། “ད་དུང་ཅུང་ཙམ་མར་བསྣོར་”ཟེར།” ཨོ། ད་རག་སོང་རག་སོང་”ཟེར། ནམ་མཁའ་བྱིའུ་བདས་ཀྱང་སྐད་བརྒྱབ་། གློ་བུར་དུ། གྲོགས་པོ་འཇུག་མ་དེས་ལག་ནས་ཐག་པ་ཤོར། ང་དང་ངའི་རྒྱབ་ཀྱི་གྲོགས་གཉིས་ཀ་ནམ་མཁའ་བྱིའུ་བདའི་གཟུགས་པོའི་ལྗིད་ཤུགས་ཀྱིས་མར་འཐེན།
“ནམ་མཁའ་ཟགས་”སོང་། ངེད་གཉིས་ཀྱིས་ཀྱང་ཁ་ནས་རང་དབང་མེད་པར་སྐད་དེ་ཤོར་བཞིན་ཐག་པ་ལག་ནས་གློད། བྲག་གཤམ་གྱི་གྲོགས་པོ་གཉིས་ཀས་སྐད་བརྒྱབ། ང་ཚོ་བྲག་གཤམ་ལ་རྒྱུགས། ང་ཚོ་ཚང་མ་དངངས་སྐྲག་གི་ྐློང་ལ་ཚུད། ནམ་མཁའ་བྱིའུ་བདས། “ཨ་བ་ཨ་མ། ཨ་བ་ཨ་མ། “ཟེར་ཞོར་ལ་རྐུབ་སྐྱོར་བཞིན་སྐད་ཅོར་བརྒྱབ། ངས་གྲོགས་པོ་གཞན་དེར་། “ཐག་པ་ལག་ནས་གློད་མཁན་ཁྱོད་ཡིན་”ལབ། གྲོགས་པོས་”ང་མིན་ཁོང་རེད་”ལབ།
ང་ཚོས་ཐག་པ་གློད་མཁན་སུ་ཡིན་མིན་གྱི་སྒང་ལ་ཁ་རྩོད་བརྒྱབ། ང་ཚོའི་ཁ་རྩོད་ཆེ་རུ་ཕྱིན། ང་ཚོའི་ཁ་རྩོད་ཆེ་རུ་ཕྱིན་ནས་ལག་འཛིང་བྱེད་འགོ་ཚུགས།
ནམ་མཁའ་བྱིའུ་བདའ་ངར་ལངས། ” ཨ་བ་ཨ་མ། ཁྱེད་ཚོ་རྡུང་རེས་བརྒྱབ་ནས་ཅི་བྱེད། སང་ཉིན། ཁྱེད་ཚོ་ངའི་མཉམ་དུ་ཡོང་མི་དགོ།
ཁྱེད་ཚོ་སུ་ལ་ཡང་བྱིའུུ་ཕྲུག་མེད། དེ་རིང་གི་ཆད་པ་། བྱིའུ་ཕྲུག་གཉིས་གཉིས་བཟུང་ནས་ང་ལ་འཁྱེར་ཤོག་”ཟེར། ང་ཚོའི་ཁ་རྩོད་དང་ལག་འཛིང་གཉིས་ཀ་མཚམས་ཆད། ང་ཚོ་ཚང་མ་ཁུ་སིམ་མེར་སོ་སོའི་ནང་ལ་ཕྱིན། ལག་ཏུ་བྱིའུ་ཕྲུག་མེད་པར་ནང་ལ་ཕྱིན།
ཨ་ཨ་། མར་སྒོ་བུད་གཞག་མ་གཏོག་ནང་ནས་འདུག་མ་ཐུབ་ཐལ།
རིགས་འབྱུང་ལགས་ཀྱི་རྩོམཡིག་དེ་ཐེང་གཅིག་ཀློག་པས་། མངོནསུམ་དུ་མིག་ནང་ལ་ཤར་ནས་ཡོང་སོང་། ཨུམ་ཨུམ་། འདི་ཚོར་སྣང་དེ་བཤད་མི་ཤེས་གི་།
ངས་བྲག་གཤམ་གྱི་བྱིའི་བདའ་བྱི་བ་དེ་ཚོ་མཐོང་འདུག་གིས་།
a wonderful story written in simple words, can’t wait to hear more,
thank you dhondup lak
ཞིབ་ཚགས་མོ་ཟིག་བྲིས་ཡོད་ཀི རྩོམ་ཡིག་གི་ཞིབ་འབྲི་ཟེར་བ་འདི་མིན་ན་གང་ཡིན་བསམ་བསམ་ཅིག་བྲིས་འདུག མི་ཞིབ་མོ་ཟིག་གི་ཚུགས་ཀ་ཡོད་ཀི ང་རང་གིས་དགོད་བྲོའི་རྩོམ་ཡིག་མང་པོ་བྲིས་ན་ཡང་། འདི་འདྲའི་ཞིབ་འབྲི་མི་ཡོང་གི མི་ཞིབ་མོ་འདི་ཚོ་ལ་ལག་ཏུ་ཇ་དཀར་ཡོལ་གང་བཞག་ན་ཡང་གཟབ་གཟབ་བྱས་ན་མ་གཏོགས། དཀར་ཡོལ་ཀྱི་ཕྱི་ནང་ཞབས་ཡོངས་རྫོགས་ལ་བལྟས་བསྡད་ཀྱི་རེད་། ཧཧཧ
བྱིའུ་བདའ་རུ་ཕྱིན་པའི་སྐོར་འདི། ངའི་ཆུང་དུས་ཀྱི་མི་ཚེའི་ཆ་ཤས་ཤིག་རེད།
མི་ཚེའི་ཆ་ཤས་འདི་བཙན་བྱོལ་དུ་སྐྱེས་བའི་བྱིས་བ་རྣམས་ལ་ཕལ་ཆེར་མེད། ཁོང་ཚོར་མེད་ཅིང་ང་ལ་ཡོད་པའི་མི་ཚེའི་ཆ་ཤས་ཤིག་ཡིན། ངས་ཁོང་ཚོར་བགོ་བཤའ་རྒྱག་དགོས་བའི་མི་ཚེའི་ཆ་ཤས་ཤིག་ཡིན། གོང་དུ་། དབྱིན་ཡིག་ཐོག་མཆན་བུ་རྒྱག་མཁན་གྱི་ངག་དབང་ལགས་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན།
ས་མཐར་འཁྱམས་ཀྱིན་འཁྱམས་ཀྱིན། ཆུང་བྱིས་བའི་དུས་ཀྱི་མི་ཚེ་དེ་ལྷག་ཏུ་དྲན། ཆུང་བྱིས་བའི་དུས་ཀྱི་རྩེད་གྲོགས་རྣམས་སྙིང་ནས་དྲན།
ཨ་རོ། གཞོན་ནུ། ྐླུ་སྨྱོན་དང་ཁྱེད་གཉིས་ཀས། ཞི་མོ་ཡིན་ན་མ་གཏོགས་ཞི་ལུའི་ལག་ལ་ཇ་དཀར་ཡོལ་གང་མི་འཇོག་པ། ཨ་ལ་། ཀུ་རེ་ཡིན།
ཨ་ཁུ་ཀླུ་སྨྱོན་རྩོམ་རྩལ་ཡག་དང་གཅིག །
ཨ་ཁུ་གཞོན་ནུ་ཁ་རྒོད་ཆེ་དང་གཉིས། །
ཨ་ཁུ་འདི་གཉིས་མཉམ་དུ་མཛོམས་སོང་ན། །
ཨ་ཅག་མཛེས་མ་ཆ་བོ་དགའ་ནས་ཤུ་འགྲོ་གོ །
མཚན་མོ་གཅིག་གི་རྨི་ལམ༎
རྨི་ལམ་འོད་གསལ་སྦྱོང་བས་སྐབས་ཞིག་ལ། ལྷ་མོ་ཤིན་ཏུ་མཛེས་ཞིང་ཡིད་དུ་འོང་བ་མཁུར་ཚོས་འཇམ་ཞིང་བཅོ་ལྔའི་དུང་ཟླ་ལྟར་དཀར་ལ་མཚེར་བ། རི་དྭགས་མིག་ཅན་བུང་བ་པདྨའི་ཚལ་དུ་གཡོ་བ་བཞིན་ཕྲ་ཤིག་ཤིག་ང་ལ་ཟུར་མིག་གིས་ལྟ་བ། ལུས་ལ་གུས་དཀར་པོ་ཕྱི་གསལ་ནང་གསལ་དང་ལྡན་པ་ཞིག་གསོལ་ནས། གར་མཁའི་གྱི་རྣམ་འགྱུར་དང་བཅས་མདུན་དུ་བཅར་མ་ཐག ཞལ་ནས་ཨུཏྤལ་ལ་ཡི་དྲི་འཐུལ་ཞིང་། ལུས་ལ་བཟང་དྲུག་སྨན་གྱི་དྲི་ཀུན་ལ་ཁྱབས། དེ་ནས་ངའི་ལག་པ་ནས་བཟུང་སྟེ་གཡང་ས་མཐོ་པོ་ཞིག་གི་ངོ་ལ་བཞག་སྟེ་འགྲོ ང་གཡང་ས་དེ་མཐོང་མ་ཐག་ཤིན་ཏུ་སྐྲག་ནས། རྩ་བའི་བླ་མ་ཁྱེན་ཞེས་གསོལ་བ་འདེབས་པས། དེ་མ་ཐག་མོ་བར་སྣང་ནས་འཕུལ་ཡོང་ཏེ། ངའི་མདུན་གྱི་རྡོ་ངོ་ལ་རྐང་པ་བཞག་ནས་ལག་པ་གཉིས་ཀྱིས་ངའི་ལག་པ་གཉིས་ནས་བཟུང་སྟེ་ཡར་ལན་ནས། འདི་ནི་རྨི་ལམ་ཡིན་པའི་སྐྲག་མི་དགོས། ད་ཁྱོད་གཡང་ས་འདི་ནས་མཆོང་དང་། འོག་ལ་ཆུ་ཡོད་པའི་དེའི་ནང་ལ་བདེ་སྟོང་དུ་ཕྲིལ་ཕྲིལ་གནས་པར་བྱ། དུས་ནམ་ཡང་ང་ལ་མ་བརྗེད། ངས་ཀྱང་ཁྱེད་ལ་མི་བརྗེད། དོན་དག་རེ་ཡོད་ན་ང་ལ་གསུངས་དང་ངའི་རོག་བྱེད་ཁྱོག ཅེས་བསུངས་ནས་མི་སྣང་བ་གྱུར། སྐབས་དེར་ང་རྨི་ལམ་ཡིན་ན་སྐྲག་རྒྱུ་མེད་བསམ་ནས། གཡང་ས་མཐོ་པོ་དེའི་སྟེང་ནས་མཆོང་བྱང་བས། འོག་གི་ཆུ་ནང་དུ་ལྷུང་མ་ཐག་མཛེས་སྡུག་གི་ལྷ་མོ་དེ་དང་འཕྲད། མོ་གད་མོའི་ཅང་ཙམ་ཤོར་ནས། ངའི་ལུས་ལ་བྱས་པའི་དུས་སུ་གྱོན་པ་པག་རྩག་དེ་གྱོན་ཡོད་པས་དེ་མར་ཕུད་ནས། དྲི་ཟའི་བུ་མོ་སྒྲ་དབྱངས་ལྟར་སྙན་མོའི་འགྱུར་ཁུགས་དང་བཅས། ཁྱེད་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། བདག་ཅག་དྭངས་བའི་ཕྱིར་དུ་སྐུ་ཁྲུས་གསོལ། ཞེ་བསུངས་ནས་དྲི་ཞིམ་གྱི་འདག་རྫས་ལུས་ཡོངས་རྫོགས་ཁྲུས་གསོལ་བྱས་ནས། ཁྱེད་ཀྱི་སྐུ་ལ་མཚུངས་པ་མེད་པའི་གོས། གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། ཞེས་བསུངས་ནས་ཕྱིས་མ་ཐག མཚན་དང་དཔེ་བྱད་ལྡན་པས་ལུས། དཀར་ཞིང་འོད་དང་འོད་ཟེར་འཕྲོས་པ་ཞིག་དུ་གྱུར། དེ་ནས་དགའ་བའི་ཉམས་དང་བཅས་ངས་མདུན་དུ་བཅལ་ནས། རེག་བྱ་ཤིན་ཏུ་འཇམ་པའི་ངང་བདེ་སྟོང་ཕྲིལ་ཕྲིལ་ཡི་རིང་དུ་གནས་པས་མཐར། བདག་གི་བསོད་ནམས་ཡངས་སུ་འཕེལ་བའི་ཕྱིར། རིན་ཐང་བརྗོད་དུ་མེད་པའི་གོས་བཟང་འབུལ། ཞེས་བསུངས་ནས་བཟང་དྲུག་གི་དྲི་ཡངས་སུ་ཁྱབ་པའི་ཁ་དོག་ལྔ་ལྡན་གྱིས་གུས་པཉྩ་ལས་གྲུབ་པ་ཞིག་སྐུ་ལ་གསོལ་ནས། ངའི་ཁྱོད་ཞིང་བཞན་དུ་ཁྲིད་བསུང་ནས་དགའ་བའི་འཛུམ་མདངས་དང་བཅས། ངའི་ལག་པ་གཡས་པ་ནས་བཟུང་སྟེ་བར་སྣང་ལ་ཇེ་མཐོ་ཇེ་མཐོ་བྱེས་ནས་རྣམ་ལ་འཕུལ། ཡི་རིང་མ་སོང་བར་མཛེས་ཞིང་བལྟ་ན་སྡུག་པའི་ཞིང་ཁམས་བསམ་གྱི་མི་ཁྱབས་པ། དྭངས་ཞིང་གསལ་བ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ་ཞིག་ལ་སླེབ་མ་ཐག བཅུ་དྲུག་ལང་ཚོས་དང་ལྡན་པའི་གཞོན་ནུ་མ་མཛེས་ཞིང་བལྟ་ན་སྡུག་པ་གཅིག་ལས་གཅིག་ཡིད་འོང་འཕྲོག་པས་རྣམ་འགྱུར་ངོམ་བཞིན། ངའི་མདུན་དུ་བསུ་བ་ལ་ཕེབས་ནས། ཕྱག་ན་སྡུག་དང་། རྒྱལ་མཚན། བ་དན། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། གསེར་གྱི་འཁོར་ལོ་རྩིབས་སྟོང་། དུང་དཀར་གཡས་འཁྱིལ། མེ་ཏོག་སྤོས་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་སྣ་དྲངས་ནས། ཤར་གྱི་ཕྱོགས་ལ་ཤེལ་ལས་གྲུབ་པས་ཕོ་བྲང་དཀར་པོ་དྭངས་ཞིང་འོད་ཆེམ་ཆེམ་འཁྲོས་པ་ཞིག་གིས་ནང་དུ་བསྡན་དྲང་ནས། བཻཌཱུརྱ་ཡའི་གྲུབ་པས་ཁྲི་སྟོང་དུ་བཞག་ནས། སྐྱེ་བུ་ཕོ་ཉམས་དང་ལྡན་པ་མཚན་དཔེ་ཡངས་སུ་རྫོགས་པ་ཞིག་གིས། གསེར་དང་དངུལ། བཻཌཱུ་རྱ། ཆུ་ཤེལ། སྦུག མུ་ཏིག་དམར་པོ། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པས་མཎྜལ་ཞིག་བསྣམས་ནས། ༀ་བདེ་ལེགས་སུ་གྱུར་ཅིག སྐྱབས་ཅིག་དམ་པའི་བླ་མ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ལ་ཆེ་བས་ཡོན་ཏན་ལྡན། ཡུལ་གྱི་ཆེ་བ་ཆུ་དམར་ལེབས་ལ་གནས། རིག་ཀྱི་ཆེ་བ་ཁྲི་ཐོག་རིག་སུ་འཁྲུང་། སྐུ་ཡི་ཆེ་བ་མཚན་དང་དཔེ་བྱད་ལྡན། ཡོན་ཏན་ཆེ་བ་ཤེས་བྱ་ཐམས་ཅད་མཁྱེན། ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་རྟོགས། བསམ་པ་ཆེ་བ་ཚིག་རྗེས་དོན་གྱིས་བསོབ། བསྒོམ་པ་ཆེ་བ་རྫོགས་ཆེན་ལྟ་བ་མཐོ། སྤོབས་པ་ཆེ་བས་ཐམས་ཅད་ཟིལ་གྱིས་གནོན། རྩོད་བློ་ཆེ་བས་རྒོལ་བའི་ཚོགས་ཀུན་འཇོམས། འཛིན་བློ་ཆེ་བས་ཆོས་དང་ཆོས་མིན་འབྱེད། རྒྱུད་དུལ་བག་ཡོད་བྱམས་པས་སེམས་དང་ལྡན། ཁྱེད་ཀྱི་སྐུ་ལ་ཆེ་བའི་ཕུན་སུམ་ཚོགས། བདག་ཅག་བསོད་ནམས་ཡངས་སུ་དགས་པས་ཕྱིར། རིན་ཆེན་མཎྜལ་འདི་ཡིས་སྣ་དྲང་ནས། ཕུན་སུམ་ཚོགས་པས་ཡོད་བྱེད་ཁྱེད་ལ་འབུལ། ཞེས་བསུང་ནས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཎྜལ་བརྩོས། མཛེས་སྡུག་ལྷ་མོ་དག་གིས་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། གསེར་གྱི་འཁོར་ལོ་རྩིབས་སྟོང་། དུང་དཀར་གཡས་འཁྱིལ། མེ་ཏོག་སྤོས་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་ཕུལ།
དེ་ནས་ལྷོ་ཡི་ཕྱོགས་ལ་བཻཌཱུརྱ་གྲུབ་པས་ཕོ་བྲང་སྔོན་པོ་དྭངས་ཞིང་གསལ་བ་ཞིག་ཡོད་པ་དེས་ནང་དུ་བསྡན་དྲང་ནས། ཞིམ་མངར་གྱི་ཤིང་ཏོག་རིགས་འདྲ་མིན་སྣ་ཚོགས་པ་ཕུལ་ནས། མཛེས་སྡུག་གི་གཞོན་ནུ་མ་དག་གིས་སྙན་དབྱངས་འགྱུར་ཁུགས་དང་བཅས་གླུ་གར་ལ་རོལ་ནས། ཐམས་ཅད་རྨ་བྱའི་དབྱར་ལྔ་སྒྲོག་པ་ལྟར་དགའ་སྤྲོ་ཚད་མེད་བཅས་མཐར། ནུབ་ཕྱོག་ལ་པདྨ་རཱ་ག་ལས་གྲུབ་པས་ཕོ་བྲང་དམར་པོ་དྭངས་ཞིང་འོད་དང་འོད་ཟེར་རབ་ཏུ་འཁྲོས་པ་ཞིག་གི་ནང་དུ་བསྡན་དྲང་ནས། པདྨ་རཱ་གའི་ཁྲི་སྟོང་དུ་བཞག་ནས། བདག་ཅག་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར། ཞེས་བསུང་ནས་གུས་པའི་ཚུལ་དུ་ཞབས་སྤྱི་བོ་དུ་ལན་ནས་རང་རང་གི་གདན་གྱི་སྟོང་ལ་བཞུགས། དེ་ནས་ངའི་དྲི་ལན་མེ་ཏོག་ཕྲེང་བ་ཁྲིད་ལུང་གྱི་ཚུལ་དུ་མགོ་ནས་མཇུག་བར་གསུངས་བས་མཐར། ཐམས་ཅད་དགའ་བས་ཚུལ་དུ་རྗེས་སུ་ཡི་རིང་བའི་མེ་ཏོག་དོར་ནས། ངའི་གོས་ལ་རེག་ཙམ་རེ་བྱས་ནས་འགྲོ
དེ་ནས་བྱང་ཕྱོགས་ཨིནྡྲ་ལི་གྲུབ་པས་ཕོ་བྲང་སེར་པོ་གསལ་ལ་དྭངས་ཞིང་འོད་འཚེར་བ་ཞིག་གི་ནས་དུ་ཁྲིད། དེའི་ནང་དུ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་སེར་པོ་གསེར་ལས་གྲུབ་པས་འོད་ཟེར་རབ་ཏུ་འཚེར་བ། མིག་གིས་ལྟ་མི་བཟོད་པ་ཟུག་ནས་འོང་། སྐུ་ཆེ་ལ་རང་བཞིན་མ་གྲུབ་པ་ཕྱི་གསལ་ནང་གསལ་དང་ལྡན་པ་ཞིག་སྣང་མ་ཐག ང་ཡིད་དད་པའི་ཐར་མོ་སྦྱར་ནས། ཕྱགས་གསུམ་འཚལ་སྟེ། དར་དཀར་གྱི་སྣ་དྲངས་ནས། ཁྱེད་ཀྱི་དངོས་གྲུབ་བདག་ལ་གནོང་བར་ཞུ་ཞུས་པས། དེ་མ་ཐག་གུ་རུའི་ཞལ་ནས། ལེགས་སོ་བསུངས་ནས། རིན་པོ་ཆེ་དུ་མ་ལས་གྲུབ་པའི་བུམ་པ་ཞིག་སྣམ་ནས། ཨ༔ གདོན་ནས་དག་པའི་འོད་གསལ་ཆོས་དབྱངས་ངང་། གནས་ལུག་མི་འགྱུར་རིག་པའི་དབང་ཐོབ་ཤོག ཞེས་བསུངས་ནས་རིག་པའི་རྩལ་དབང་སྐུར་བའི་སྐབས་སུ། རིན་ཆེན་བུམ་པ་ལས་འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་འཕྲོས་ནས་རང་ལ་ཐུམ་མ་ཐག ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ། དེ་ནས་གུ་རུའི་ཞལ་ནས། ༈ང་ཡི་སྙིང་གིས་བུ་ཆུང་ཚུལ་གསོན་དང་།། སྨན་བྱེད་དབང་དང་གྲོལ་བྱེད་གདམས་ངག་དགོས།། ད་ནི་དབུས་ཕྱོགས་རིན་ཆེན་ཕོ་བྲང་ནང་།། དངོས་གྲུབ་ཀུན་ལ་རྩོལ་བས་བདག་ཉིད་བཞུགས།། ཅེས་གསུངས་བས། ངའི་ལེགས་སོ་ཐུགས་རྗེས་གཟིགས་དུ་གསོལ་ཟེར་ནས། མེ་ཏོག་སྤོས་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་ཕུལ་ནས། གོས་ལ་རེག་ཙམ་བྱས་ནས་འགྲོ ངའི་རྗེས་སུ་ལྷའི་བུ་དང་བུ་མོ་དག་གིས་ཀྱང་དེ་ལྟར་བྱས། དེ་ནས་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གཞལ་ཡས་ཁང་མཛེས་ཞིང་ཡིད་དུ་འོང་བ་ཞིག་ཡོད་པ་དེས་ནང་དུ་ཁྲིད། སླེབ་མ་ཐག་གནས་ཕུན་སུམ་ཚོགས་པ་འོད་གསལ་ཆོས་སྐུའི་ཞིང་ན། རིན་པོ་ཆེ་སྣ་བདུན་ལས་གྲུབ་པས་ཁྲི་སྟེང་དུ། སྟོན་པ་ཕུན་སུམ་ཚོགས་པ་སྣང་བ་ལ་རང་གི་དྲིན་ཅན་རྩ་བའི་བླ་མ་བློ་གྲོས་རྒྱལ་མཚོ་ཡིན་པ་དང་། སྟོང་བ་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་པ་ཞིག་གིས། འཁོར་ཕུན་སུམ་ཚོགས་པ་དགེ་འདུན་པ་བརྒྱ་ཁྲག་དུ་མ་དང་ལྷའི་བུ་དང་བུ་མོ་གྲངས་ལས་འདས་པ་ཞིག་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པའི་ངང་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པ་དང་། སྐབས་དེར་ང་ལྷེབས་མ་ཐག་བླ་མ་དགའ་བས་འཛུམ་དང་བཅས་ངའི་བུ་ཚུལ་ཤོག་གསུངས་ནས་སྐུ་མདུན་དུ་བཞག དེའི་དུས་སུ་ངའི་ཞབས་སྤྱི་བོ་དུ་ལན་ནས། བླ་མ་ལན་གཅིག་འཇལ་བས་ཆུ་ཟོས་མི་བྱ་སྙམས་ནས། གུས་པ་དང་བཅས་བླ་མ་ལ་སངས་རྒྱས་ཟེར་བ་དེ་གང་འདྲ་ཞིག་རེད་ཞུས་པས། བླ་མའི་སངས་རྒྱས་ཟེར་བ་དེ། སྣང་སྟོང་ཟུང་འཇུག་ལ་ཟེར་ནི་རེད། སྣང་བ་ལ་ཀུན་རྫོབ། སྟོང་བ་ལ་དོན་དམ། དེ་གཉིས་དབྱེར་མི་ཤིས་པ་སྟོང་སང་ངེ་། ཧྲིག་གེ གསལ་ལེ་ཡོད་པ་དེ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན་ནོ་ཟེར། ངའི་བསམ་པ་ལ་བླ་མའི་གསུངས་པས་ཚིག་དེ་ཤིན་ཏུ་གནད་ཀྱི་ལྟ་བ་ཡིན་པས། རྗེད་མི་ཉིན་བསམ་ནས་ནན་ཏན་དུ་སེམས་ལ་བཟུང་། དེ་ནས་བླ་མའི་མདུན་ལ་པོ་ཏུ་ཞིག་ཡོད་པ་དེ་མར་ལན་ནས། ངའི་མགོ་ལ་བཞག་ནས་གསུངས་སྐད་ཆུང་ངུའི་ངང་། བསམ་པའི་དོན་རྣམས་འགྲུབ་འགྱུར་ཅིག བར་ཆད་མེད་པར་བཀྲ་ཤིས་ཤོག ཅེས་བསུངས། དེ་ནས་ང་བླ་མའི་མདུན་ནས་འགྲོ་མ་ནུས་པ་སྐུ་མདུན་དུ་ཡི་རིང་བསྡད་སྙམ་པས་སྐབས། བླ་མའི་དུས་ནམ་ཡང་ངས་ཁྱོད་མི་རྗེད། ད་ཁྱོད་འགྲོ་བའི་དོན་ལ་མྱུར་དུ་ཕེབས་ན་དགའ་གསུངས། དེ་ནས་ངའི་འགྲོ་བའི་དོན་འགྲུབ་ངས་ཡིན་ན་ལོས་འགྲོ་བསམ་སྟེ། གུས་པའི་ངང་ལེགས་སོ་གསུངས་ནས། མེ་ཏོག་སྤོས་ལ་སོགས་པ་མཆོད་རྫས་དཔག་ཏུ་མེད་པ་ཕུལ་ནས། གོས་ལ་རེག་ཙམ་བྱས་ནས་སྔོན་མཛེས་སྡུག་གི་ལྷ་མོ་དེ་དང་མཉམ་དུ་འཕུལ་ཡོང་བས་ལམ་ཞིག་ནས། ངའི་བསམ་པ་ལ་མཛེས་སྡུག་གི་བུ་མོ་འདི་སུ་ཞིག་ཡིན་ན་བསམ་ནས། མཚངས་དབྱངས་སྲས་མོ་ལྟ་བའི་གཞོན་ནུ་མ༎ ལོང་ཚོས་ཡིད་དབང་ཀུན་གྱི་མགྲན་ཟླ་བྲལ༎ དགའ་བཞི་ཉམས་སུ་མྱངས་བ་རྗེས་སུ་གཟིགས༎ ཁྱེད་ཀྱི་མཚན་ལ་ཀྱི་ཞིག་ཟེར་བ་ཡིན༎ ཞེས་དྲིས་པའི་སྐབས། མོ་ངའི་ངོ་ལ་གཟིགས་ནས་གད་མོ་ཅང་ཙམ་ཤོར་ནས། ༈དགའ་བའི་ཕྱིར་དུ་མཛེས་སྡུག་གཞོན་ནུ་མ།། ༈དབང་དུ་འདུལ་ཕྱིར་སྔགས་སྲུང་རྭ་གཅིག་མ།། ༈བྱིན་གྱིས་རླབས་ཕྱིར་དུས་གསུམ་ཀུན་གྱི་བདག། ༈ཐམས་ཅད་འདུས་ཕྱིར་སངས་རྒྱས་ཉག་གཅིག་ཡིན།། ཅེས་གསུངས། དེ་ནས་ཡི་རིང་མ་སོང་བར། ངའི་ལུས་ཀྱི་བན་པོའི་རྩར་སླེབ་པས། མོའི་དོན་དག་རེ་ཡོད་ན་གསུངས་དང་ངའི་རོག་བྱེད་ཁྱོག་གསུངས་ནས་མི་སྣང་བར་གྱུར། ང་བན་པོའི་ཁ་བྲལ་ནས་ཡི་རིང་བའི་སྐྱོན་གྱིས་ནང་དུ་འཛུལ་མ་ཐུབ་པས། བར་དོ་དུ་སྔོན་བྱས་པའི་དུས་སུ་གྱོན་པ་པག་རྩག་དེ་གྱོན་ནས་རང་ཉིད་གཅིག་པུ་འགྲོ་བའི་ལམ་ཞིག་ནས། སྔོན་རང་ལོ་བཅུ་སྐབས་སུ་རྨི་ལམ་ལས་མེ་ཏོག་ཆེན་ཆུང་གཉིས་རྨིང་ཡོད་པ་དེ་མངོན་སུམ་དུ་མཐོང་མ་ཐག བྱེས་པའི་དུས་སུ་མེ་ཏོག་དེ་ཡིན་པ་ངོ་ཤེས་ནས། ཨ་ད་ང་འཆི་བ་རེད་འདུག བྱས་པའི་དུས་སུ་རྨི་ལམ་ནང་གི་མེ་ཏོག་དེ་ད་ལྟ་ག་ལ་ཡོད་བསམ་ནས། དེ་མ་ཐག་རང་གི་རྩ་བའི་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་གཏབ་ནས། སྟོང་བ་ཉིད་ཀྱི་དོན་ཨ་ཡིན་པས་ངག་ནས། ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཞེས་བརྗོད་པས་སྐབས་ཨ་ཐིང་ག་གྲངས་ལས་འདས་པ་ཞིག་ཅིག་ལས་གཅིག་ལ་ཐུམ་ནས་མཐར། ནམ་མཁའ་དབྱ་དག་པ་ལྟར་སྟོང་སང་ངེ་གྱུར་བའི་སྐབས། ངག་ནས་ཨ་སྐྱོང་རྟོགས་ལྡན་མཁྱེན་ནོ། ཞེས་བརྗོད་པས་རང་གི་མལ་ལྡན་དང་བན་པོ་སོགས་མཐོང་མ་ཐག་བར་ཁྱེད་མེད་པར་ནང་དུ་འཛུལ་བ་དང་གཉིད་སད་པ་དུས་མཉམ་མོ༎
དེ་ནས་བཟུང་རྨི་ལམ་ཟིན་ནས་འོད་གསལ་དུ་གནས་པ་མ་ཟད། སྤྲུལ་བསྒྱུར་ལ་རང་དབང་ཐོབ་ནས་ཤར་ཕྱོགས་མངོན་པར་དགའ་བའམ། ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་སོགས་ལ་འགྲོ་ཞིང་ཆོས་ཞུ་ནུས་པ་དང་། གདོན་གྱི་ཆོ་འཕྲུལ་དང་ཁྱུང་རྟ་མགྲིན་ལ་སོགས་པ་གང་འདོད་དུ་སྤྲུལ་ཞིང་བསྒྱུར་བ་དང་། གཞན་ཡང་མང་པོ་གཅིག་ཏུ་བསྡུས། གཅིག་མང་པོ་ལ་སྤེལ་བ་ལ་སོགས་པ་རྟོགས་པའི་ཡོན་ཏན་ཐམས་ཅད་གང་ནས་གང་དུ་ཡར་ངོས་ཟླ་བཞིན་འཕེལ་བ་ཡིན་ནོ།། ཅེས་པ་ཆུ་དམར་པ་དྷརྨཛུཥྱ༔འམ་བསོད་ནམས་དགའ་བ་དེས། བོད་རབ་བྱུང་ ༡༧ པ་ས་བྱི་ལོ་གྲོ་བཞི་ཟླ་བ་ཚེས་ ༡༠ ཉིན་འཕགས་ཡུལ་མཚོ་པདྨའི་མདུན་ངོས་སུ་ཞོག་པ་ཐུན་མཚམ་ཞིག་ནས་ཐོལ་བྱུང་དུ་གློག་ལེབ་ལ་བྲིས་པའོ༎
སྔོན་གྱི་ལས་དབང་བཙན་པོར་གངས་འདབས་སུ་འཕོངས་ནས༎
ངུར་སྨིག་སྐུ་ལ་གསོལ་བའི་ལས་དབང་ཞིག་འཕྲད་སོང་༎
དགེ་འདུན་འདུས་པ་རྒྱ་མཚོའི་གྲྭ་འཐའ་རུ་གནས་ཀྱང་༎
ཚུལ་ཁྲིམས་རྣམ་དག་ལྡན་པའི་བརྩུན་པ་ཞིག་མ་གྱུར༎
ཤྲཱི་སེང་ཆོས་གྲྭའི་སློབ་ཚོགས་འདུ་རྭ་ཡི་ཁྲོད་དུ༎
འཆད་རྩོད་རྩོམ་པའི་ལས་ལ་བར་མེད་དུ་བརྩོན་ཀྱང་༎
འབྲས་བུ་འཐར་ཐུག་ཐར་བའི་ལམ་བཟང་དེ་མ་རྙེད༎
ཐོབ་དང་གོ་ས་ཞེས་པའི་ལྕགས་སྒྲོགས་ཞིག་བསྡམས་སོང་༎
ཉོན་མོངས་བསྡུད་ཀྱི་དགྲ་བོ་གཞན་དབང་དུ་རྒྱུ་བས།
དོན་མེད་མི་ལ་ཕྲག་དོག་མེ་ལྕེ་ཡི་ཟི་རྭ༎
མི་འདོད་གཏམ་གྱི་རྒྱུད་ནས་ངན་སྨྲ་གྱི་དུག་མཛོད༎
རང་ཉིད་རང་གི་སྲེགས་པའི་སྡུག་བསྔལ་གྱི་ཁུལ་བོ༎
བསམ་ཞིང་བསམ་ན་གང་ལ་སྙིང་པོ་ཡང་མི་འདུག།
མེད་པ་ཤེས་ན་དམ་པའི་ལྷ་ཆོས་ལ་འབད་བཞིན༎
ཚུལ་བཞིན་སྤྱོད་པ་བླ་མའི་ཐུགས་དགོངས་དང་བསྟུན་ནས།
མ་ཐོག་མྱུར་དུ་བྱིན་བླབས་བདག་ལ་རང་མཛོད་དང་༎
ཀྭ་དག་འོད་གསལ་ཆོས་དབྱངས་བདེ་ཆེན་ཀྱི་ཞིང་དུ༎
ཕ་གཅིག་དམ་པ་དྲིན་ཅན་བླ་མ་ཡིའི་གཟིགས་དང་༎
བདག་ལ་བཅོས་མིན་བརྩེ་བའི་འདུན་པ་ཞིག་ཡོད་ན༎
ཐུགས་རྗེས་སྤྱན་གྱིས་དངོས་གྲུབ་ད་ལྟ་རང་རྩོལ་ཅིག།
ཅེས་པ་འདི་རྒྱ་གར་བྱང་ཕྱོགས་མཚོ་པདྨའི་མདུན་ངོས་སུ་ཆུ་དམར་པ་དྷརྨ་ཛུཥྱ༔དེས། རབ་གནས་ས་བྱི་ལོ་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་རང་སྣང་གང་ཤར་ངང་བྲིས་པའོ༎
༄༅། །གནས་མཆོག་བྲག་དཀར་བུམ་པ་སྟོད་པའི་སྒྲ་དབྱངས༎
བསིལ་ལྡན་ཀེེ་ལཱ་ཤ་ཡིའི་གངས་འདབ་ཀྱི་ཁྲོད་དུ༎
རང་སྣང་དྭགས་པ་ཟངས་མདོག་དཔལ་རིའི་ཡི་སྣང་བརྙན༎
མངོན་སུམ་གསལ་བས་ཨེ་མ་རྨད་བྱུང་གི་ནོར་བུ༎
མཚོ་སྐྱེས་བླ་མའི་བྱིན་རླབས་ཁོ་ན་ལས་གྲུབ་བོ༎
དྭངས་གསལ་དྲི་མ་མེད་པས་ཤེལ་དཀར་གྱི་མེ་ལོང་༎
མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་གི་རི་མོ༎
མངོན་སུམ་གསལ་བའི་བློ་འདས་ཡེ་ཤེས་ཀྱི་བདུད་རྩི༎
གནས་མཆོག་འདི་རུ་འཛོམས་པས་ལྟ་སྒོམ་གྱི་སྤྱོད་ཡུལ༎
ཕྱི་ལྟར་བྱང་སེམས་ལམ་བཟང་དགེ་འདུན་གྱི་སྒྲུབ་སྡེ༎
ནང་ལྟར་འདུལ་འཛིན་མཁས་པས་ཚུལ་ཁྲིམས་གྱི་སླབས་པ༎
གསང་བ་ཆོས་ཉིད་རོལ་བས་མཇའ་ལུས་ཀྱི་འོད་གསལ༎
སྐད་གཅིག་ཉིད་ལ་གྲོལ་བས་ཀ་དག་གི་གཞི་མ༎
དང་པོ་རྟོགས་ལྡན་བླ་མས་རིག་ངོ་ཞིག་སྤྲོད་ཅིང་༎
བར་དུ་དབེན་པས་གནས་འདིར་ལྷན་འཛོམས་རེ་བྱས་ནས༎
ཐ་མར་མན་ངག་ལྡན་པས་ཉམས་ལེན་ཞིག་བྱུང་ན༎
གཞོན་ནུ་བུམ་སྐུར་གྲོལ་བ་ཐེ་ཚོམ་རང་མི་འདུག༎
འཇའ་ལུས་ཆོས་སྐུ་ཐོབ་པས་གདམ་ངག་ཞིག་དགོས་ན༎
འོག་གསལ་སྣང་གཞི་ཉེ་ལམ་རང་ཤར་གྱིས་བསྐྱངས་ནས༎
མཚུངས་མེད་དཔལ་ལྡན་བླ་མས་ཐུགས་དགོང་གི་མདུད་པ༎
གནས་མཆོག་འདི་རུ་དཀྲོལ་བས་མཐར་ཐུག་གི་རེ་སྨོན༎
ཅེས་པ་གནས་མཆོག་བྲག་དཀར་བུམ་པ་སྟོད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཉིད་ཁུ་བོ་རྩི་མེ་མཆོག་གི་ཐུགས་དགོངས་ལྟར་གནས་ཆེན་རྡོ་རྗེ་གདན་དུ་རབ་བྱུང་ ༡༧ ཤིང་བྱ་ལོ་ཟླ་༡༢ ཚེས་ ༧ ཉིན་ཆུ་དམར་པ་དྷརྨ་ཛུཥྱ༔དེས༎
གཏམ་དྲི་བ་འཚལ་གྱི་མེ་ཏོག
མཛེས་ལྡན་མ་ཁྱོད་དགའ་བ་ཡི་བུ་ག།
འབྲས་བུ་དྲན་ཀར་ལག་སྡམ་ཞིག་མཛད་པས༎
དྭངས་མའི་མེ་ཏོག་ལྷན་གཅིག་དུ་རོལ་ནས༎
གྲོགས་བྱེད་དགའ་བའི་རྩེ་འབྱོར་ལ་རོལ་སམ༎
དུང་ཟླ་དཀར་པོ་ཕྱི་རོལ་ལ་མངོན་དུས༎
ཀུན་མིག་ཏཱ་ཡི་ཡིད་དབང་རེ་འཕྲོས་སོང་།།
ང་ཉིད་རྩེ་སེམས་འདུན་མ་ཞིག་འཕྲད་ན༎
མི་འགྱུར་རྡོ་རྗེ་འདུད་པ་དེ་ཐེབས་སམ༎
ལོ་བརྒྱ་སོང་ཡང་འགལ་མེད་ཀྱི་གྲོགས་མོ༎
འབྲས་འབྲས་ཆེ་བའི་སེམས་ཁུང་ཉི་མ༎
མཛའ་རྩེ་ལྡན་པའི་བུ་ང་ཡིའི་ཕྱག་དུ༎
མི་རྗེད་སེམས་ཀྱི་དྲན་ཏན་ཞིག་ཕུལ་སམ༎
ཕྱི་ཡི་བསང་བ་ཀུན་ལ་སྦས་པའི་ཚུལ༎
ནང་གི་བསང་བ་ཐིག་ལེ་ཉག་ཅིག་ཡིན༎
བསང་བའི་བསང་བ་བདེ་སྟོང་ཟུང་དུ་འཇུག།
ཐམས་ཅད་བསང་བའི་དབང་དུ་འདུས་ལེགས་སམ།།
དང་པོ་དགའ་བའི་རྩེ་འབྱོར་ལ་རོལ་ཡང་༎
བར་དུ་འབྱུང་བཞིའི་ཐ་དད་རེ་བྱས་ནས༎
མཐའ་མ་དབང་མེད་གཞན་དབང་དུ་སོང་ན༎
སྐྱོ་བའི་མིག་ཆུ་སུ་ཞིག་ལ་ཕུལ་སམ༎
སྐྱེ་མ་ལས་ཀྱི་མནར་བའི་ཆགས་སེམས་འདི༎
ཡིད་ཙམ་ཞིག་གིས་མི་རྟགས་ཕྱོགས་སུ་འགྲོ།
རྩེ་བའི་འདུན་མ་རྦ་རླབས་ཁྲོད་དུ་ནི༎
གར་སོང་ཆ་མེད་གྱུར་ན་སུ་ཡིས་སྐྱོབས༎
ཅེས་པ་གཏམ་དྲི་བ་འཚལ་གྱི་མེ་ཏོག་ཞེས་བྱ་བ་འདི་ཉིན་འཕགས་ཡུལ་ཨོ་རྒྱན་སྨིན་འགྲོ་གླིང་ནས། རིན་ཆེན་གཏེར་མཛོད་ཆེན་མོ་བསུངས་བཞིན་པའི་སྐབས་སུ་ཆུ་དམར་པ་དྷརྨ་ཛུཥྱ༔དེས་རབ་གནས་ས་བྱི་ལོ་སྨིན་ཟླའི་ཚེས་དགུ་ཉིན་ཐོལ་བྱུང་དུ་བྲིས་པའོ༎
རིག་འབྱུང་གི་བྱིའུ་བདའི་གནས་ཚུལ་འདིས་ང་རང་གི་ལོ་ཆུང་སྐབས་དུས་དྲན་གི་བཅུག་སོང་། བྱིའུ་མང་པོ་བདའ་མྱོང་། བཟུང་མྱོང་། བྱིའུ་མདའ་གིས་བརྒྱབ་མྱོང་། ཡིན་ནའང་བྱིའུ་ཤི་བ་གཅིག་ཡང་བྱུང་མ་སོང་།
ཁྱོད་ལས་ཅན་རེད། མཚམས་རེར་ང་ཚོས་བྱིའུ་ཚང་བསྔོགས་ཏེ་བྱིའུ་ཕྲུག་དམར་རྗེན་དེ་འདྲ་རག
གྲོང་མི་རྒན་པ་དེ་འདྲས་ཁ་བརྡ་གནང་སྟེ་ཕྱིར་འཇོག་ཏུ་བཅུག ཡིན་ན་ཡང་། ང་ཚོས་ལག་པ་འཆང་ཚར་བའི་རྗེས་སུ། བྱིའུ་ཕྲུག་རྣམས་ཕྱིར་བྱིའུ་ཚང་ལ་བཞག་ན་ཡང་། བྱིའུ་ཨ་མས་བདག་པོ་རྒྱག་གི་མི་འདུག ཉིན་ཤས་རྗེས་ནས་སོང་སྟེ་བལྟས་ན། བྱིའུ་ཕྲུག་ཚང་མ་ཤི་ནས་ཡོད་རེད།
འདི་བྱིའུ་ཚང་བསྔོགས་པའི་སྐོར་རེད། ཡང་ང་བྱིས་བའི་སྐབས་སུ། ནམ་མཁའ་བྱིའུ་བདས་”དབུ་འཁྲིད་”དེ། ང་ཚོས་ཁྱིའུ་ཕྲུག་མང་པོར་བདག་པོ་བརྒྱབ་པའི་ལོ་རྒྱུས་སྙིང་རྗེ་བོ་དེ་འདྲ་ཡོད།
ད་དུང་། ནམ་མཁའ་བྱིའུ་བདའ་དང་ང་ཚོ་ཁ་ཤས་ཤིག་ཁ་འཆམ་སྟེ། ཁྱིམ་ནས་མ་བསྡད་པར་གྲོང་པའི་མདུན་གྱི་ནགས་གསེབ་དེར་་ཤིང་ཁངཆུང་ཆུང་ཞིག་རྒྱག་གི་ཡིན་ལབ་ནས།
ཁྱིམ་གྱི་སྒོ་རའི་ནང་གི་(ཁྱ་མ་)དེ་ཚོ་བརྐུས་བའི་ལོ་རྒྱུས་ཀྱང་ཡོད། ད་མང་ད་མང་། ཆུ་ཚོད་བྱུང་ན། ད་དུང་། སྒྲུང་ཐུང་འགའ་འདི་རུ་འབྲི་གི་ཡིན།
གོང་དུ། “ཁྱ་མ་”ཟེར་བ་འདི་ཁ་སྐད་ཡིན། ཡིག་སྐད་ངས་མ་ཤེས་ཐ། ནམ་མཁའ་བྱིའུ་བདའ་ལ་”དབུ་འཁྲིད་”ཟེར་དོན་ཡང་། ང་ཆུང་ངུའི་དུས་སུ། ཁོང་ངའི་དབུ་འཁྲིད་ཡིན།
གྲོང་པའི་བྱིས་བ་ཚང་མའི་དབུ་འཁྲིད་ཡིན།
ཨ་རོག་་་་་་བྱིའུ་དེ་ག་འདྲ་ཞིག་རེད་དམ་་་་་ཁངས་བྱིའུ་ཟེར་བ་དེ་ཨེ་རེད་ལགས། བྱིའུ་རིགས་ཁ་ཤས་འབྲོག་སར་མ་གཏོགས་ངའི་ཕ་ཡུལ་རོང་ས་ན་མེད་རབས་གོ་མྱོང་ཡོད། བྱིའུ་དེའི་པར་རེ་ཡོད་ན་འདིར་འཇོག་རོགས་ཐུགས་རྗེ་ཆེ།
རྩམ་དགའ་ལགས། ངས་བྱིའུ་དེ་ཚོའི་མིང་དངོས་ལ་ཅི་ཟེར་གྱི་ཡོད་མེད་མི་ཤེས། ཕ་ཡུལ་དུ། ངེད་ཚོའི་གྲོང་པའི་མི་རྣམས་ཀྱིས། བྱིའུ་དེ་ཚོའི་རིགས་ལ་ཡུལ་བྱིའུ་སྐྱ་ལོག་ཟེར་གི་རེད། སྐྱ་ལོག་ཟེར་དོན་ནི་བྱིའུ་དེའི་རིགས་ཀྱི་སྤུ་མདོག་སྐྱ་སྐྱ་རེད། དབྱར་དགུན་གཉིས་ཀར་ཡོད་རེད། བྱིའུ་དེ་ལ་འབྲོག་ས་དང་རོང་སའི་ཁྱད་པར་མི་འདུག གཉིས་ཀ་ན་འདུག
བྱིའུ་དེའི་རིགས་ཀྱིས། བྱིའུ་ཚང་དེ་ཡང་ཚེར་གསེང་དང་གད་པའི་ངོས། ཁང་པའི་སྒོའི་ཡར་བཞག་དེ་བ་ལ་འཇོག་གི་རེད། བྱིའུ་ཚང་དེ་བྱིས་བ་ཕྲ་ཚགས་ཚོས་བསྔོགས་ཐུབ་ས་ན་ཡོད་རེད།
ཁྱེད་བདེན་པར་འདུག། ད་དུང་། དེ་ལ་ཁང་བྱིའུ་སྐྱ་ལོག་ཀྱང་ཟེར་གི་ཡོད་སྙམ། གསལ་བོ་ཞིག་དྲན་གྱི་མི་འདུག ཆུང་དུས་། བྱིའུ་བདའ་རྒྱུ་མ་གཏོགས་བྱིའུ་མིང་དང་བྱིའུ་རིགས་སོགས་ལ་བསམ་བློ་བཏང་མྱོང་མེད།
ཁང་བྱིའུ་བརྡ་སྟངས་ད་དེ་འདྲ་མ་རེད། ཁང་བྱིའུའི་ཚང་ནི་ར་ཁང་། ལུག་ཁང་། སོགས་ཀྱི་ཞག་བར་དང་། ཞབས་འདབ་སོགས་སུ་འཇོག་གི་རེད། ཁང་བྱིའུ་བརྡ་ན་ང་ཡང་ངར་མ་ཟིག་ཡིན། ཡིན་ན་ཡང་ང་ངར་མ་ཡིན་པ་དེ་བྱིས་པ་ཚོས་མ་གཏོགས་ཤེས་ཀྱི་མ་རེད། རྒྱུ་མཚན་ནི་ངའི་ཨ་མས་ཤེས་སོང་ན་རྡུང་ནས་གསོད་ལ་ཁད་བྱེད་ཀྱི་རེད།
ཁང་བྱིའུ་ཚང་དེ་ཕྱི་ལོག་སུ་རྩྭ་ཡིས་གཏུམ་ཡོད་ལ། ནང་དུ་བལ་གྱིས་གཏུམ་ཡོད་པས་ནང་ཤིན་ཏུ་དྲོད་འཇམ་ལྡན། ཚང་འཇོག་སར་བྱིས་པ་ཚོས་ལག་པ་མི་སྙོབས། ང་ལ་ཐབས་ཤེས་གཅིག་ཡོད་པ་ནི་རྒྱུགས་པ་མགོ་ཟ་ལ་ཟེ་ལེ་ཅིག་ཁྱེར་ཡོང་ནས་ཚང་ལ་གཏད་དེ་གཡས་སྐོར་ཚར་གསུམ་བཞི་ཅིག་བརྒྱབ་ནས་འཐེན་ན་བྱིའུ་ཚང་རྒྱུགས་པའི་མགོ་ལ་དཀྲུས་ནས་མར་འཐོན་ཡོང་གི་རེད། ཉིན་གཅིག་བྱིས་པ་གཉིས་དང་མཉམ་དུ་པདྨ་དབང་གྲགས་ཚང་གི་ར་ཁང་ནང་དུ་བྱིའུ་ཚང་སྔོག་གི་སོང་། ང་རང་ཉམས་མྱོང་ཡོད་མཁན་པོ་ཡིན་པས་རྒྱུགས་པ་ཞག་བར་ལ་བཏང་ནས་རྣམ་རིག་ཡོངས་རྫོགས་གཅིག་ཏུ་སྒྲིམ་ནས་གཡས་སྐོར་དང་གཡོན་སྐོར་བྱེད་སྐབས་རྒྱབ་ལོག་ནས་ཅིག་གིས་འགྲམ་རྩ་ལ་གཟི་ཡོམ་ཡོམ་ཅིག་རྒྱབ་པས་ང་ས་ལ་འགྱེལ། ཅུང་ཟད་ནས་ཡར་ལངས་དེ་འཁྱ་ར་འཁྱོར་རེ་ཕྱི་ལ་བྲོས། ངས་ཕྱི་ལོག་ལ་སོང་ནས་ཁྱོད་ཚོ་ལ་སུས་བརྒྱབ་ནས་བཤད། ར་ཁང་ནས་ནས་གསལ་བྱེད་བྱེད་ཁོམ་མི་འདུག ཕྱི་ལོག་ལ་བྲོས་ནས་རོགས་པ་ཚོར་བལྟས་པ་ན། རོགས་པ་ཚོ་སྔ་ས་ནས་ཐག་རིང་དུ་བྲོས་ཚར་འདུག ད་དེ་ལོས་ཡིན། ང་ཚོ་སྡེ་བ་ནང་ན་བྱིས་པ་ཡོངས་རྫོགས་གི་བྱ་བྱེད་ལ་གཅེར་རྡུག་བྱེད་ཆོག་མཁན་ནི་སྔགས་པ་ཁོང་རེད། སྔགས་རྒན་དབང་གྲགས་རེད། སྔགས་རྒན་དབང་གྲགས་ཀྱིས་གཅེར་ན་མི་ཚང་སུའི་བྱིས་པ་ཡིན་ན་ཡང་བྱིས་པའི་སྐྱོན་ཡིན་ནས་ཕ་མས་ཀྱང་གཅེར་གྱི་རེད།
ཐེངས་གཅིག་ལ་སྔགས་རྒན་དབང་གྲགས་གི་ང་ལ་སྦྲུལ་གཉིས་གསོད་དགོས་པའི་བཀའ་བབས་བྱུང་། དེ་ནི་སྟོན་ཀ་ཅིག་རེད། ཞིང་ཁའི་བྱིའི་ཚང་ཅིག་གི་ནང་ན་སྦྲུལ་གཉིས་ཉལ་ནས་འདུག བྱིའི་ཚང་དེ་ཁང་བྱིའི་མ་རེད། དེ་བྱིའི་ཅོ་ཀའི་ཚང་རེད། ང་ཚོ་ཕ་ཡུལ་ནས་རྒན་གཞོན་ཚང་མ་བྱིའུ་ཅོ་ཀ་ལ་ཤིན་ཏུ་དགའ། དེའི་སྐད་སྙན་ལ་ནམ་མཁའ་ནས་གཤོག་འགྱུར་བྱེད་བཞིན་སྐད་སྙམ་སྒྲོགས། འོ་ཡང་སྦྲུལ་བསད་པའི་དོན་དག་བཞག་ནས་བྱིའུ་ཅོ་ཀའི་སྐོར་ལ་འཕྲོས་འགྲོ་གི་འདུག ད་བྱིའུ་ཅོ་ཀའི་སྐོར་གཡུག་ཞོག སྦྲུལ་དེ་གཉིས་ཀྱི་སྐོར་བཤད། སྦྲུལ་དེ་གཉིས་ཀྱིས་བྱིས་ཅི་ཀའི་ཕྲུ་གུ་ཚང་མ་ཟོས་རྗེས་བྱིའུ་ཚང་ནང་ན་སྐྱིད་ཉལ་རྒྱབ་འདུག སྦྲུལ་གཉིས་ཁོག་ན་བྱིའུ་ཕྲུག་ག་ཚོད་ཡོད་པ་ཕྱི་ནས་ཤེས་ཀྱི་རེད། སྦྲུལ་གྱི་གྲོད་ཁོག་ན་བྱིའུ་ཡོད་སར་འབུར་ནས་ཡོད་པ་རེད། ངས་སྦྲུལ་གྱི་སྔ་མར་འཇུས་ནས་མགོ་ལ་ཐེངས་ཁ་ཤས་སྐོར། སྔགས་རྒན་དབང་གྲགས་བྲོས་ནས་རྒྱང་བཀྱེད། ངས་སྦྲུལ་དེ་ས་ལ་བརྡབ། སྦྲུལ་གཞན་དེ་བྲོས། ངས་རྡོ་རྒན་ཅིག་འཁྱོགས་ལ་མ་འཁྱོགས་ཀྱིས་སོང་ནས་སྦྲུལ་དེའི་མགོ་ལ་གཟས་ན་བརྡབ། སྦྲུལ་དེ་དེ་ལྟར་བསད། རྗེས་ནས་ངའི་ཨ་མས་བཤད་ན་སྦྲུལ་ཡང་གསོད་ཉན་ནི་མ་རེད་ཟེར། འོན་ཀྱང་ངས་ཨ་མ་ལ་ཨ་མྱེས་དབང་གྲགས་གིས་སོད་ཟེར་གི་ཅེས་བཤད་པ་ན། མོ་རང་ལ་ཡང་དན་དན་ཅིག་བཤད་ཡ་མི་འདུག རྒྱུ་མཚན་མོ་རང་གིས་ཨ་མྱེས་དབང་གྲགས་གིས་ཤེས་པ་ནང་བཞིན་ཤེས་ནི་མ་རེད། འ་རོགས་ཚོ་ང་ལ་བྱིའུ་བདའ་ཅེས་མིང་མ་འདོག་འ། ང་ཚོ་སྡེ་བ་ན་ང་བྱིས་པ་ཡ་རབས་ཅིག་གི་མིང་ཡོད།
བྱིའུ་ཅོ་ཀའི་བུ་ལིག་རྒྱབ་དང་ན།། མ་བུ་མོས་གཅིན་པ་ཤོར་འགྱོ་གི། ཟེར་ནི་རེད། བྱིའུ་ཅོ་ཀའི་སྐད་སྙན་ནོ་དཔེ་མེད། འོན་ཀྱང་ཁང་བྱིའུ་ལ་དེ་འདྲའི་སྐད་ཡོད་ནི་མ་རེད་ལ་འཕུར་རྩལ་ཡང་དེ་འདྲ་ཡོད་ནི་མ་རེད།
གཞོན་ནུ་ཁྱོད། བྱིའུ་བདའ་ཡིན་པའི་མ་ཚད་། བྱིས་བ་ཕྲ་ཚགས་མ་རབས་ཤིག་རེད་འདུག་ག གལ་སྲིད། བྱིའུ་རིགས་ལ་ཡང་གྲོས་ཚོགས་དང་འཛིན་སྐྱོང་། ཁྲིམས་ཁང་བཅས་ཡོད་ན། ཁྱོད་འདི་སྔ་མོ་ནས་ཁྲིམས་ལ་བསྐྱལ་ཚར་ཡོད་ཀྱི་རེད། ཧ་ཧ།
ང་ཚོས་བྱིའུ་ཡི་བསྐོར་ནས་ཁ་བརྡ་རེ་ཡེད་ན་ཡེད། ངས་འཇོལ་མོ་ཟེར་བའི་སྐད་འགྱུར་སྙན་པའི་བྱིའུ་དེའི་བསྐོར་ནས་བཤད་ཀོ ང་ཚོའི་སྡེ་བའི་ནང་གི་བྱིས་པ་ཚོས་ལོ་གསར་ཚེས་པ་གསུམ་དང་བཞིའི་ཉིན་མོར་འཇོལ་མོ་འཛིན་དུ་འགྲོ་གི་རེད། འཇོལ་མོ་གཅིག་བཟུང་ནས་མི་ཚང་རེ་རེའི་སྒོ་ཁར་འཁྱེར་ཏེ། གོར་རེ་དང་ཤ་་་ཞིམ་པོ་་་སྒོར་རྡོག་ཆ་རེ་་་་སློང་བྱེད་ཡེད་ཀིན་རེད། མི་ཚང་ཕལ་ཆེར་བས་ལོ་གསར་ཡག་པོ་བྱིན་གྱིན་ཡོད། མི་ཚང་ཁ་ཤས་ནས་ལོ་གསར་བྱིན་ལ་མི་བྱིན་བྱེད་ཀིན་རེད། དེ་དུས་བྱིས་པ་ཚོས་སྒོར་ཁ་ནས་སྐད་ཆེན་པོས་་་་ལོ་གསར་འཁུར་ར་ཤོག་་་་་་ལོ་གསར་མ་བྱིན་ན་འཇོལ་མོ་འདི་གསོད་ཀི་ཡིན་ལབ་ཀིན་རེད། འཇོལ་མོ་དེའི་སྐེད་བཅད་འདོད་འདོད་རེ་བཤད་ན་ལོ་གསར་འཁྱེར་ཡོང་གིན་འདུག མཐའ་མ་དེར་འཇོལ་མོ་དེའི་སྐེད་ལ་རས་དམར་བོ་ཆུང་ཆུང་ཞིག་བཏེགས་ནས་ལྕང་གསེབ་ལ་གཏོང་གིན་རེད། དེ་ནས་བྱིས་པ་ཚོ་ཉིན་མ་བཞི་ལྔ་རེར་ཤིང་ལོངས་ལ་སོང་ནས་སློང་བའི་ལོ་གསར་རྣམས་ཟོས་ནས་འདུག་གི་རེད་ཀོ །
ཨ་རོ། རྩམ་དགའ། བྱིའི་འཇོལ་མོ་ལག་ལ་ཡོང་དཀའ་མོ་ཞིག་ཡིན་ཡ། དེ་འཛིན་རྒྱུ་ཡང་དཀའ་མོ་ཡིན། ཡིན་ན་ཡང་། ཁྱེད་ཚོའི་སྡེ་བའི་བྱིས་བ་ཚོས་ལོ་གསར་སློང་སྟངས་དེ་སྐྱིད་གི། ཤིང་ལོངས་ཟེར་བ་དེ་ག་རེ་རེད། ངས་མ་གོ་ཐ་ཡ།
ཤིང་ལོངས་ཟེར་ན་ངའི་ཕ་ཡུལ་གྱི་སྐད་རེད། གླིང་གའམ་་་སྤྲོ་སྐྱིད་བཏང་བར་གོ་གི་རེད།
ཤིང་ལོངས་ཀི་་་དག་ཆ་ནོར་ཡོད་ན་ཐང་གོ
རིག་འབྱུང་དོན་བཀྲ་ལགས་། བྲིས་པ་མང་གི དོན་ཆེན་དག་གལ་ཆེན་དུ་འཛིན་རྒྱུ་གནད་ཀྱི་དམ་པར་བགྱིས
ད་བྱིའུ་སྒྲུང་དེ་ཚོ་བཤད་ཀྱི་མིན། སང་ཉིན་གསུམ་བཅུའི་དུས་དྲན་རེད། དེའི་སྐོར་ལ་བསམ་བློ་གཏོང་གི་ཡིན།
སྒྲུང་ཡག་པོ་འདུག རིག་འབྱུང་ལགས། ཁྱེད་ཀྱིས་ཁྱ་མ་ཟེར་བ་དེ་ཆ་མ་ཡིན་པར་འདོད།
ཆ་མ་བཏུ་རུ་འགྲོ་ལྟ་བུ།
ད་ནི་གསུམ་བཅུའི་དུས་དྲན་སོང་ཚར་སོང་། བྱིའུ་ཡི་སྒྲུང་སྙན་མོ་རེ་ཕྲིས་་་་་གྲོགས་པོ་ཚོ།
ཆུང་དུས་ཀྱི་འགྲོ་སྟངས་འདུག་སྟངས་དེ་ཚོགས་སེམས་ལ་དྲན་ཡོང་དུས་སེམས་གཏིང་ནས་དགོད་སྤྲོ་ནི་ཟི་རེད་ཡ།
ཡ་ཡ། རིགས་འབྱུང་གིས་ང་བྱེའུ་ཁྲིམས་ཁང་ལ་ཁྲིམས་ཞིབ་བྱེད་ཀྱི་ཟེར། འོ་ན་ངས་ཀྱང་བྱིས་པའི་བལྟ་རྟོགས་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་དགོས། རྒྱུ་མཚན་དེ་དུས། ནང་ལ་ཡོང་ན་ཨ་མ་དང་། ཕྱི་ལ་སོང་ན་སྔགས་རྒན་པད་མ་དབང་དྲག་གིས་བྱེའུ་དོན་དུ་རྡུང་བ་ལ་ཚད་མེད། ཡིན་ན་ཡང་ཨ་ཕ་གཅིག་བུས་རྒྱབ་སྐྱོར་བྱེད་ཀྱི་རེད། ཨ་ཕས་ཟེར་ན། བྱིས་པ་ཆུང་དུས་དྲ་ཚགས་ཡིན་ན་ཆེན་པོ་ཆགས་དུས་ཧྲ་ཟེར་གི ཨ་ཕས་བཤད་པ་ལ་ཡང་དན་དན་ཅིག་མི་འདུག ཐེངས་གཅིག་དབྱར་ཀ་ཆུ་ལེན་གི་འགྲོ་སའི་ལམ་ཁར་གྱེར་མ་རིང་པོ་སྐྱེས་ནས་ལམ་ཁ་ཕན་ཚུན་ལ་འཐེན་བསྡད་ཡོད་ས་ནས་གྱེར་མ་ཕན་ཚུན་མདུད་པ་རྒྱབ་པས། ཨ་ཡེ་ལོ་ལོ་ཟིག་གིས་ཆུ་འཁུར་ནས་ཡོང་དུས་གྱེར་རྐང་པ་མདུད་ལ་་འཁོན་ནས་ས་ལ་བརྡབ་པས་ཤིང་ལས་བཟོས་པའིང་ཟོ་བ་ཡང་ཆགས་སོང་། དེ་ཨ་ཡེ་ཚོ་ཨ་རུབ་་རྒྱབ་ནས་བྱིས་པ་ཚོ་བཟུང་ནས་རེ་རེ་བཞིན་རྡུང་བས། བྱིས་པ་གཅིག་གི་ཁ་ནས་མདུད་པ་རྒྱག་མཁན་ང་རེད་ཅེས་བཤད་པས། ང་ས་བྲོས་གནམ་བྲོས་ཀྱིས་ཐར་ཙམ་བྱུང་། འོན་ཀྱང་ཨ་ཡེ་དེས་ངའི་ཨ་ཕ་ལ་གཏུགས་པས། འོ་ད་ཡིན་ན་ཨ་ཕས་གཅིག་རྡུང་ནོ་ད། ཨ་མས་བརྒྱ་ཐམ་པ་རྡུང་བ་ལས་ཀྱང་ཐུ། གྲོགས་པོ་ཚོ། ཁྱོད་ཚོ་ཨ་ཕ་ལ་སྐྲག་གམ་ཡང་ན་ཨ་མ་ལ་སྐྲག མི་ཚེ་ས་མཐའ་འགྲིམ་པའི་ཁྲོད་ནས་ཨ་ཕས་ཅིག་རྡུང་ན་བསམ་ཡང་ཕ་མས་ཕྱག་འཇུག་ཡང་མི་རེག་ཀི
ཨ་ཁུ་རྒྱགས་པས་་་་དེ་རིང་ད་བྱིས་དུས་ཀྱི་སྒྲུང་སྙན་མོ་ཧང་སང་བ་ཡག་པོ་བྲིས་ཡོད་ཀི གད་མོ་ཤོར་ཞོར་ཀློག་ཞོར་བྱས་ནས་ཚར་གཉིས་བཀླགས་པ་ཡིན། དྲ་ཚགས་ཁྱོད་ཨ་ཁུར་བྱས་དང་ནོ་བཟང་སོང་ནི་རེད་མ་གཏོགས་རྒན་མོ་ཆ་རེའི་རྒད་པོ་ཚོའི་ལག་ལ་ཤོར་ཡོད་ཁོ་ཐག་རེད། དེ་དུས་་་ཁྱོད་བྲོས་ནས་ཐལ་སོང་ནོ་ལས་ཡག་སོང་ནི་རེད་ཡ་་་་་དེ་མིན་ཨ་ཡས་ཆ་བོས་སྔར་ཟིག་ནས་ཁྱོའི་མཇེ་སྐམ་དེ་བཅད་ཚར་མེད་ན་ཡུམ་གོ །
རྩམ་དྲི་བར་དོ་ཁམས་ན་ཐི་ལི་ལི།།
རྩམ་དུད་བར་སྣང་ཁམས་ན་འཁྱིལ་ལི་ལི།།
རྩམ་པའི་སྨན་བསངས་གཙང་མའི་མཆོད་པ་འདིས།།
རྩམ་ཟན་བོད་སྐྱོང་གཉེན་པོར་མཆོད་པ་འབུལ།།
གཞོན་ནུས་གོང་དུ། ཨ་ཕར་སྐྲག་གམ་ཨ་མར་སྐྲག་གམ་ལབ་ནས་དྲི་བ་ཞིག་བཏོན་འདུག འདི་ལ་ལན་ཐུང་ཐུང་ཞིག་ཡོད། ང་ཆུང་ཆུང་ཡིན་དུས་ཨ་ཕ་ཨ་མ་གཉིས་ཀར་སྐྲག ཆུང་བྱིས་བའི་དུས་ཀྱི་སྐྲག་སྣང་དེ་ནི། ད་ལྟ་བསམ་ན། ཕ་མར་གུས་ཞབས་རེད་།
དེའི་སྐོར་ནས་མང་པོ་མི་བཤད། འདིར་སྒྲུང་ཐུང་ཐུང་ཞིག་བཤད་ཀྱི་ཡིན།
དེ་ནི། ང་སློབ་ཆུང་ལོ་རིམ་དྲུག་པ་ཡིན་པའི་སྐབས་སུ་རེད། དུས་ཚོད་སྟོན་ཁ་རེད། གྲོང་གསེང་བ་རྣམས་ཀྱིས་བཙས་མ་བརྔ་བཞིན་པའི་སྐབས་རེད།
དེ་དུས། གཟའ་སྤེན་པ་དང་གཟའ་ཉི་མ་ཟེར་བ་ཞིག་མེད་ན་ཆོག་ག་བསམ་གྱི་ཡོད། རྒྱུ་མཚན། གཟའ་སྤེན་པ་དང་ཉི་མ་གཉིས་ཡོད་ན། ང་ཡང་ཞིང་ཁར་རོགས་བྱེད་དུ་འགྲོ་དགོས་ནི་རེད། དེ་ང་གཅིག་པོ་མ་རེད། གྲོང་གསེབ་གྱི་བྱིས་བ་ཕལ་ཆེ་བ་རེད། དེ་ཡང་། གཟའ་ཉི་མའི་ཞོགས་པ་ཞིག་ཡིན། གཉིད་མཐུག་པོ་ཞིག་གི་ྐློང་ན་ཡོད་དུས། ཨ་མས་ཉལ་ཁང་གི་ཕྱི་ནས་སྐད་བཏང་སོང་། “ཡར་ལོངས་ནས་ཞིང་ཁར་རོགས་བྱེད་དུ་ཤོག”་ཟེར། “ཡ་ཡ་”ཟེར་བཞིན་མགོ་ཉལ་ཐུལ་གྱི་འོག་ལ་བཏུམས་ནས་བསྡད་པ་ཡིན། ཅུང་ཙམ་ནས་ཡང་བསྐྱར་སྐད་བཏང་སོང་། “ལངས་ཀྱི་ཡོད་”ཟེར་བཞིན་ད་དུང་ཉལ་བསྡད་པ་ཡིན། དེའི་སྐབས་ཀྱི་གཉིད་དེ་གསེར་སྲང་སྟོང་གིས་མི་ཁུག་པའི་གཉིད་ཞིག་རེད། ཅུང་ཙམ་ནས་། ག་ལེར་མགོ་ཡར་བཀྱགས་ཏེ་སྒེའུ་ཁུང་བརྒྱུད་ཁྱམས་ཤར་བལྟ་དུས་། ཨ་མ་ལགས་ཁྱིམ་དུ་མི་འདུག ཨོ་། ད་ཡིན་ན་འགྲིག་སོང་བསམ་ནས། བསྐྱར་དུ་ཉལ་ཐུལ་མགོ་ལ་བཀབ་སྟེ་གཉིད་ཀྱི་ཞིང་ཁམས་ཡིད་འཕྲོག་པ་དེ་འགྲིམས་རྩིས་བྱས་བ་ཡིན། ཅུང་མ་འགོར་བར་མི་ཞིག་གིས་ངའི་ཉལ་ཁང་སྒོ་ཕྱེས་སོང་། “ཁྱོད་ལོངས་ལབ་ན་། ད་རུང་ལངས་གི་མིན་ནམ། མ་སེམས་ཅན་ཐམས་ཅད་ཀྱི་བྱིས་བ་ཚོ་ལངས་འགྲོ་དུས། ཁྱོ་ལངས་མི་ཐུབ་ནོ་ཅི་རེད།” ཨ་མས་སྡུག་སྐད་ཞིག་རྒྱག་བཞིན་ངའི་ཉལ་ཁང་ནང་ལ་སླེབས་འདུག ཨ་མའི་ལག་ཏུ་གཡུག་པ་རིང་པོ་ཞིག་ཐོགས་འདུག
ཨ་མས་ང་ལ་རྡུང་རྩིས་རེད་འདུག མགྱོགས་པོར་ཡར་ལངས་རྩིས་བྱེད་དུས། ཨ་མས་གཡུག་པ་འབྱར་སོང་། སྐྲག་སྣང་ཞིག་དང་མཉམ་དུ་ཨ་མའི་ལག་གི་གཡུག་པ་དེར་འཐམས་པ་ཡིན། ཤུགས་གང་ཡོད་ཀྱིས་འཐམས་པ་ཡིན། གཡུག་པ་ལ་ལག་ཟུང་དམ་པོར་འཇུས་བ་ཡིན། ཨ་མ་ལགས་ང་ལས་ཤུགས་ཆུང་བ་འདུག ཨ་མས་ང་ལ་རྡུང་ཐུབ་མ་སོང་། དུས་དེ་ནས་བཟུང་། ཨ་མས་ང་ལ་རྡུང་རྒྱུ་དེ་མཚམས་བཞག་པ་རེད། ཨ་མས་མཚམས་ལན་རེར་ཀུ་རེ་དང་སྦྲགས་ནས་དེ་ད་དུངཡང་བཤད་གི་རེད། ད་ངའི་སྒྲུང་དེ་ཚར་སོང་། ཁྱེད་ཚོའི་གཅིག་གིས་ཤོད་།